༄༅། །མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ།

 

༄༅། །མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་

དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་

ཞེས་བྱ་བ་བཞུགས་སོ།།[1]

 

༼ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པ།༽

 

ན་མོ་ཨ་མི་ཏ་བྷཱ་ཡ། ཤར་ཕྱོགས་བྷཾ་ག་ལ་རུ་སྐུ་འཁྲུངས་ཤིང་། །ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་འཇིངས་ལས་བརྒལ། །འཕགས་བོད་ཡུལ་གྲུར་བསྟན་པའི་ཕྱག་རྗེས་ཅན། །དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཆོད། །མགོན་ཁྱོད་ཞིང་འདིའི་གདུལ་བྱ་རྫོགས་པ་ནས། །བགྲང་བྱ་དགུ་བརྒྱ་ལེགས་འདས་དུས་ཀྱི་མཐར། །ཁྱོད་དྲིན་དྲན་པའི་གདུང་དབྱངས་རྐང་དྲུག་གི །འདབ་གཤོག་བསྐྱོད་པའི་སིལ་སྙན་རང་སྒྲ་འཁྲོལ། །

སྐུ་རྐེད་འཁོར་བའི་ལྡེ་མིག་བརྒྱ་ཕྲག་གི །གཙུག་ལག་ཁང་ཆེན་ཆོས་ཀྱི་བང་མཛོད་འཛིན། །སྡེ་སྣོད་གསུམ་གྱིས་ཕྱུག་པའི་པཎྜི་ཏ། །བགྲང་དུ་ཡས་པའི་གཙུག་གི་རྒྱན་གཅིག་ཉིད། །བྱང་ཆུབ་སེམས་ཀྱི་གདམས་ངག་འཚོལ་བའི་ཕྱིར། །དབང་སྔོན་ཞུན་མའི་ཆུ་གཏེར་རབ་བརྒལ་ཏེ། །གསེར་གླིང་ཆོས་ཀྱི་གྲགས་པའི་ཞབས་བསྟེན་ནས། །གཞན་ཕན་བྱང་སེམས་མཆོག་གི་གཏེར་ཆེན་བརྙེས། །བསྟན་པའི་སྲིད་ལ་དབང་བསྒྱུར་གྲགས་པའི་རྔ། །ཡངས་པའི་ནོར་འཛིན་ཁྱོན་དུ་ལྡིར་བ་ན། །ཁ་བའི་གོས་གྱོན་ཧི་མ་གངས་ཀྱི་རྩེ། །ནམ་མཁའི་མངལ་དུ་ཡིབ་ཀྱང་འདར་བ་འཛིན། །དེ་ཚེ་ཁ་བའི་རི་སུལ་དུ། །ཕྱི་དར་བསྟན་པའི་མེ་རོ་ཙམ། །གསོས་པའི་འོད་སྣང་ལ་བརྟེན་ནས། །འགྲོ་འདིའི་བློ་མུན་སངས་པར་རྩོམ། །འོན་ཀྱང་མཁས་དང་གྲུབ་པའི་གདེང་། །མེད་བཞིན་རློམ་པའི་སྤྱི་བརྟོལ་མཁན། །ཨ་ཇོ་ཆོས་ལ་དབང་ཟ་བས། །ཐུབ་བསྟན་འོ་མཚོ་རྙོགས་མས་བསླད། །བསྟན་ལ་གཅིག་ཏུ་གུས་ལྡན་ཞིང་། །མཁྱེན་རབ་སྤྱན་དཀྱུས་རིང་བ་རྣམས། །ཚུལ་དེ་ཐུགས་ཀྱིས་མ་བཟོད་པར། །རྙོགས་མ་བགྲུང་བའི་ཐབས་ལ་བརྩོན། །ཆོས་ཕྱིར་སྲོག་ཀྱང་གཏོང་ཕོད་སེམས་དཔའ་ཆེ། །ཡེ་ཤེས་འོད་དང་དེ་དབོན་བྱང་ཆུབ་འོད། །རྣམ་གཉིས་ཐུགས་བསྐྱེད་རྟ་བདུན་བཞོན་པ་ཡིས། །མགོན་ཁྱོད་འོད་སྟོང་གངས་ཅན་ལྗོངས་སུ་དྲངས། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་ལེགས་བརྒྱུད་པའི། །ཟབ་དང་རྒྱ་ཆེའི་ལམ་གྱི་རིམ་པའི་གནད། །སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱ་གང་། །འཁྲུལ་བྲལ་ཉུང་ངུའི་ཚིག་གིས་གསལ་བར་མཛད། །མདོ་དང་རྒྱུད་ཀྱི་གསུང་རབ་པུསྟི་ཀ །སྔོན་ཆད་བྷོ་ཊའི་སྐད་དུ་མ་བསྒྱུར་བ། །ཤིང་རྟས་འདེགས་བཟོད་མཉམ་མེད་བཀའ་དྲིན་གྱིས། །གངས་ལྗོངས་མཁས་པའི་སྤྱན་གྱི་གཟིགས་མོར་སིམ། །སྐད་གཉིས་སྨྲ་བའི་བརྩོན་སེང་རིན་ཆེན་བཟང་། །ནག་ཚོ་ཚུལ་ཁྲིམས་རྒྱལ་བ་རྣམ་གསུམ་གྱིས། །ལེགས་སྦྱར་ལྷ་ཡི་བརྡ་སྐད་གངྒཱའི་ཀླུང་། །བསིལ་ལྗོངས་སྐྱེ་བོའི་སྐད་ཀྱི་ཡུར་བར་ཕབ། །ཨུ་པ་སི་ཀ་ཞིག་ལ་བརྟེན་ནས་ནི། །བསྟན་ལ་ཕན་པར་སྒྲོལ་མས་ལུང་བསྟན་གང་། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དབུར་བཞུགས་པའི། །འཁོར་སློབ་རྒྱ་མཚོའི་རྡུལ་སྙེད་གསུང་གིས་བསྐྱངས། །རྒྱལ་བ་འབྲོམ་གྱིས་དབུ་སྔས་ཚུན་སྦྲེལ་ནས། །ལོ་ངོ་བཅོ་ལྔའི་བར་དུ་ཞབས་བསྟེན་ཏེ། །གདམས་ངག་མཐའ་དག་བུམ་པ་གང་བྱོའི་དཔེས། །ཤཱཀྱའི་བསྟན་ལ་སྔོན་མེད་ཕྱག་རྗེས་བསྐྲུན། །གདུལ་བྱའི་བློ་གྲོས་ཆུ་སྣོད་ཐ་དད་དབུས། །གསུང་གི་ཟླ་དཀྱིལ་གཟུགས་བརྙན་ཅི་ཡང་འཆར། །བླ་མ་སྐྱབས་འགྲོ་བ་དང་ལས་འབྲས་པའི། །ཆོ་ལོ་རྔ་ཆེན་ཕྱོགས་ཀྱི་བུ་མོས་བརྡུངས། །ཕ་ལས་བུ་རྫིག་བུ་ལས་ཚ་བོ་རྫིག །ཚ་བོ་ལས་ཀྱང་ཡང་ཚ་སུམ་ཚ་རྫིག །ཅེས་པའི་བདེན་གཏམ་རྡོ་རྗེའི་ཚིག་གི་རྒྱ། །བསྐལ་པའི་སྲིད་དུ་མི་ཤིགས་རྣ་བའི་རྒྱན། །སྐུ་མཆེད་གསུམ་དང་གླང་ཤར་ནས་བཟུང་སྟེ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བར། །བཀའ་གདམས་བསྟན་པའི་བ་དན་དར་པོ་ཆེ། །སྒྲེང་བའི་བསྟན་འཛིན་སྐྱེས་བུས་ས་སྟེང་ཁྱབ། །རིགས་གསུམ་སྒྱུ་འཕྲུལ་མཉམ་མེད་ཙོང་ཁ་པས། །ཁྱོད་གསུང་ལམ་གྱི་སྒྲོན་མའི་རྒྱ་ཆེར་འགྲེལ། །བྱང་ཆུབ་ལམ་རིམ་ཆེན་མོ་ལེགས་མཛད་པས། །འཇིག་རྟེན་གསུམ་གྱི་རྒུད་པ་རྩད་ནས་ཕྱུང་། །ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ་ཡི་ཚེ། །མི་ཕམ་འཇམ་དབྱངས་བཀའ་བགྲོས་བུམ་པའི་ཆུ། །འཇམ་མགོན་ཕྱག་གིས་པདྨོར་བསྐྱིལ་བའི་རྒྱུན། །དགེ་ལྡན་བསྟན་པའི་ལོ་ཏོག་གསོས་སུ་སྨིན། །རྒྱལ་བའི་འབྱུང་གནས་བརྩོན་འགྲུས་གཡུང་དྲུང་དང་། །ལེགས་པའི་བློ་གྲོས་དག་པའི་དཀྱིལ་འཁོར་དབུས། །གསང་གསུམ་དྲི་ལན་ལན་བརྒྱ་བསྲུབས་པ་ལས། །བཀའ་གདམས་ཕ་ཆོས་བུ་ཆོས་ཟླ་ཤེལ་འཁྲུངས། །རྒྱལ་པོ་དཀོན་མཆོག་འབངས་དང་དད་པ་བརྟན། །ལ་སོགས་སྐུ་ཚེ་སྔོན་གྱི་སྐྱེས་པའི་རབས། །མུ་ཏིག་བསྟར་ལ་བརྒྱུས་འདྲའི་གཏམ་གྱི་ཕྲེང་། །སྐལ་ལྡན་ཐར་པར་བགྲོད་པའི་གསོས་སུ་གྱུར། །མཛད་པའི་མཐའ་ལ་གཞོལ་བ་ན། །རྒྱལ་བ་འབྲོམ་གྱི་སྙན་ཁུང་དུ། །གདུང་གི་སྲི་ཞུ་མཛད་པ་ཚུན། །ཞལ་ཆེམས་བདུད་རྩི་ལྷུགས་པར་སྩལ། །ཆུ་བོ་པཀྵུ་འབབ་པའི་ཕྱོགས། །དབུས་གཙང་ཆོས་ཀྱི་ཞིང་ཁམས་དེར། །ད་ལྟའི་བར་དུ་གདུང་གི་རྟེན། །དད་ལྡན་མཆོད་པའི་རྟེན་དུ་བཞུགས། །ཇོ་བོ་རང་གི་གཟིགས་དཔེ་དང་། །གསེར་གླིང་གདུང་གི་མཆོད་རྟེན་གཙོས། །ཉེར་སྤྱད་ཟ་མ་ཏོག་དང་བཅས། །བྱིན་རླབས་གཟི་འོད་དགེ་མཚན་འབར། །བགྲང་བྱ་ཆུ་གཏེར་མིག་དང་བུ་གའི་རིང་། །རིང་བསྲེལ་ཕུང་པོ་ལྷ་མིའི་མཆོད་སྡོང་ཆེ། །ཆེ་བ་བཞི་ལྡན་ལམ་སྒྲོན་ཇི་བཞིན་དུ། །དུ་མའི་རབས་ལ་འཕྲིན་ལས་སྣང་བ་དཀར། །སྐལ་དམན་བདག་ལྟ་ལྔ་པའི་ལམ་པོ་ཆེར། །ཉེ་བ་དེ་སྲིད་ཁྱོད་གདུང་ནོར་བུའི་ལྗོན། །མངོན་སུམ་བྱིན་རླབས་ནོད་པའི་ཕུན་ཚོགས་དེ། །མ་ཐོབ་བློ་འགྱོད་རྟ་ཡི་བང་མ་ཟིན། །ད་ནི་ཚེ་རིང་མཆོད་ལྔའི་གངས་རིའི་ལྷོ། །གངྒཱའི་བུ་མོ་རྒྱ་མཚོར་འབབ་པའི་འགྲམ། །བྷཾ་ག་ལ་ཡི་ཕྱོགས་སུ་གུས་འདུད་བཅས། །བྱིན་རླབས་ཞུ་བའི་གདུང་དབྱངས་འདི་ལྟར་གསོལ། །སྲིད་དང་ཞི་བའི་ཡོན་ཏན་བྱ་བའི་གཞི། །སངས་རྒྱས་ཀུན་དངོས་ཐེག་མཆོག་དགེ་བའི་བཤེས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལ། །དད་པ་ལྡོག་མེད་ལྡན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །བྱིན་རླབས་ཆར་ཆེན་ཕོབས་ཤིག་ཨ་ཏི་ཤ །ཡིད་བཞིན་ནོར་ལྟར་རྙེད་དཀའི་དལ་འབྱོར་རྟེན། །དོན་མེད་གཡེང་བས་ཆུད་ཟོན་རབ་སྤངས་ནས། །འདི་ཕྱི་བདེ་བའི་སྙིང་པོ་ལེན་པའི་ཕྱིར། །ཉིན་མཚན་འདའ་བར་བརྩོན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །སྙིང་པོ་དམ་པ་སྩོལ་ཅིག་ཨ་ཏི་ཤ །མངལ་དུ་ཉིང་མཚམས་སྦྱར་བའི་དེ་མ་ཐག །ཡུད་ཙམ་མི་སྡོད་གཤིན་རྗེའི་གྲོང་ཁྱེར་དུ། །བང་རྩལ་འགྲན་བཞིན་རྒྱུགས་པའི་ངང་ཚུལ་ལ། །ངེས་པ་ཅུང་ཟད་སྐྱེས་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །རྟག་འཛིན་འགོང་པོ་སྐྲོད་ཅིག་ཨ་ཏི་ཤ །བཟོད་གླགས་མེད་པའི་བཙོ་སྲེག་འཁྱག་གྲང་དང་། །བཀྲེས་སྐོམ་གླེན་ལྐུགས་གཅིག་ལ་གཅིག་ཟ་བ། །ལ་སོགས་ངན་སོང་གསུམ་གྱི་སྡུག་བསྔལ་ལ། །འཇིགས་སྣང་བཅོས་མིན་ལྡན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །ངན་སོང་སྐྱེ་སྒོ་ཆོད་ཅིག་ཨ་ཏི་ཤ །རང་ཉིད་འཇིགས་གྲོལ་གཞན་སྒྲོལ་ཐབས་ལ་མཁས། །དགྲ་གཉེན་རིས་མེད་ལན་ལ་མི་ལྟ་བ། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །འབྲལ་མེད་གཙུག་ཏུ་བསྟེན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །འདི་ཕྱི་བར་དོར་སྐྱོབས་ཤིག་ཨ་ཏི་ཤ །གྲོ་བཏབ་གྲོ་དང་ནས་བཏབ་ནས་སྐྱེ་བཞིན། །དཀར་ནག་ལས་ཀྱི་འབྲས་བུ་བདེ་དང་སྡུག །བསླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །བློ་ལ་ཡིད་ཆེས་བརྟན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །སྒོ་གསུམ་དགེ་ལ་སྦྱོར་ཅིག་ཨ་ཏི་ཤ །རྣམ་སྨིན་ཡོན་ཏན་བརྒྱད་དང་ལྡན་པའམ། །མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་རྟེན། །མ་རྙེད་པར་ནི་ལམ་མཆོག་སྒྲུབ་པ་ལ། །ས་ཆོད་ཆུང་བར་རྟོགས་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །རྟེན་བཟང་ཐོབ་པར་མཛོད་ཅིག་ཨ་ཏི་ཤ །སེམས་རྒྱུད་སྡིག་དང་ལྟུང་བས་གོས་པ་ལ། །ཁོང་བར་དུག་སོང་ལྟ་བུའི་འགྱོད་སེམས་ཀྱིས། །བཤགས་ཤིང་སླད་ཆད་སྲོལ་ལ་བབས་ན་ཡང་། །སྡིག་ལ་ཅི་ཐུབ་འཛེམ་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །སྡིག་ལྟུང་དག་པར་མཛོད་ཅིག་ཨ་ཏི་ཤ །ཚངས་དང་བརྒྱ་བྱིན་ཁྲི་ལ་དབང་བསྒྱུར་ཀྱང་། །མནར་མེད་མེ་ཡི་བུད་ཤིང་འགྱུར་སྲིད་ན། །སྲིད་པའི་ཕུན་ཚོགས་གྲི་རྩེའི་སྦྲང་རྩི་ལ། །ཉེན་ཁ་ཆེ་བར་མཐོང་བ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །འཁོར་བའི་འདམ་ལས་དྲོངས་ཤིག་ཨ་ཏི་ཤ །འདི་དང་ཕྱི་མའི་སྣང་ཤས་རྒྱང་བསྲིངས་ཏེ། །སྲིད་ལས་ངེས་པར་འབྱུང་བའི་རྣམ་དག་བློས། །སོ་ཐར་ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །སྲོག་བཞིན་སྲུང་བར་སྤྲོ་བ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །ཐར་པའི་སྐམ་སར་སྐྱོལ་ཅིག་ཨ་ཏི་ཤ །རང་ཉིད་གཅིག་པུ་ཅི་ཐར་བྱེད་བསམས་ན། །མར་འགྱུར་འགྲོ་ལ་ཁྲེལ་དང་ངོ་ཚ་སྤངས། །དེ་ཕྱིར་རིགས་དྲུག་སྒྲོལ་བའི་ཁུར་ཆེན་བློ། །མ་སྐྱེད་ཐབས་མེད་ཤེས་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །བྱང་སེམས་སྐྱེ་བར་མཛོད་ཅིག་ཨ་ཏི་ཤ །འགྲོ་ཀུན་སྒྲོལ་སླད་བགྲང་ཡས་བསྐལ་པ་རུ། །འཁོར་མཚོར་གནས་ཀྱང་མི་སྐྱོའི་སྙིང་སྟོབས་ཀྱིས། །རྒྱལ་སྲས་སྤྱོད་པ་ཤིན་ཏུ་བྱ་དཀའ་བ། །ལག་ཏུ་ལོན་པར་སྨོན་པ་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །ས་ལམ་རྫོགས་པར་མཛོད་ཅིག་ཨ་ཏི་ཤ །ཐུན་མོང་ལམ་གྱི་རྟོགས་པ་སྔོན་བཏང་ནས། །ཚེ་གཅིག་ཉིད་ལ་འཚང་རྒྱའི་ཐབས་ཀྱི་མཆོག །རྒྱུད་སྡེའི་ཡང་རྩེ་བླ་མེད་རྡོ་རྗེའི་ཐེག །ཉམས་སུ་ལེན་འདོད་རྒྱུན་ལྡན་ཁྱོད་ཀྱི་དྲིན། །ཁྱོད་དྲིན་དྲན་ནས་གདུང་བས་འབོད་ལགས་ན། །ཟུང་འཇུག་ལག་རྩེར་གཏོད་ཅིག་ཨ་ཏི་ཤ །དེ་ལྟར་ཁྱོད་དྲིན་དྲན་པའི་དབྱངས། །གདུང་བའི་ཚིག་གིས་གསོལ་ལགས་ན། །ཇི་ལྟར་སྨོན་པའི་གནས་དེ་ཀུན། །ཡིད་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ལམ་གསུམ་འབབ་པའི་འཇིག་རྟེན་དུ། །རིང་བསྲེལ་དཔག་བསམ་མཆོད་སྡོང་གི །འཕྲིན་ལས་ཉི་མའི་ཟེར་བརྒྱ་ཡིས། ཐུབ་བསྟན་པད་ཚལ་རྒྱས་པར་སྨོན། །གངས་ཅན་ལྷུན་པོའི་ལྷོ་བྱང་དུ། །ཕུལ་བྱུང་མཛད་པའི་གྲུ་ཆར་གྱིས། །རིས་མེད་སྐྱེད་དགུའི་ཕན་དང་བདེའི། །ལོ་ཏོག་གཡུར་དུ་ཟ་བར་ཤོག །གང་གི་མཁྱེན་རབ་བུམ་བཟང་ལས་འོངས་པའི། །འཇིག་རྟེན་དབང་ཕྱུག་དབང་བཞིའི་ཆུ་བོ་དང་། །བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་གི་རྒྱུན། །བསྟན་པའི་སྲིད་དུ་མི་ཉམས་འཕེལ་གྱུར་ཅིག །ཇོ་བོའི་མདོ་བཏུས་ཆེན་མོ་ཞེས་བྱའི་གཞུང་། །འདུལ་མངོན་མདོ་སྡེ་ཆུ་གཏེར་སྙིང་པོའི་བཅུད། །གླེགས་བམ་རིན་ཆེན་མཛོད་དུ་བསྐྱིལ་བ་གང་། །བསྟན་འཛིན་སྐྱེས་བུའི་གསོས་སུ་དར་གྱུར་ཅིག །ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཞེས་བྱ་བ། །ཐར་པ་འདོད་པ་རྣམས་ཀྱི་བཅུད་ལེན་དེའི། །ལུང་གི་རྒྱུན་བཟང་བསྟན་གནས་ཇི་སྲིད་བར། །སྐལ་ལྡན་བློ་གྲོས་པད་མཚོར་སྨིན་གྱུར་ཅིག །འཕགས་ཡུལ་གསེར་གྱི་རྒྱལ་མཚན་གྲོང་ཁྱེར་ནས། །ཐུབ་པའི་རྗེས་འབྲང་དཔོན་སློབ་དྲུག་སྡེ་ཡིས། །ཕུལ་བྱུང་ཞབས་ཀྱི་རིང་བསྲེལ་སྤྱན་འདྲེན་པ། །བརྡ་འཕྲིན་ཡི་གེའི་ལམ་ནས་ངེས་པ་རྙེད། །དེ་ཚེ་མནན་པས་མི་ནོན་ཡིད་ཀྱི་མཚོར། །རྗེས་དྲན་དད་པའི་རླབས་ཕྲེང་ཆལ་ཆིལ་གཡོ། །བདག་ཅག་ཆོས་ཀྱི་སྐུ་དྲིན་ལྷུན་པོའི་ལྕིད། །ནོར་འཛིན་དབང་མོའི་ཕྲག་པར་ཇི་ལྟར་བཟོད། །རིང་བསྲེལ་མཆོད་སྡོང་གང་དུ་བཞུགས་པ་དེར། །མཆོད་ཅིང་བཀུར་བའི་སྲི་ཞུ་ཟླ་མེད་དང་། །མཐོང་ཐོས་རེག་པའི་སྐྱེ་འགྲོ་དད་ལྡན་རྣམས། །བཀའ་གདམས་ཐེག་པས་སྨིན་ཅིང་གྲོལ་གྱུར་ཅིག །དེ་སྐད་འཇིགས་མེད་རྒྱལ་བའི་གསུང་ལས་སྐྱེས། །རིགས་པའི་མཛོད་ལ་བློ་གྲོས་རྣམ་གཞོལ་བ། །དེ་ཡིས་དོན་ལྡན་རྗེས་སུ་སྨོན་པ་འགའ། །ཚིགས་སུ་བཅད་པའི་ཕྲེང་བར་སྤེལ་བ་དགེ། །།

[1] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥-༧༤༢

Leave a Reply

Your email address will not be published. Required fields are marked *