༄༅། །མཁན་སློབ་ཆོས་གསུམ་སོགས་བོད་ལ་བཀའ་དྲིན་ཆེ་བ་རྣམས་ལ་བསྟོད་པ།

༄༅། །མཁན་སློབ་ཆོས་གསུམ་སོགས་བོད་ལ་བཀའ་དྲིན་ཆེ་བ་རྣམས་ལ་བསྟོད་པ།[1]

༼ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) སོགས་ཀྱིས་མཛད་པ།༽

 

ཟ་ཧོར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། །ཐམས་ཅད་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་། །ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག །བོ་དྷི་ས་ཏྭའི་ཞབས་ལ་ཕྱག་འཚལ་ལོ། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པ། །

སྐད་གཉིས་སྨྲ་བའི་བློ་གྲོས་གསལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་བདག་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་བ། །ཆོས་རྒྱལ་མེས་དབོན་རྣམས་ལ་ཕྱག་འཚལ་ལོ། །བོད་ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར། །དམ་པ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྤར། །བོད་འབངས་སེམས་ཅན་བདེ་ལ་འགོད་མཛད་པ། །སྤྲུལ་པའི་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་མཛེས། །བཀའ་དང་བསྟན་བཅོས་སྒྲ་སྒྱུར་གཏན་ལ་འབེབས། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །མཁས་གྲུབ་ལོ་པཎ་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ཡོངས་འཛིན་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་ཡོན་ཏན་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་ལོ།།  །།

[1] སྒྲུབ་ཐབས་ཀུན་བཏུས། ༼ཐ༽ ཤིང་པར་དཔེ་རིང་། ཤོག་གྲངས་ ༡༠༩བ༣ ནས་ ༡༡༠ན༡ བར།

Leave a Reply

Your email address will not be published. Required fields are marked *