༄༅། །མཉམ་མེད་ཇོ་བོ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས།[1]
༼རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པ།༽
ན་མོ་གུ་རུ་དཱི་པཾ་ཀཱ་ར་ཡ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མཚན་ཐོས་ཙམ་གྱིས་འཇིགས་ལས་སྒྲོལ། །བླ་མ་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུར་གསོལ་བཏབ་ཚུལ། །ཉུང་ངུ་སྙིང་པོར་དྲིལ་བྱས་ཏེ། །རང་དང་སྐལ་བ་མཉམ་པ་ལ། །ཕན་ཕྱིར་འབྲི་ལ་སྐབས་དབྱེའོ། །དེ་ལ་འདིར་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་བསྐྱེད་པའི་ཕྱིར་མཉམ་མེད་ཇོ་བོ་ཆེན་པོའི་རྣལ་འབྱོར་བསྒོམ་པར་འདོད་པས།
གནས་ཁང་ཕྱག་བདར་བྱ། དཀོན་མཆོག་གི་རྟེན་བཀྲམ། མཆོད་པ་རྣམས་གཡོ་བ་མེད་པར་བཤམས། མཎྜལ་དྲིའི་ཆུ་དང་བཅས་པ་འདུ་བྱ། བདེ་བའི་སྟན་ལ་འཁོད་དེ་རླུང་དུག་བསལ། ཐོག་མར་སྔོན་འགྲོ་ངེས་འབྱུང་གི་བློ་བཅོས། སྙིང་རྗེ་ཆེན་པོས་ཡིད་རབ་ཏུ་དྲངས་ཏེ་སྐྱབས་ཡུལ་བླ་མ་རྒྱལ་བ་སྲས་བཅས་མངོན་སུམ་བཞུགས་པར་མོས་ལ། སངས་རྒྱས་ཆོས་ཚོགས་ལན་ཅི་ནུས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞིར་བློ་སྦྱངས། མཆོག་གསུམ་རྒྱལ་བ་སྲས་བཅས་བདེན་བྱིན་མཐུས། །སྣོད་བཅུད་དག་པའི་ཞིང་ཁམས་འབྱམས་ཀླས་པར། །ལྷ་མིའི་མཆོད་རྫས་ཀུན་ཏུ་བཟང་པོ་ཡི། །རྣམ་པར་འཕྲུལ་པའི་སྤྲིན་བཞིན་འཁྲིགས་པར་གྱུར། །ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་པྲ་མརྡྷ་ནི་སོགས་མཆོད་པའི་སྤྲིན་གཟུངས་ལན་གསུམ་བརྗོད། དངོས་གཞི་ལ་དམིགས་རྟེན་གསལ་གདབ་པ་ནི། མདུན་མཁར་སེང་ཁྲི་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་དཔལ་ལྡན་ཨ་ཏི་ཤ །དཀར་གསལ་མཛེས་འཛུམ་ཆོས་གོས་རྣམ་གསུམ་གསོལ། །དབུ་ལ་པཎ་ཞྭ་ཕྱག་གཉིས་ཆོས་འཆད་མཛད། །སྐུ་གཡས་པདྨའི་སྡོང་རྩེར་མཆོད་སྡོང་ཆེ། །གསེར་གདུགས་ཅན་དང་གཡོན་གྱི་པད་སྡོང་རྩེར། །དངུལ་གདུགས་ཅན་དང་བསིལ་བྱེད་ལྷུང་བཟེད་སོགས། །མཛེས་པར་བསྟར་ཞིང་མཚན་དཔེ་དཔལ་དུ་འབར། །མཐོང་ན་མི་མཐུན་མེད་པའི་སྐུ་ཅན་གྱི། །ཐུགས་ཀར་འོད་ལྔའི་གོང་བུའི་སྦུབས་སུ་ནི། །ཆོས་སྐུ་མཐིང་སྐྱ་མཉམ་བཞག་སྐྱིལ་ཀྲུང་ཅན། །དེ་ཡི་ཐུགས་ཀར་བྱང་སེམས་ཐིག་ལེ་ནི། །གསེར་མདོག་ཡུངས་འབྲུ་ཙམ་པ་ཕྲ་གསལ་འཚེར། །བླ་མའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །དཔག་མེད་བྱོན་ནས་སྤྱི་བོའི་བླ་མར་ཐིམ། །སྐྱབས་གསུམ་ཀུན་འདུས་ངོ་བོར་བཞུགས་པར་བསམ། །འཕགས་པ་བཟང་པོ་སྤྱོད་པ་ནས་འབྱུང་བའི་ཡན་ལག་བདུན་པ་དང་། མཎྜལ་ཅི་ནུས་དབུལ་བར་བྱ། སླར་ཡང་དོན་དམ་ཡན་ལག་བདུན། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པའི། །གྲངས་མེད་འདྲེན་ལ་རྗེས་ཡི་རང་། །སྨོན་དང་མཚན་ནས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་མེད་ཁང་དུ་འདྲོངས་གྱུར་ཅིག །ཅེས་བརྗོད་བྱང་ཆུབ་སེམས་སྡོམ་བླངས། །གཏོང་ལེན་དམིགས་པ་ཡང་ཡང་བསྒོམ། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ལ་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཞེས་གྲངས་གསོགས། ཤིན་ཏུ་ལེགས་པ་ངོ་མཚར་རྒྱ་མཚོའི་དཔལ། །ཀུན་ལ་བྱང་སེམས་འབྱོང་བར་བྱིན་གྱིས་རློབས། །རྒྱལ་རིགས་རིག་པའི་གནས་ལྔ་ཀུན་ལ་མཁས། །སྒྲོལ་མས་ལུང་བསྟན་གངས་ཅན་དཔལ་དུ་བྱོན། །བདག་པས་གཞན་ཅེས་འབྱོངས་ནས་གཞན་དོན་མཛད། །མཚུངས་མེད་ཨ་ཏི་ཤ་ལ་གསོལ་བ་འདེབས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་དགུའི་སྡུག་བསྔལ་འཕྲལ་དུ་བསལ་དུ་གསོལ། །འགྲོ་ཀུན་བྱང་ཆུབ་ལམ་ལ་དྲང་དུ་གསོལ། །ཕན་བདེ་ཀུན་གྱི་འབྱུང་གནས་སྩལ་ཏུ་གསོལ། །སྐྱིད་འགོ་ད་ལྟ་ཉིད་དུ་འཛུག་ཏུ་གསོལ། །སྲིད་པའི་སྡུག་བསྔལ་ཐམས་ཅད་གཞོམ་དུ་གསོལ། །ཆོས་ཀྱི་བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །བྱ་རྒྱུ་ཆོས་ལས་མེད་པར་བྱིན་གྱིས་རློབས། །ཞེས་རྒྱལ་བ་འབྲོམ་གྱི་གསུང་བྱིན་རླབས་ཅན་དང་། གདོད་ནས་རྣམ་དག་སྣང་སྟོང་དག་པའི་གཤིས། །བཞིན་ལེགས་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང་། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་ལྡན་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། མཚན་སྔགས་བཟླ་ན། ཨོཾ་མ་ཧཱ་གུ་རུ་དཱི་པཾ་ཀཱ་ར་ཨ་ཏི་ཤ་སྭཱཧཱ། ཞེས་དང་། ཨོཾ་དྷརྨ་ཀཱ་ཡ་སིདྡྷི་ཧཱུཾ། ཞེས་ཆོས་སྐུའི་མཚན་སྔགས་དང་། ཨོཾ་ཨཱཿཧཱུཾ་ཅི་ནུས་བཟླའོ། །དེ་ཚེ་བླ་མའི་སྐུ་ཉིད་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་བསྡུས་ནས་སླར་འོད་འཕྲོས། །སྣོད་བཅུད་སྒྲིབ་སྦྱངས་དག་པ་ཡི། །རྟེན་དང་བརྟེན་པར་བསྒྱུར་བ་དང་། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །རང་གི་ལུས་གང་སྒྲིག་དག་ཅིང་། །གསང་གསུམ་བྱིན་རླབས་ཐོབ་པར་བསམ། །བླ་མ་དགྱེས་པ་ཆེན་པོ་ཡིས། །འོད་ཞུ་ཆོས་ཀྱི་སྐུ་ལ་ཐིམ། །ཆོས་སྐུ་གཉུག་མའི་ཐིག་ལེར་བསྡུ། །ཐིག་ལེ་དེ་ཡང་སྤྱི་གཙུག་ནས། །ཞུགས་ཏེ་རང་གི་སྙིང་གར་ཐིམ། །དེ་དང་རང་སེམས་དབྱེར་མེད་ངང་། །ཅི་ཙམ་གནས་ཀྱི་བར་དུ་བཞག །དེ་ཚེ་སྤྲོ་ཞིང་བསྡུ་བ་ཡི། །འོད་གསལ་རྣལ་འབྱོར་ཆེན་པོའི་ངང་། །འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ། །རང་བྱུང་ཡེ་ཤེས་བདག་ཉིད་དོ། །དེ་ལས་ལྡང་བ་ན། དགེ་བ་བསྔོ་བ་དང་། འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རྗེས་ཐོབ་ཀུན་ཏུ་དྲན་ཤེས་བག་ཡོད་དང་ལྡན་པའི་སྙིང་རྗེ་སྒྱུ་མའི་ལམ་ཁྱེར་དང་། བླ་མའི་སྣང་བ་དང་མི་འབྲལ་བ་ལ་བསླབ་པར་བྱའོ། །ཤིན་ཏུ་ཟབ་པ་བཀའ་གདམས་ཀྱི། །མན་ངག་ཐིག་ལེའི་ཉིང་ཁུའི་བཅུད། །རང་གི་མོས་པས་སྦྱར་བ་འདིས། །འགྲོ་ཀུན་བྱང་ཆུབ་སེམས་འབྱོངས་ཤོག །ཅེས་པའང་ས་ཁྱི་རྒྱལ་ཟླའི་ཚེས་ལ་རང་གི་དད་མོས་ཀྱི་རྟེན་དུ་བཀའ་གདམས་རིང་ལུགས་གཙང་མར་དད་པ་བརྟན་པོ་དང་ལྡན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་མཉམ་མེད་ཇོ་བོ་ཆེན་པོའི་བྱིན་རླབས་སྙིང་ལ་སིམ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། པོད། ༼ག༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༤བ༦ བར།