༄༅། །འཕགས་ཡུལ་མཁས་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས།

༄༅། །འཕགས་ཡུལ་མཁས་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས།

 

ཀ༽

སློབ་དཔོན་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པདྨའི་ངང་ཚུལ་ནི། དུས་རབས་ ༩ སྟོད་ཙམ་དུ་བྱོན་སྙམ། སློབ་དཔོན་དམ་པ་འདིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་དང་། རང་བཞིན་མེད་པ་ཉིད་དུ་གྲུབ་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།

སློབ་དཔོན་ནཱ་ག་རྫུ་ནའམ་ཀླུ་སྒྲུབ་མཆོག་ནི། དུས་རབས་ ༢ དཀྱིལ་དུ་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཁོང་གིས་རྫོགས་རིམ་རིམ་པ་ལྔ་དང་། དབུ་མ་རྩ་བ་ཤེས་རབ། ཆོས་དབྱིངས་བསྟོད་པ་སོགས་བརྩམས་སོ།།

སློབ་དཔོན་ཀླུའི་བློའམ་ཀླུའི་བྱང་ཆུབ་ནི། འཕགས་པ་ལྷ་དང་དུས་རགས་པ་མཉམ་པས་དུས་རབས་ ༢  མཇུག་ཏུ་བྱོན་ངེས། དེ་ཡང་ཤར་ཕྱོགས་བྷང་ག་ལའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས།  མཚན་གྱི་རྣམས་གྲངས་ལ་ནཱ་ག་བྷོ་དྷི་དང་། ནཱ་ག་བུདྡྷི་ཡང་ཞུ། བརྩམས་ཆོས་ནི་རྣམ་གཞག་རིམ་པ་དང་། རིམ་ལྔའི་དོན་གསལ་བྱེད་སོགས་བཞུགས་སོ།།

 

ག༽

སློབ་དཔོན་གང་བ་སྤེལ་བ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པའི་རྒྱལ་པོ་ཙཀྲ་ཡུ་དྷ་དང་དུས་མཚུངས་སུ་བྱོན་པས་དུས་རབས་ ༨ ནང་དུ་སྐུ་འཁྲུངས་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་བརྩམས་སོ།།

སློབ་དཔོན་དགེ་སྲུངས་ནི། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཙཀྲ་ཡུ་དྷ་དང་དུས་མཚུངས་སུ་བྱོན་པ་ཡིན་པས་དུས་རབས་ ༨ ནང་དུ་སྐུ་འཁྲུངས་སྙམ། ཁོང་གིས་ཕྱི་རོལ་གྱི་དོན་གྲུབ་པ་དང་། གཞན་སེལ་བརྟག་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།

སློབ་དཔོན་དགེ་འདུན་བཟང་པོའམ་འདུས་བཟང་ནི། ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་བླ་མ་ཡིན་པས་དུས་རབས་ ༣ མཇུག་དང་ ༤ སྟོད་གང་རུང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་བརྩམས་སོ།།

སློབ་དཔོན་རྒྱལ་བའི་སྲས་གྲགས་པའི་བཤེས་གཉེན་ནི། རྒྱལ་པོ་གོ་པཱ་ལ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། ཁོང་གིས་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་སོགས་མཛད་དོ།།

 

ཆ༽

སློབ་དཔོན་འཆི་མེད་སེང་གེ་ནི། པཎྜི་ཏ་ཆེན་པོར་གྱུར་ཏེ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་མཛད་དོ།།

སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། སློབ་དཔོན་སེང་བཟང་གི་འགྲེལ་ཆུང་ལ་འགྲེལ་བཤད་མཛད་པར་དཔགས་ན་དུས་རབས་ ༩ ནང་དུ་བྱོན་པའི་ཟེར་སྒྲོས་ཁུངས་དག་སྙམ། ཁོང་གིས་སློབ་དཔོན་སེངྒེ་བཟང་པོའི་འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ་སོགས་མཛད་དོ།།

སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ནི། དུས་རབས་ ༧ ནང་ཙམ་དུ་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ཡའི་ཡུལ་དུ་མུ་སྟེགས་བྲམ་ཟེ་ཀུན་ཏུ་རྒྱུ་ས་རོ་ཉ་ནནྡ་ཞེས་བྱ་བའི་བུར་འཁྲུངས། ཁོང་གིས་ཚད་མ་སྡེ་བདུན་གྱི་བསྟན་བཅོས་དང་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སོགས་བརྩམས་སོ།།

སློབ་དཔོན་ཆོས་མཆོག་ནི། དུས་རབས་ ༨ བརྒྱད་པའི་སྨད་ཙམ་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་དང་། རིགས་ཐིགས་རྒྱ་ཆེར་འགྲེལ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇིག་རྟེན་ཕ་རོལ་གྲུབ་པ་སོགས་བརྩམས་སོ།།

 

ཇ༽

སློབ་དཔོན་ཉི་མ་སྦས་པ་ནི། ཁ་ཆེའི་ཡུལ་དུ་འཁྲུངས་ཤིང་པཎྜི་ཏར་གྱུར་ཏེ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ་སོགས་མཛད་དོ།།

 

ཐ༽

སློབ་དཔོན་ཐར་པའི་འབྱུང་གནས་སྦས་པ་ནི།  དུས་རབས་ ༡༡ ནང་དུ་སྐུ་འཁྲུངས་སྙམ། ཛ་གཏྟ་ལའི་གཙུག་ལག་ཁང་ཆེན་པོའི་མཁས་པ་ཆེན་པོར་གྱུར་ཏེ་རྟོག་གེའི་སྐད་དང་སོགས་བརྩམས་སོ།།

སློབ་དཔོན་འཕགས་པ་ཐོགས་མེད་ནི། དུས་རབས་ ༤ ནང་དུ་བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་སྟེ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་རྒྱལ་རིགས་དང་འདུས་པ་ལས་འཁྲུངས། ཁོང་གིས་སའི་དངོས་གཞི་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ། ཉན་ཐོས་ཀྱི་ས། བྱང་ཆུབ་སེམས་དཔའི་ས་སོགས་མཛད་དོ།།

 

ད༽

བྲམ་ཟེ་བདེ་བྱེད་དགའ་བའམ་བྲམ་ཟེ་ཤཾ་ཀ་རཱ་ནནྟ་ནི། བྲམ་ཟེའི་རིགས་སུ་སྐུ་འཁྲུངས་དེ་ཡང་དུས་རབས་ ༡༡ ནང་དུ་བྱོན་སྙམ། བརྩམས་ཆོས་ནི་འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་སོགས་བསྟན་བཅོས་དུ་མ་བཞུགས་སོ།།

སློབ་དཔོན་དུལ་བ་ལྷ་ནི། དུས་རབས་ ༧ སྨད་ཙམ་དུ་བྱོན། ཁོང་གིས་དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་སོགས་བརྩམས་སོ།།

སློབ་དཔོན་དྲི་མ་མེད་པའི་བཤེས་གཉེན་ནམ་བི་མ་ལ་མི་ཏྲ་ནི། དུས་རབས་ ༨ ནང་དུ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར་སྐུ་འཁྲུངས། ཁོང་གིས་རིམ་གྱིས་འཇུག་པའི་བསྒོམ་དོན་སོགས་བསྟན་བཅོས་དུ་མ་མཛད་དོ།།

 

ན༽

སློབ་དཔོན་ན་བི་དྷརྨ་ནི། ཁོང་གིས་ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ་སོགས་མཛད་དོ།།

དཔལ་ནཱ་རོ་པ་ནི། རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཤི་ན་རའི་གྲོང་ཁྱེར་འཛམ་བུའི་རྒྱལ་པོ་དགེ་བའི་གོ་ཆ་དང་བཙུན་མོ་དཔལ་གྱི་བློ་གྲོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ཡང་མཁས་པ་སྒོ་དྲུག་འདས་པའི་འོག་ཏུ་ཇོ་བོ་ཆེན་པོ་ཕེབས་པར་བཤད་པ་ལྟར་ན་དུས་རབས་ ༡༠ མཇུག་ཡན་ཆད་དུ་བྱོན་པར་ངེས། ཁོང་གིས་རིམ་པ་ལྔ་བསྡུས་པ་གསལ་བ་སོགས་མཛད་དོ།།

འཕགས་པ་རྣམ་གྲོལ་སྡེ་ནི། དུས་རབས་ ༦ ནང་དུ་ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་འཁྲུངས། ཁོང་གིས་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་ལ་སྐབས་བརྒྱད་དུ་ཕྱེ་ནས་དེ་ཉི་ཁྲིའི་ལེའུ་བརྒྱད་དང་སྦྱར་བ་ཉི་ཁྲི་སྣང་བ་མཛད་དོ།།

 

པ༽

རིགས་ལྡན་པདྨ་དཀར་པོ་ནི། ཕུག་ལུགས་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༧༠༠ ན་རིགས་ལྡན་གྱི་ཁྲིར་ཕེབས་ཏེ་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད་སོགས་མཛད་དོ།།

སློབ་དཔོན་དཔའ་བོ་ནི། ཁ་ཆེའི་ཡུལ་ཤཱེ་ཀེ་ཏ་ཀ་ཞེས་བྱ་བར་ཡབ་བྲམ་ཟེ་སངྒ་གུ་ཧྱ་དང་ཡུམ་གསེར་མིག་མའམ་བདེ་ལྡན་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ཡང་རྒྱལ་པོ་གོ་པཱ་ལ་དང་དུས་མཉམ་པར་བཤད་པས་དུས་རབས་ ༨ ནང་དུ་བྱོན་སྙམ། བློ་རིག་བཀྲ་བས་མ་ཏི་ཙི་ཏྲ་དང་སྐད་གདངས་སྙན་པས་རྟ་དབྱངས་དང་ཡབ་ཡུམ་གཉིས་ལ་སྲི་ཞུ་ཆེ་བས་ཕ་ཁོལ་དང་མ་ཁོལ་དང་རབ་ཏུ་བྱུང་བས་ཆོས་ལྡན་རབ་འབྱོར་དང་མཚན་གཞན་ཨརྱ་ཝི་ར་ཡང་ཞུ། ཁོང་གིས་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་དང་། སྐྱེས་རབས་སོ་བཞི་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་བརྩམས་སོ།།

སྟོབས་བཅུ་དཔལ་བཤེས་གཉེན་ནི། ཁོང་གི་དངོས་སློབ་བཛྲ་ཤྲཱི་ཕྱི་ལོ་ ༡༢༠༣ བི་ཀྲ་མ་ལ་ཤཱི་ལའི་དགོན་པ་གཏོར་སྐབས་བྲོས་པར་བཤད་པ་ལྟར་ན་དུས་རབས་ ༡༢ ནང་དུ་སྐུ་འཁྲུང་སྙམ། པཎྜི་ཏར་གྱུར་ཏེ་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་མཛད་དོ།།

སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ནི། ལྷོ་ཕྱོགས་ཡུལ་ས་ཀེ་ཏ་རུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་པོ་དེ་ཝ་པཱ་ལའི་དུས་སུ་བྱོན་པས་དུས་རབས་ ༨ མཇུག་ཙམ་དུ་བྱོན་སྙམ།  རང་དང་གཞན་གྱི་གྲུབ་མཐའ་ལ་མཁས་པར་གྱུར་ཏེ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ་མཛད་དོ།།

 

ཕ༽

སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ནི། སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གཾ་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས། དེ་ཡང་དུས་རབས་ ༢ མཇུག་ཏུ་བྱོན་སྙམ། སློབ་དཔོན་ཆེན་པོ་འདིས་དབུ་མ་བཞི་བརྒྱ་པ་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་པ་བསྡུས་པའི་སྒྲོན་མ། བདག་བྱིན་གྱིས་བརླབས་པའི་རིམ་པ་སོགས་བསྟན་བཅོས་དུ་མ་བརྩམས་སོ།།

སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། དུས་རབས་ ༥ ནང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བགྟ་ཞེས་པའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཁོང་གིས་ཚད་མ་ཀུན་ལས་བཏུས་པ་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་པ་སོགས་མཛད་དོ།།

སློབ་དཔོན་ཙནྡྲ་ཧ་རིའམ་འཕྲོག་བྱེད་ཟླ་བ་ནི། པཎྜི་ཏ་ཆེན་པོར་གྱུར་ཏེ་དབུ་མ་རིན་པོ་ཆེའི་ཕྲེང་བ་མཛད་དོ།།

 

བ༽

སློབ་དཔོན་དབུ་མའི་སེངྒེ་ནི། མཉམ་མེད་ཇོ་བོ་ཆེན་པོའི་སློབ་མར་བགྲངས་པ་ལྟར་ན་དུས་རབས་ ༡༠ མཇུག་ཡས་མས་ཤིག་ཏུ་བྱོན་སྙམ། ཁོང་གིས་ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ་བརྩམས་སོ།།

སློབ་དཔོན་བྱང་ཆུབ་བཟང་པོ་ནི། རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས་དེ་ཡང་རྒྱལ་པོ་གོ་པཱ་ལ་དང་དུས་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། བརྩམས་ཆོས་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སོགས་བཞུགས་སོ།།

སློབ་དཔོན་ཆེན་པོ་དབྱིག་གཉེན་ནི། དུས་རབས་ ༤ མཇུག་ཙམ་དུ་སློབ་དཔོན་ཐོགས་མེད་དང་ཡུམ་གཅིག་པའི་སྐུ་མཆེད་དུ་འཁྲུངས། ལྗགས་རྩོམ་ནི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང་། ཉི་ཤུ་པ། ཉི་ཤུ་པའི་འགྲེལ་པ། རྣམ་པར་བཤད་པའི་རིགས་པ། ཆོས་མངོན་པ་མཛོད། ཆོས་མངོན་པའི་མཛོད་ཀྱི་བཤད་པ་སོགས་བཞུགས་སོ།།

སློབ་དཔོན་བློ་གྲོས་བརྟན་པ་ནི།        དུས་རབས་ ༦ ནང་དུ་མཐའ་འཁོབ་འདྲ་མ་ཞེས་བྱ་བར་དམངས་རིགས་ཤིག་གི་བུར་སྐུ་འཁྲུངས། ཁོང་གིས་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་དང་། སུམ་ཅུ་པའི་བཤད་པ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་སོགས་མཛད་དོ།།

 

མ༽

སློབ་དཔོན་ཆེན་པོ་མ་འགག་པ་ནི། དུས་རབས་ ༥ ནང་དུ་ཀཱ་ཅི་ཞེས་པའི་ཡུལ་གྱི་ཀཱ་ཝི་རི་ཟེར་བའི་གྲོང་ཁྱེར་དུ་སྐུ་བལྟམས་པར་བཤད། སྤྱིར་ཁོང་གིས་མཛད་པའི་བསྟན་བཅོས་དགུ་ཙམ་ཡོད་པར་གྲགས་ཀྱང་། ད་ལྟ་རང་ཅག་གིས་མཇལ་དུ་ཡོད་པ་ནི་མིང་གཟུགས་ཡོངས་སུ་གཅོད་པ་དང་། དོན་དམ་རྣམ་པར་ངེས་བྱེད་དང་། ཆོས་མངོན་བསྡུས་པ་ཞེས་པའི་བསྟན་བཅོས་འདི་གསུམ་ཙམ་མོ།།

དཱི་པཾ་ཀ་ར་ཤྲཱི་ཛྙ་ནའམ་དཔལ་མར་མེ་མཛད་ཡེ་ཤེས་ནི། བྷང་ག་ལའི་ཡུལ་གྱི་བྱེ་བྲག་ཟ་ཧོར་དུ་རྒྱལ་པོ་དགེ་བའི་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་དུས་རབས་ ༡༠ ནང་དུ་སྐུ་བལྟམས།  བོད་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཞུས་ངོར་བྱང་ཆུབ་ལམ་གྱི་སྒྲོན་མ་མཛདཅིང་གཞན་ཡང་བདེན་པ་གཉིས་ལ་འཇུག་པ་ཞེས་བྱ་བ་དབུ་མའི་མན་ངག་སོགས་བསྟན་བཅོས་དུ་མ་མཛད་དོ།།

སློབ་དཔོན་མཻ་ཏྲི་པ་ནི། མཁས་པ་ཤནྟི་པ་དང་བརྩད་པར་བཤད་པ་ལྟར་ན་དུས་རབས་ ༡༠ མཇུག་ཡན་ཆད་ཅིག་ཏུ་བྱོན་སྙམ། མཚན་ལ་གཉིས་མེད་རྡོ་རྗེ་དང་ཨ་ཝ་དྷཱུ་ཏཱི་པ་ཞེས་ཀྱང་གསོལ། སློབ་དཔོན་ཁོང་ལ་བརྩམས་ཆོས་ནི་དེ་ཁོ་ན་ཉིད་བཅུ་པ་སོགས་བསྟན་བཅོས་དུ་མ་བཞུགས་སོ།།

གནས་བརྟན་མཽངྒལ་གྱི་བུ་ནི། གྲོང་ཁྱེར་ཤིང་ཐགས་ཅན་གྱི་བྲམ་ཟེ་གྲུ་འཛིན་གྱི་སྲས་སུ་སྐུ་འཁྲུངས། དེ་ཡང་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་གཞིར་བྱས་ན་ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ལྷག་ཅིག་གི་ནང་དུ་བྱོན་སྙམ། གནས་བརྟན་ཆེན་པོ་འདིས་རྒྱུ་གདགས་པའི་བསྟན་བཅོས་དང་། འཇིག་རྟེན་བཞག་པ་སོགས་མཛད་དོ།།

 

ཙ༽

སློབ་དཔོན་ཙནྡྲ་གོ་མི་ནི། ཤར་ཕྱོགས་བྷང་ག་ལར་སྐུ་བལྟམས། དེ་ཡང་དཔལ་ལྡན་ཟླ་བ་དང་ཆོས་ཀྱི་བགྲོ་བ་མཛད་པའི་ལོ་རྒྱུས་གཙིགས་སུ་བཟུང་ན་དུས་རབས་ ༧ ནང་དུ་བྱོན་སྙམ། དམ་པ་འདིས་གཤགས་བསྟོད་སོགས་མཛད་དོ།།

 

ཚ༽

སློབ་དཔོན་ཚུལ་ཁྲིམས་བསྐྱངས་ནི། དུས་རབས་ ༩ ནང་དུ་བྱོན་སྙམ། ཁོང་གིས་འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སོགས་བརྩམས་སོ།།

 

ཛ༽

པཎྜི་ཏ་ཛ་ཡ་ཨཱ་ནནྟ་ནི། པ་ཚབ་ཉི་མ་གྲགས་ཀྱིས་ལོ་ཙཱ་བྱས་ཏེ་ཆ་པ་ཆོས་ཀྱི་སེངྒེ་དང་དབུ་མ་ཐལ་རང་གི་ལྟ་བའི་གནད་ལ་བརྩད་པར་བཤད་པ་ལྟར་ན་དུས་རབས་ ༡༢ སྟོད་ཙམ་དུ་སྐུ་འཁྲུངས་སྙམ། བརྩམས་ཆོས་ནི་དབུ་མ་ལ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་སོགས་བཞུགས་སོ།།

སློབ་དཔོན་ཛི་ན་མི་ཏྲ་ནི། བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་སྡེ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། པཎྜི་ཏར་གྱུར་ཏེ་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་བཤད་པ་སོགས་མཛད་དོ།།

སློབ་དཔོན་ཛེ་ཏཱ་རི་ནི། དུས་རབས་ ༡༠ དུས་དཀྱིལ་ཙམ་དུ་བྷངྒ་ལར་སྐུ་འཁྲུངས། ཁོང་གིས་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ་དང་། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སོགས་མཛད་དོ།།

 

ཝ༽

སློབ་དཔོན་ཝེན་ཚེག་ནི། སློབ་དཔོན་ཐང་སན་ཙང་གི་སློབ་མ་ཡིན་པས་དུས་རབས་ ༧ ནང་དུ་ཀོ་རི་ཡར་སྐུ་འཁྲུངས། མཁས་པ་ཆེན་པོར་གྱུར་ཏེ་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ་བརྩམས་སོ།།

 

ཞ༽

སློབ་དཔོན་ཞི་བ་ལྷ་ནི། དུས་རབས་ ༧ ནང་དུ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་ཡོད་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྒྱལ་བའི་སྲས་པོ་འདིས་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་དང་། བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་སོགས་མཛད་དོ།།

མཁན་པོ་ཤནྟཱི་རཀྵི་ཏའམ་མཁན་ཆེན་ཞི་བ་འཚོ་ནི། རྒྱ་གར་ཤར་ཕྱོགས་བྷངྒ་ལར་ཡབ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་བཤད་པ་ལྟར་ན་དུས་རབས་ ༧ མཇུག་ནས་ ༩ དཀྱིལ་བར་དུ་བཞུགས་པར་མངོན། བདག་ཉིད་ཆེན་པོ་འདིས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དབུ་མ་རྒྱན། དབུ་མ་རྒྱན་གྱི་འགྲེལ་པ་སོགས་ལྗགས་རྩོམ་མཛད་དོ།།

 

ཟ༽

སློབ་དཔོན་ཟླ་བ་གྲགས་པ་ནི། དུས་རབས་ ༧ ནང་དུ་རྒྱ་གར་ལྷོ་ཕྱོགས་ས་མནྟར་ཞེས་བྱ་བའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། གསུང་རྩོམ་ནི་དབུ་མ་ལ་འཇུག་པ་དང་། དབུ་མ་ལ་འཇུག་པའི་བཤད་པ། བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་སོགས་བཞུགས་སོ།།

སློབ་དཔོན་ཟླ་བ་ལ་དགའ་བ་ནི། ཆགས་པ་ལ་དགའ་བ་ཞེས་པའི་བུར་འཁྲུངས། ཁོང་གིས་ཡན་ལག་བརྒྱད་པའི་ སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་སོགས་མཛད་དོ།།

 

ཡ༽

སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཌི་བི་ཤར་སྐུ་འཁྲུངས་དེ་ཡང་ལོ་ཙཱ་བ་དཔལ་བརྩེགས་དང་དུས་རགས་པ་མཉམ་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། ཁོང་གིས་བདེན་པ་གཉིས་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སོགས་མཛད་དོ།།

སློབ་དཔོན་ཡོན་ཏན་འོད་ནི། དུས་རབས་ ༥ ནང་དུ་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པར་བཤད། འདུལ་འཛིན་ཆེན་པོ་འདིས་ཕུང་པོ་ལྔའི་རྣམ་པར་འགྲེལ་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།

སློབ་དཔོན་ཡོན་ཏན་བློ་གྲོས་ནི། ཡོན་ཏན་འོད་ཀྱི་སློབ་མ་ཡིན་པས་དུས་རབས་ ༥ སྨད་ཙམ་དུ་སྐུ་འཁྲུངས་སྙམ། བརྩམས་ཆོས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་བཞུགས་སོ།།

 

ར༽

སློབ་དཔོན་རཏྣ་ཨཱ་ཀ་ར་ཤནྟཱི་པའམ་རིན་ཆེན་འབྱུང་གནས་ཞི་བ་ནི། བྲམ་ཟེའི་རིགས་སུ་སྐུ་འཁྲུངས་དེ་ཡང་མཁས་པ་སྒོ་དྲུག་འདས་པའི་འོག་ཏུ་ཇོ་བོ་ཆེན་པོ་ཕེབས་པར་བཤད་པ་ལྟར་ན་དུས་རབས་ ༡༠ །༡༡ མཇུག་ཡན་ཆད་ཅིག་ཏུ་བྱོན་སྙམ། ནཱ་ལེནྡྲའི་ཤར་སྒོ་སྲུང་བའི་པཎྜི་ཏ་ཡིན། མཁས་པ་འདིས་ཤེར་ཕྱིན་བསྒོམ་པའི་མན་ངག། སོགས་བསྟན་བཅོས་དུ་མ་མཛད་དོ།།

 

ལ༽

སློབ་དཔོན་བྷ་བྱའམ་ལེགས་ལྡན་འབྱེད་ནི། ལྷོ་ཕྱོགས་མ་ལ་ཡ་རར་རྒྱལ་རིགས་སུ་སྐུ་འཁྲུངས་དེ་ཡང་དུས་རབས་ ༦ ནང་དུ་བྱོན་པར་བཤད། མཁས་པ་ཆེན་པོ་འདིས་རྩ་ཤེ་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མའི་སྙིང་པོ། དེའི་འགྲེལ་པ་རྟོག་གེ་འབར་བ་སོགས་ལྗགས་རྩོམ་གནང་ངོ་།།

 

ཤ༽

སློབ་དཔོན་པྲཛྙཱ་ཝརྨའམ་ཤེས་རབ་གོ་ཆ་ནི། བྷང་ག་ལའི་ཡུལ་དུ་སྐུ་འཁྲུངས་དེ་ཡང་ལོ་ཙཱ་བ་ཡེ་ཤེས་སྡེ་དང་དུས་རགས་པ་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། བརྩམས་ཆོས་ནི་ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་སོགས་བཞུགས་སོ།།

སློབ་དཔོན་ཤཱཀྱ་བློ་གྲོས་ནི། དུས་རབས་ ༨ ནང་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སོགས་བརྩམས་སོ།།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྟ་ནི། ལོ་ཙཱ་བ་གནུབས་ཚུལ་ཁྲིམས་ཤེས་རབས་དང་དུས་རགས་པ་མཉམ་ངེས་པས་དུས་རབས་ ༡༢ དུས་སྨད་ཙམ་ཡས་མས་སུ་སྐུ་འཁྲུངས་སྙམ། ཁོང་གིས་རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག་སོགས་མཛད་དོ།།

 

ས༽

སློབ་དཔོན་སའི་རྩ་ལག་ནི། ཡུལ་སིངྒ་ལར་སྐུ་འཁྲུངས་དེ་ཡང་རྒྱལ་པོ་གོ་པཱ་ལའི་དུས་སུ་བྱོན་པས་དུས་རབས་ ༨ ནང་དུ་བྱོན་སྙམ། པཎྜི་ཏར་གྱུར་ནས་ཕུང་པོ་ལྔའི་བཤད་པ་སོགས་བསྟན་བཅོས་དུ་མ་མཛད་དོ།།

སློབ་དཔོན་སངས་རྒྱས་བསྐྱངས་ནི། ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས། དེ་ཡང་དུས་རབས་ ༣ །༥ ནང་དུ་བྱོན་པར་བཤད། སློབ་དཔོན་ཆེན་པོ་འདིས་དབུ་མ་རྩ་བའི་འགྲེལ་པ་བུངྔྷ་པཱ་ལི་ཏ་ཞེས་ཡོངས་སུ་གྲགས་པ་དེ་མཛད་དོ།།

སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། ནུབ་ཕྱོགས་ཨཽ་རྒྱན་ཡུལ་དུ་སྐུ་འཁྲུངས་དེ་ཡང་སློབ་དཔོན་སེང་བཟང་གི་སློབ་མ་ཡིན་པས་དུས་རབས་ ༨ ནང་དུ་བྱོན་སྙམ། མཁས་གྲུབ་ཆེན་པོ་འདིས་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་ལུང་སོགས་བརྩམས་གནང་ངོ་།།

སློབ་དཔོན་ཧ་རི་བྷ་དྲའམ་སེངྒེ་བཟང་པོ་ནི། རྒྱལ་རིགས་སུ་སྐུ་འཁྲུངས་དེ་ཡང་རྒྱལ་པོ་དྷརྨ་པཱ་ལ་དང་དུས་མཉམ་པས་དུས་རབས་ ༨ ནང་དུ་བྱོན་སྙམ། རྒྱལ་བའི་སྲས་པོ་འདིས་འགྲེལ་ཆུང་དོན་གསལ་དང། བརྒྱད་སྟོང་འགྲེལ་ཆེན་སོགས་བསྟན་བཅོས་དུ་མ་མཛད་དོ།།

 

ཧ༽

སློབ་དཔོན་ལྷ་དབང་བློ་ནི། དུས་རབས་ ༧ སྨད་ཙམ་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སོགས་བརྩམས་སོ།།

པཎྜི་ཏ་ན་ཏེ་ཀ་རའམ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ནི། སློབ་དཔོན་མཻ་ཏྲ་པའི་དངོས་སློབ་ཆེ་བཞིའི་གྲས་ཡིན་པས་དུས་རབས་ ༡༡ མཇུག་དང་ ༡༢ སྟོད་གང་རུང་ཤིག་ཏུ་སྐུ་འཁྲུངས་སྙམ། སྔར་མུ་སྟེགས་པའི་གྲུབ་མཐའ་ལ་གནས་སྐབས་མཚན་ལ་ན་ཏེ་ཀ་ར་དང་ཕྱིས་ནང་པའི་གྲུབ་མཐའ་ལ་གནས་སྐབས་མཚན་ལ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞུ། ཁོང་གིས་དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ་སོགས་མཛད་དོ།།  །།

Leave a Reply

Your email address will not be published. Required fields are marked *