༄༅། །བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

 

༄༅། །བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།[1]

 

༼ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པ།༽

 

རྗེ་བཙུན་བླ་མ་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། རབ་འབྱམས་བཀའ་དང་གདམས་ངག་མ་ལུས་ལ། །དབང་བསྒྱུར་རྗེ་བཙུན་བྱམས་པ་མགོན་པོ་ཉིད། །བློ་བཟང་གྲགས་པའི་དཔལ་གྱི་སྐུར་བསྟན་པ། །འཇམ་མགོན་བླ་མ་བསྟན་པའི་བདག་པོ་རྒྱལ། །

བསྐལ་བཟང་ལྷ་ལམ་མཛེས་པའི་རྒྱན་གྱུར་འདྲེན་པ་རྒྱུ་སྐར་སྟོང་གི་དབུས། །རྒྱལ་སྲས་གཞན་གྱིས་དཔག་དཀའི་ལྷག་བསམ་སྙིང་སྟོབས་ཆ་ཤས་ཡོངས་སུ་རྫོགས། །སྙིགས་མའི་འགྲོ་ལ་ལྷག་པར་བརྩེ་བ་ཐུགས་རྗེ་བསིལ་བའི་འོད་དཀར་ཅན། །ཐུབ་དབང་སྨྲ་བའི་ཟླ་བ་བདག་སྙིང་ཀུནྡའི་ཟེའུ་འབྲུར་རྟག་ཏུ་བཞུགས། །རྒྱལ་བའི་གསུང་རབ་ཆུ་གཏེར་ཆེན་པོ་དྲང་ངེས་རྦ་རླབས་ཆེར་འཁྲུག་པ། །དྲི་མེད་རིགས་པའི་སྐྱ་བ་བཟུང་སྟེ་ཐབས་མཁས་གྲུ་ཡིས་ལེགས་བགྲོད་པས། །ངེས་དོན་ཡིད་བཞིན་ནོར་བུ་རྙེད་དེ་ལེགས་བཤད་གྲུ་ཆར་ཕབ་པ་ཡིས། །སྐལ་བཟང་ཚོགས་རྣམས་ཚིམ་མཛད་ཤིང་རྟ་ཆེན་པོ་གཉིས་ལ་སྙིང་ནས་འདུད། །ཤཱཀྱ་སེང་གེའི་བསྟན་པ་ཡི། །སྙིང་པོ་མཐར་ཐུག་ཤེར་ཕྱིན་དོན། །འབྱེད་ལ་སྨོན་ལམ་མཐུ་གྲུབ་པ། །རྒྱལ་སྲས་བཟང་པོའི་མཚན་ཅན་རྒྱལ། །གང་གི་ལེགས་བཤད་འདབ་བརྒྱ་རྒོད་པ་ཡི། །ཟེའུ་འབྲུ་ལ་ཆགས་ལམ་བཟང་བདུད་རྩིའི་བཅུད། །མྱངས་པས་དགའ་བའི་ཤུགས་ཀྱིས་བསྐྱོད་པ་ཡིས། །བསྔགས་བརྗོད་བུང་བའི་གླུ་དབྱངས་འདི་བསྒྲགས་སོ།།

གང་ཡང་འཇིག་རྟེན་རྒན་པོ་དག་གིས་ལུགས་རྣམ་པར་ཕྱེ་བའི་རྗེས་སུ་ཞུགས་ཏེ་ལུས་འདི་གསོ་བའི་ཕྱིར་དུ་བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། དགྲ་འདུལ་བ་དང་། གཉེན་སྐྱོང་བ་ལྷུར་བྱ་བ་སོགས་མ་ཤི་ཚུན་ཆད་ཀྱི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཙམ་ལ་འབད་པ་ནི་དུད་འགྲོའི་ཀུན་སྤྱོད་དང་མཚུངས་པས་ལེགས་ཉེས་འབྱེད་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ནི་ཚེ་འདིའི་བདེ་ཐབས་ཙམ་གྱིས་ཆོག་པར་མི་བྱ་བར། ཚེ་རབས་གཏན་དུ་ཕན་པའི་ཐབས་ཤིག་ལ་འབད་དགོས་ལ། དེ་ཡང་ཚེ་རབས་སྔ་མ་རྣམས་སུ་བསོད་ནམས་བསགས་པའི་མཐུས་དལ་བའི་རྟེན་བཟང་པོ་ཐོབ། བསྐལ་མང་སྟོང་དུ་མཚན་ཙམ་ཡང་ཐོས་པར་དཀའ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ལན་ཅིག་མཇལ་བའི་སྐབས་འདིར་བློ་ཁ་ནང་དུ་ལོག་ནས་དལ་བའི་རྟེན་ལན་ཅིག་རྙེད་པ་འདི་ཉིད་ཆུའི་ཆུ་བུར་དང་གློག་གི་གར་ལྟར་དུ་གློ་བུར་དུ་མི་འཇིག་པའི་གདེང་མེད་ཅིང་། ལུས་རྟེན་འདི་དང་བྲལ་བའི་འོག་ཏུ་གནས་སྐབས་ཇི་ལྟ་བུ་ཞིག་ཏུ་འགྱུར། དེས་ན་ཚེ་ཕྱི་མར་ཕན་པའི་ཐབས་ཤིག་ཅི་ནས་ཀྱང་བྱའོ་སྙམ་དུ་བསམ། ཕྱི་མར་བདེ་སྡུག་ཅི་འདྲར་འགྱུར་བ་ད་ལྟའི་སྤྱོད་པ་ལ་རག་ལས་ཏེ། ད་ལྟ་སྒོ་གསུམ་མི་དགེ་བའི་དབང་དུ་སོང་ན་ཕྱི་མར་སྡུག་བསྔལ་དྲག་པ། རྩུབ་པ། མི་བཟད་པ། དཔེ་བྱ་བར་དཀའ་བ་བརྒྱུད་མར་མྱོང་དགོས་ཤིང་། ད་ལྟ་སྒོ་གསུམ་དགེ་བའི་ལས་ལ་བཀོལ་ན་ཕྱི་མར་སུས་ཀྱང་དགག་ཏུ་མེད་པར་བདེ་འགྲོའི་རྟེན་ཐོབ་ནས་བདེ་བ་བརྒྱུད་མར་མྱོང་བར་འགྱུར་ལ། དེའི་ཕྱིར་ཚེ་རབས་ཕྱི་མར་ཕན་པར་ངེས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ལ། ཆོས་ལ་ཡང་རིམ་པ་མང་སྟེ། ཕྱི་མར་ངན་འགྲོའི་གཡང་ས་ལས་ཐར་ཏེ་བདེ་འགྲོ་ཐོབ་པའི་ཐབས་ཙམ་དང་། རང་གཅིག་པུ་འཁོར་བ་ལས་ཐར་བའི་ཐབས་ཙམ་དང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཐེག་པ་གསུམ་དུ་ཡོད་པ་ལས། བློ་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་བྱིན་རླབས་སེམས་ལ་ཞུགས་པ། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བ་དག་གིས་ནི་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱ་བ་ཡིན་ལ། དེ་ལ་ཡང་དྲང་ངེས་ཀྱི་རིམ་པ་མང་དུ་ཡོད་པ་ལས། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་རྩེ་མོར་གྱུར་པ་རྒྱལ་བ་རང་ཉིད་ཀྱི་དགོངས་བཞེས་མཐར་ཐུག་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་རྙེད་པ་ལ། རྒྱལ་བ་རང་ཉིད་ཀྱིས་ངེས་པའི་དོན་སྟོན་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་གཉིས་ཀྱི་གཞུང་ལ་ཞུགས་ཏེ་རིགས་པའི་མིག་རྙེད་པར་བྱས་ལ། སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་ལ་བརྟེན་ནས་ངེས་དོན་གྱི་མདོའི་དོན་དྲི་མ་མེད་པའི་རིགས་པས་རྙེད་པ་ཞིག་དགོས་ལ། དེ་ཡང་མདོའི་དོན་འགྲེལ་བ་ལ་ཚད་མར་གྱུར་པའི་དམ་པའི་མན་ངག་ལ་མ་བརྟེན་པར་དེང་སང་གི་སྐྱེ་བོ་དག་གིས་རང་དགར་ཞུགས་ཀྱང་ལོང་བ་ལོང་ཁྲིད་མེད་པར་མྱ་ངམ་གྱི་ཐང་དུ་འཁྱམས་པ་ལྟར་མདོའི་དོན་ཕྲ་བ་ཟབ་པ། བརྟག་པར་དཀའ་བ། རྟོགས་པར་དཀའ་བས་ཡང་ན་རྟག་པའི་མཐར་ལྟུང་། ཡང་ན་ཆད་པའི་མཐར་ལྟུང་བར་འགྱུར་བས་མདོ་དོན་འགྲེལ་བ་ལ་ཚད་མར་གྱུར་པའི་སྐྱེ་བོ་དམ་པའི་རྗེས་སུ་ཞུགས་ཏེ། ཤེར་ཕྱིན་གྱི་མདོའི་དགོངས་པ་འཚོལ་དགོས་ལ། ཤེར་ཕྱིན་གྱི་མདོའི་དོན་འགྲེལ་བ་ལ་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་ཅིང་། རྗེ་བཙུན་བྱམས་པ་མགོན་པོས་དངོས་སུ་བྱིན་གྱིས་བརླབས་པས། མདོ་རྒྱན་སྦྱོར་བ་ལ་མི་འཇིགས་པའི་གདེངས་ཐོབ་སྟེ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་མདོ་རྒྱན་སྦྱར་ཏེ་སྟོན་པ་ལ་ཟླ་དང་བྲལ་བ་ནི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ཡིན་པས་ན། འདིར་རྒྱལ་སྲས་སེངྒེ་བཟང་པོས་ཤེར་ཕྱིན་གྱི་མདོའི་དགོངས་པ་ཇི་ལྟར་བཀྲལ་བའི་ཚུལ་ལས་བརྩམས་ཏེ་རྟོགས་པ་བརྗོད་པ་ལྷུར་ལེན་པར་བྱའོ།།

དེ་ཡང་འདི་ལྟར་ཐོས་ཏེ། སྔོན་ཡུན་རིང་པོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་བསླབས་པ། སྔོན་གྱི་རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་ཏེ་ལྷག་པར་བྱ་བ་བྱས་པ། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུབ་པ། རྒྱལ་སྲས་སེངྒེ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ནི། སྲིད་པ་མཐའ་དག་མེ་འབར་བའི་རླུབས་ལྟར་མཐོང་ཡང་སྙིགས་མར་ལུས་པའི་འགྲོ་བ་ཉམ་ཐག་པ། བློ་གྲོས་ཀྱི་མིག་ལྡོངས་པ། རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པ་ལ་འགྲོན་པོ་ཕྱོགས་བསླད་པ་ལྟར་གྱུར་པ་རྣམས་ལ་ཐུགས་རྗེས་མ་བཟོད་ནས། ཞིང་འདིར་རྒྱལ་བའི་དགོངས་པ་མཐར་ཐུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན། དང་པོར་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པ་ནས་བཟུང་། མཐར་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་བར་གྱི་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་ཡུམ་གྱི་མདོ་དང་སྦྱར་ཏེ་འཛམ་བུའི་གླིང་འདིར་ཆེས་ཆེར་གསལ་བར་བྱ་བའི་ཕྱིར་འཛམ་བུའི་གླིང་གི་ཡུལ་དབུས་བསྐལ་བཟང་གི་སངས་རྒྱས་སྟོང་པོ་ཐམས་ཅད་གང་དུ་འཚང་རྒྱ་བའི་ཚུལ་སྟོན་པའི་གནས་རྡོ་རྗེའི་གདན་དང་ཉེ་བའི་ཕྱོགས་སུ་བསམ་བཞིན་དུ་མིའི་སྲིད་པ་བཟུང་སྟེ་རྒྱལ་རིགས་ཤིག་ཏུ་སྐུ་འཁྲུངས་སོ་ཞེས་གྲག་གོ།

སྐྱེ་བོ་བླུན་རྨོངས་དག་ནི་དུད་འགྲོའི་ཀུན་སྤྱོད་ཇི་ལྟ་བར་ཚེ་འདིའི་བདེ་ཐབས་ཙམ་ཞིག་ལྷུར་ལེན་ལ། སེམས་དཔའ་ཆེན་པོ་རྣམས་ནི་རང་གི་དོན་དུ་དག་པའི་ཞིང་གི་དཔལ་དང་འབྱོར་པ་ཚད་མེད་པ་དག་ཀྱང་རྩྭ་ལྟར་འདོར་ལ། སེམས་ཅན་གྱི་དོན་དུ་འགྱུར་བར་མཐོང་ན་དམྱལ་བའི་མེ་དོང་དུའང་ཚ་བས་གདུངས་པ་དད་པར་མཚོ་བསིལ་བར་འཇུག་པ་ཇི་ལྟ་བར་དགའ་བཞིན་སྤྲོ་བཞིན་དུ་འཇུག་པས། བདག་ཉིད་ཆེན་པོ་འདི་ཡང་རང་གི་དོན་དུ་དག་པའི་ཞིང་ལའང་མ་ཞེན་པར་སྙིགས་མ་ལྔས་ཆེས་ཆེར་སྦགས་པའི་དུས་འདིར་འཛམ་བུའི་གླིང་དུ་ཐུབ་པའི་བསྟན་པའི་སྙིང་པོ་གསོ་བར་བཞེད་ནས་སྡུག་བསྔལ་དང་ཉམ་ཐག་པ་ཅི་བྱུང་ཡང་བཟོད་པར་བྱས་ཏེ་བསམ་བཞིན་དུ་མིའི་སྲིད་པ་བཟུང་བ་ཡིན་པས་ན། ཐེག་པ་ཆེན་པོའི་ལམ་ལ་སློབ་པར་འདོད་པ་རྣམས་ཀྱིས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་མཛད་པ་བཟང་པོའི་རྗེས་སུ་བསླབ་པར་བྱའོ།།

དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་དེས་གཞོན་ནུ་ཉིད་ནས་ཁྱིམ་གྱི་འདུ་འཛི་དང་འདོད་པའི་ཡོན་ཏན་ལ་མ་ཆགས་པར་སྐྱེ་བོ་དམ་པ་དག་ལ་བརྟེན་ཏེ། སྤྱིར་རིག་པའི་གནས་མཐའ་དག་ལ་མཁས་པར་བྱས་ཤིང་། ལྷག་པར་མཁན་པོ་རྣམ་སྣང་མཛད་བཟང་པོའི་སྤྱན་སྔར་རབ་ཏུ་བྱུང་ཞིང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་གཉིས་རིམ་གྱིས་བཞེས་ཏེ་རྩ་བའི་སྡེ་པ་བཞིའི་ནང་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་རྗེས་སུ་ཞུགས་ཏེ་འདུལ་བ་ལུང་སྡེ་བཞིའི་དགོངས་དོན་སློབ་དཔོན་ཡོན་ཏན་འོད་ཀྱིས་ཇི་ལྟར་བཀྲལ་བ་ལྟར་འདུལ་བ་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་མཐའ་དག་ཉམས་པ་མེད་པར་བསྲུངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ཚུགས་པར་མཛད་དོ།།

དེ་ལྟར་མཛད་པ་འདི་ནི་རྒྱལ་བ་དགྱེས་པའི་ལམ་སྲོལ་རྨད་དུ་བྱུང་བ་སྟེ། ཐེག་པ་གསུམ་གྱི་ལམ་གང་དུ་འཇུག་ཀྱང་། ཐོག་མར་ཡོན་ཏན་ཐམས་ཅད་གྱི་གཞི་རྟེན་དང་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ནི། རྒྱལ་བ་ཉིད་ཀྱིས་ཇི་ལྟར་བཅས་པའི་བསླབ་ཁྲིམས་དག་པར་བསྲུང་བ་ཉིད་ཡིན་ཏེ། ཚུལ་ཁྲིམས་དག་པ་འདི་མེད་ན་ལམ་གོང་མ་ཇི་འདྲ་ཞིག་ལ་འབད་བློ་བྱས་ཀྱང་འཁྱགས་སྟེང་དུ་མཁར་བརྩིགས་པ་དང་། རྩ་བ་མེད་པར་ཡལ་ག་འཚོལ་བ་ལྟར་ཅི་བྱས་ངལ་བ་འབྲས་མེད་དུ་འགྱུར་བས་ན། རྒྱལ་བ་དགྱེས་པའི་ལམ་དུ་འཇུག་པར་འདོད་པ་རྣམས་ཀྱིས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་མཛད་པ་ལྟར་ཐོག་མར་ཚུལ་ཁྲིམས་རྣམ་པར་དག་པའི་རྩ་བ་ཚུགས་པ་ཞིག་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ། །དེ་ནས། མདོ་སྡེ་རྒྱན་ལས།

རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་པར། །

འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །

དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །

བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །

ཞེས་གསུངས་པ་ལྟར། ཐོག་མར་ཤེས་བྱའི་གནས་རྣམས་ལ་ལེགས་པར་སྦྱངས་ཏེ་ཤེས་དགོས་པར་དགོངས་ནས་མཁན་པོ་རྣམ་སྣང་མཛད་ལ་བརྟེན་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད། དེ་ཡང་ཁྱད་པར་འཕགས་བསྟོད་ལས།

བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱེད་ལ་བདག་སྐྱབས་མཆི། །

དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་དང་།

མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །

དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར། །

ཅེས་གསུངས་པ་ལྟར་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་རྣམས་ཀྱི་སྐྱོན་མཚང་རིག་པར་བྱས་ནས་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལ་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་ཡིད་ཆེས་ཀྱི་དད་པ་བརྟན་པོ་བསྐྱེད་དགོས་པར་དགོངས་ནས་མུ་སྟེགས་ཀྱི་གཞུང་ལུགས་རྣམས་ཀྱང་ལེགས་པར་རྟོགས་པར་མཛད་དེ། མུ་སྟེགས་ལའང་ཆད་སྨྲ་དང་རྟག་སྨྲ་གཉིས་སུ་ཡོད་ཅིང་། མུ་སྟེགས་ཆད་པར་སྨྲ་བ་ནི་རྒྱང་འཕེན་པའམ་ཚུ་རོལ་མཛེས་པ་བ་ཞེས་བྱ་བ་སྟེ། མུ་སྟེགས་ཆད་པར་སྨྲ་བ་དེ་དག་གིས་ནི་མ་ཤི་ཚུན་ཆད་ཀྱི་ལུས་འདི་གསོ་བའི་ཐབས་ཙམ་ཞིག་སྨྲ་བ་ལས། འཇིག་རྟེན་ཕྱི་མ་མེད་པར་འདོད་པས། རིགས་པ་ལྟར་སྣང་གིས་འཇིག་རྟེན་བསླུས་ཏེ་ལས་རྒྱུ་འབྲས་མི་བདེན་པར་སྨྲ་ཞིང་། སེམས་འདི་ལུས་དང་ལྷན་ཅིག་སྐྱེ་ཞིང་། ལུས་ཞིག་པའི་ཚེ་སེམས་ཀྱང་ཞིག་ནས་རྒྱུན་ཆད་པར་སྨྲ་བ་རང་གཞན་ཐམས་ཅད་ཕུང་བར་བྱེད་པ་ཤིན་ཏུ་ཐ་ཆད་པ་ཞིག་གོ།

མུ་སྟེགས་རྟག་སྨྲ་ལ་རིགས་མང་དུ་ཡོད་ཅིང་། འགའ་ཞིག་སྡིག་པ་གཞོམ་ཕྱིར་ལུས་འདི་ལ་གདུང་བ་སྒོ་དུ་མ་ནས་བསྐྱེད་དེ་ལུས་ཆུ་ནང་དུ་ཞུགས་ནས་བཀྲུ་བ་འབའ་ཞིག་ལྷུར་བྱེད་པ་དང་། མེ་ལྔ་བསྟེན་ཏེ་སྒོ་ཀུན་ནས་ལུས་གདུང་བར་བྱེད་པ་དང་། སྡིག་པ་ཕལ་ཆེར་ལག་པ་འདིས་གསོག་གོ་ཞེས་ལག་པའི་ཚིག་སྤུར་ཏེ་ལས་སུ་མི་རུང་བར་བྱེད་པ་དང་། འཁྲིག་པའི་འདོད་ཆགས་ནི་ཕོ་མཚན་འདིས་བྱེད་དོ་ཞེས་ཕོ་མཚན་ལ་ལྕགས་ཀྱི་ཨ་ལུང་བཏགས་ཏེ་ལས་སུ་མི་རུང་བར་བྱེད་པ་དང་། ཟས་བཅད་དེ་ལུས་སྐམས་པར་བྱེད་པ་དང་། མདུང་རྩེ་གསུམ་གྱི་སྟེང་དུ་མཆོངས་ཏེ་ལུས་ཉམས་པར་བྱེད་པ་སོགས་སེམས་ཀྱི་ཉོན་མོངས་སྦྱོང་ཐབས་མི་ཤེས་པར་ལུས་འབའ་ཞིག་གདུང་བར་བྱེད་པ་དང་། མུ་སྟེགས་འགའ་ཞིག་ལས་རྒྱུ་འབྲས་ཁས་ལེན་ཅིང་། ཐར་པ་ཐོབ་པར་འདོད་ཟེར་ཡང་ཐར་པ་ངོས་མ་ཟིན་ཅིང་། འཁོར་བའི་རྩ་བ་ངོས་མ་ཟིན་པར་ཐར་པ་ཞེས་བྱ་བ་ནི་སེམས་ནམ་མཁའ་ལ་ཡལ་བ་ཞིག་ལ་ཟེར་ཞེས་བརྗོད་པ་དང་། ཕུང་པོ་འདི་ལ་དབང་བསྒྱུར་བ་པོའི་གང་ཟག་གི་བདག་ཡོད་པར་བཟུང་ནས་དེ་འདྲ་བའི་བདག་དེ་ལམ་སྒོམ་པ་པོར་འདོད་དེ་འཁོར་བ་སྤོང་བར་འདོད་ལ། འཁོར་བའི་རྒྱུ་གང་ཡིན་ངོ་མ་ཤེས་པར་གང་ཟག་གི་བདག་ཡོད་པར་བཟུང་ནས། འཁོར་བའི་རྩ་བ་བདག་འཛིན་བརྟན་པར་བྱེད་པས་འགལ་འདུ་ཤ་སྟག་སྨྲ་སྟེ་ཅི་བྱས་རང་ཉིད་ལ་ངལ་བ་ལྷུར་ལེན་པར་ཟད་ལ། ཕྱི་རོལ་པའི་སྐྱོན་དེ་དག་ལེགས་པར་མཐོང་ནས་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོས་རང་ཉིད་འཁོར་བའི་འཇིགས་པ་མཐའ་དག་ལས་གྲོལ་ནས། རང་ཉིད་གང་ནས་གཤེགས་པའི་ལམ་དྲང་པོ་མ་ནོར་བ་གཏན་དུ་དགེ་བ་མཐར་ཐུག་གི་འབྲས་བུ་ངེས་པར་སྟེར་བར་གསུངས་པ་འདི་ལ་ཚིག་ཙམ་གྱིས་རྗེས་སུ་འབྲང་བ་མིན་པར་དྲི་མ་མེད་པའི་རིགས་པའི་ངེས་ཤེས་རྙེད་ནས་འཇུག་པར་བྱ་བ་ཡིན་ལ། རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་གྲུབ་མཐའ་བཞི་བྱུང་སྟེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། རྣམ་རིག་པའམ་སེམས་ཙམ་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་སྟེ་བཞིའོ།།

དེའི་དང་པོ་བྱེ་བྲག་ཏུ་སྨྲ་བ་ནི། ཐོག་མར་རྩ་བའི་སྡེ་པ་བཞི་བྱུང་སྟེ། དགེ་འདུན་ཕལ་ཆེན་སྡེ་པ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་པ་སྟེ་བཞིའོ། །བཞི་པོ་དེ་ལས་རིམ་གྱིས་གྱེས་ཏེ་སྡེ་བཅོ་བརྒྱད་བྱུང་སྟེ། ཕལ་ཆེན་པ་ལས་གྱེས་པ་ལྔ། ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། གནས་བརྟན་པ་ལས་གྱེས་པ་གསུམ། མང་བཀུར་བ་ལས་གྱེས་པ་གསུམ་རྣམས་སོ། །བཅོ་བརྒྱད་པོ་དེ་དག་ཇི་ལྟར་བྱུང་བ་ནི། སློབ་དཔོན་དུལ་བའི་ལྷས།

ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །

བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །

གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །

མང་ཐོས་གོས་དམར་སློབ་མར་བཅས། །ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །

གཞི་ཀུན་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །

གཙུག་ལག་ཁང་གནས་གནས་བརྟན་པ། །སར་སྒྲོག་རི་དང་སྲུང་བ་པ། །

གནས་མ་བུ་པའི་སྡེ་རྣམས་ནི། །མང་པོས་བཀུར་བའི་སྡེ་པ་ཡིན། །

ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་སྡེ་པ་བཅོ་བརྒྱད་དོ། །

ཞེས་གང་གི་རྗེས་སུ་འབྲང་བའི་སློབ་དཔོན་དང་། གནས་པའི་ཡུལ་དང་། གྲུབ་མཐའི་འདོད་ཚུལ་གྱི་དོན་གྱི་བྱེ་བྲག་གིས་དབྱེ་བ་བཅོ་བརྒྱད་དུ་ཡོད་པར་གསུངས་པ་ལྟར་རོ།།

བྱེ་བྲག་ཏུ་སྨྲ་བ་ཞེས་བརྗོད་པའི་རྒྱུ་མཚན་ནི། བྱེ་བྲག་ཏུ་བཤད་པ་ཆེན་པོའི་རྗེས་སུ་འབྲངས་ཏེ་གྲུབ་མཐའ་འཛིན་པས་ན་དེ་ལྟར་བརྗོད་པའམ། དུས་གསུམ་རྫས་ཡོད་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་བརྗོད་དོ། །འདིའི་འབྱུང་ཚུལ་ནི། ཤཱ་རིའི་བུས་བྱས་པའི་ཆོས་ཀྱི་ཕུང་པོའི་མདོ་ལ་སོགས་པ་མངོན་པ་སྡེ་བདུན་ཡོད་ཅིང་། བདུན་པོ་དེའི་བརྗོད་བྱའི་གནད་ཐམས་ཅད་དགྲ་བཅོམ་པ་མང་པོས་བསྡུས་ནས་བསྟན་བཅོས་གཅིག་ཏུ་བྱས་པ་ལ་བྱེ་བྲག་ཏུ་བཤད་པ་ཆེན་པོའམ་བྱེ་བྲག་བཤད་མཛོད་ཆེན་མོར་གྲགས་པ་བྱུང་། དེའི་བརྗོད་བྱའི་གནད་ཐམས་ཅད་བསྡུས་ཏེ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་མཛད། མངོན་པ་མཛོད་ཀྱི་བརྗོད་བྱ་དང་བརྗོད་བྱེད་རྣམས་བསྡུ་ན། བརྗོད་བྱ་ཤེས་བྱ་གཞི་ལྔ་དང་། རྗོད་བྱེད་གནས་བརྒྱད་དོ།།

བརྗོད་བྱ་ཤེས་བྱ་གཞི་ལྔ་ནི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ཆོས་ཉིད་འདུས་མ་བྱས་ཀྱི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། བེམ་པོའི་གཞི་སྟེ་ལྔའོ། །ཡང་མངོན་པ་མཛོད་ཀྱི་བརྗོད་བྱ་ཐམས་ཅད་བསྡུ་ན། ཟག་བཅས་དང་ཟག་མེད་བཞི་སྟེ་ལྔའོ། །ཟག་བཅས་ནི་ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་སོ། །ཟག་མེད་བཞི་ནི། ལམ་བདེན། ནམ་མཁའ། སོ་སོར་བརྟགས་འགོག །སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་བཞིའོ། །ཡང་དེའི་བརྗོད་བྱ་ཐམས་ཅད་བསྡུ་ན་འདུས་བྱས་གཉིས། འདུས་མ་བྱས་གསུམ་སྟེ་ལྔའོ། །འདུས་བྱས་གཉིས་ནི། ལམ་བདེན་དང་། དེ་མ་ཡིན་པའི་འདུས་བྱས་རྣམས་སོ། །འདུས་མ་བྱས་གསུམ་ནི། ནམ་མཁའ་དང་། འགོག་པ་གཉིས་ཏེ་གསུམ་མོ།།

རྗོད་བྱེད་གནས་བརྒྱད་ནི། ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་སྤྱིར་སྟོན་པས་གནས་དང་པོ་ཁམས་བསྟན་པའི་གནས། དབང་པོ་བྱེ་བྲག་ཏུ་འཆད་པ་གནས་གཉིས་པ་དབང་པོ་བསྟན་པའི་གནས། ཁམས་གསུམ་འཁོར་བའི་གནས་རྒྱས་པར་སྟོན་པ་གནས་གསུམ་པ་འཇིག་རྟེན་བསྟན་པའི་གནས། འཁོར་བར་སྐྱེ་བའི་རྒྱུ་ལས་ཀྱི་རྣམ་གཞག་རྒྱས་པར་འཆད་པ་གནས་བཞི་པ་ལས་བསྟན་པའི་གནས། འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་ཀྱི་རྣམ་གཞག་རྒྱས་པར་འཆད་པ་གནས་ལྔ་པ་ཕྲ་རྒྱས་བསྟན་པའི་གནས། འཁོར་བའི་རྒྱུ་ཉོན་མོངས་སྤོང་བྱེད་ཀྱི་ལམ་དང་ལམ་དེ་སྒོམ་པ་པོའི་གང་ཟག་འབྲས་བུ་དང་བཅས་རྒྱས་པར་འཆད་པ་གནས་དྲུག་པ་ཁམས་དང་གང་ཟག་བསྟན་པའི་གནས། འཁོར་བ་ལས་ཐར་བའི་ཐབས་ཤེས་པ་བཅུ་བྱེ་བྲག་ཏུ་འཆད་པ་གནས་བདུན་པ་ཡོངས་ཤེས་བསྟན་པའི་གནས། འཁོར་བ་ལས་ཐར་བའི་ཐབས་དམ་པ་ཆོས་རྣམས་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པ་ལ་ཞི་གནས་ཐོབ་དགོས་པས་ཞི་གནས་སྒྲུབ་ཚུལ་སྤྱི་དང་ཁྱད་པར་བསམ་གཟུགས་དང་དེའི་ཡོན་ཏན་རྒྱས་པར་འཆད་པ་གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་གནས་རྣམས་སོ།།

མདོ་སྡེ་པ་ལ་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་སུ་ཡོད་ཅིང་། ལུང་གི་རྗེས་འབྲང་ནི་མངོན་པ་སྡེ་བདུན་གྱི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བའི་མདོ་སྡེ་པ་རྣམས་ཏེ། མངོན་པ་སྡེ་བདུན་ནི།

ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་གལ་བུས། །

རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡེ་ཤེས་ལ་འཇུག་ཀཱ་ཏྱའི་བུས། །

རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །

ཁམས་ཀྱི་ཚོགས་ནི་གང་པོས་བྱས། །

ཞེས་གསུངས་པ་ལྟར་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་མངོན་པ་སྡེ་བདུན་པོ་འདི་བཅོམ་ལྡན་འདས་ཀྱི་བཀའ་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་གོང་དུ་སྨོས་པ་དེ་དག་གིས་བསྡུས་པར་འདོད་དོ།།

རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མའི་མདོ་ཀུན་ལས་བཏུས་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲངས་ཏེ་རྒྱལ་བའི་བཀའི་དགོངས་དོན་དྲི་མ་མེད་པའི་རིགས་པས་དཔྱད་ནས་བཙལ་ཏེ་གྲུབ་མཐའ་སྨྲ་བ་ཞིག་གོ །དེ་ཡང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་བརྗོད་བྱའི་ལུས་ནི་རྟོག་གེའི་ཚིག་དོན་བརྒྱད་དེ། བརྒྱད་ནི། མངོན་སུམ་ཡང་དག་དང་ལྟར་སྣང་གཉིས། རྗེས་དཔག་ཡང་དག་དང་ལྟར་སྣང་གཉིས། སྒྲུབ་ངག་ཡང་དག་དང་ལྟར་སྣང་གཉིས། སུན་འབྱིན་ཡང་དག་དང་ལྟར་སྣང་གཉིས་ཏེ་བརྒྱད་དོ། །དེ་ཡང་ཚང་མ་རྣམ་འགྲེལ་ལྟ་བུ་ལ་མཚོན་ན། ལེའུ་བཞི་ཡོད་དེ། རང་དོན་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་སྟེ་བཞིའོ། །ལེའུ་བཞི་པོ་དེའི་བརྗོད་བྱའི་ལུས་ནི་འདི་ལྟར། ཐོག་མར་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་འབྲས་བུ་དང་བཅས་པ་ལ་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་ངེས་ཤེས་རྙེད་དགོས་པས་ཚུལ་གསུམ་པའི་རྟགས་དང་། དེའི་ལྡོག་ཕྱོགས་རྟགས་ལྟར་སྣང་དང་། གཞན་སེལ་གྱི་རྣམ་གཞག་སོགས་སྟོན་པ་རང་དོན་རྗེས་དཔག་སྟོན་པའི་ལེའུ་དང་། ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད།

ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །

ཞེས་པའི་དོན་རྩལ་དུ་བཏོན་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་དང་པོར་ཐུགས་བསྐྱེད་པ་ནས་མཐར་སངས་རྒྱས་ཏེ་གདུལ་བྱ་རྣམས་ལ་བདེན་བཞིའི་བླང་དོར་བསྟན་པའི་བར་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་རིགས་ལམ་ནས་དྲངས་ཏེ་རྒྱས་པར་གཏན་ལ་འབེབས་པར་བྱེད་པ་ཚད་མ་གྲུབ་པའི་ལེའུ་སྟེ། དེ་ཡང་ཐོག་མར་ཐུབ་པ་ཚད་མའི་སྐྱེས་བུར་བསྒྲུབ་ཕྱིར། མཚོན་བྱེད་དཔེའི་ཚད་མ་བསྟན་ནས་མཚོན་བྱེད་དེས་ཇི་ལྟར་མཚོན་པ་མཚོན་བྱ་དོན་གྱི་ཚད་མ་ཐུབ་པ་ཚད་མའི་སྐྱེས་བུར་རིགས་པ་བརྒྱ་ཕྲག་དུ་མའི་སྒོ་ནས་བསྒྲུབས། དེ་ནས་ལུགས་འབྱུང་གི་སྒོ་ནས་སྟོན་པ་ལམ་གང་ནས་བྱོན་པའི་ཚུལ་དང་། ལུགས་ལྡོག་གི་སྒོ་ནས་ལམ་དེ་ནས་ཇི་ལྟར་བྱོན་པའི་ཤེས་བྱེད་རིགས་པ་བརྒྱ་ཕྲག་དུ་མས་གཏན་ལ་ཕབ་སྟེ་རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ལྟ་བའི་མིག་སྦྱིན་པར་མཛད། དེ་ནས་རང་གིས་ཇི་ལྟར་ངེས་པའི་དོན་རྣམས་ཡུན་རིང་དུ་གོམས་པར་བྱས་པ་ལས་དོན་སྤྱི་དང་མ་འདྲེས་པར་གསལ་བར་མཐོང་བའི་རྣལ་འབྱོར་མངོན་སུམ་སྐྱེ་ཚུལ་དང་། དེའི་མཐའ་གཅོད་དུ་མངོན་སུམ་ལྟར་སྣང་ངོས་གཟུང་བ་དང་། ཚད་འབྲས་ཀྱི་རྣམ་གཞག་སོགས་ལེའུ་གསུམ་པར་རྒྱས་པར་གཏན་ལ་ཕབ། དེ་ནས་རང་གིས་ངེས་པའི་དོན་དེ་ཉིད་གཞན་ལ་སྟོན་པའི་ཚེ། ཚིག་དང་དོན་གྱི་ཆ་ལ་ལྷག་ཆད་ནོར་ཁྲུལ་གང་ཡང་མེད་པ་ཞིག་དང་། གདུལ་བྱའི་རྒྱུད་ལ་ལམ་གྱི་གནད་ལས་བརྩམས་ཏེ་གོ་བ་དང་རྟོགས་པ་སྐྱེ་ཚུལ་གོ་རིམ་མ་འཕྱུགས་པ་ཞིག་དགོས་ཞེས་སྟོན་པ་ལ་ལེའུ་བཞི་པར་གཞན་དོན་རྗེས་དཔག་ཅེས་བྱ་བ་སྒྲུབ་ངག་ཡང་དག་དང་། དེའི་ལྡོག་ཕྱོགས་སྒྲུབ་ངག་ལྟར་སྣང་དང་། གདུལ་བྱའི་ལོག་རྟོག་བཟློག་པའི་ཕྱིར་དུ་ཐལ་བ་འགོད་པ་སུན་འབྱིན་ཡང་དག་དང་། དེའི་ལྡོག་ཕྱོགས་སུན་འབྱིན་ལྟར་སྣང་རྒྱས་པར་བསྟན་ཅིང་། ལམ་ལ་སློབ་པའི་ཚེ་མི་རྟག་པ་དྲན་ནས་དེས་རྒྱུད་བསྐུལ་ཏེ་སློབ་དགོས་སོ་ཞེས་གོ་བའི་ཆེད་དུ་མགོ་མཇུག་ཀུན་ཏུ་མི་རྟག་པ་རྩལ་དུ་བཏོན་ཏེ་འཆད་ཅིང་། སྐྱོན་མེད་བལྟོས་མེད་ཀྱི་རྟགས་ཀྱིས་མཇུག་བསྡུ་བ་རྣམས་མཛད་དོ།།

སེམས་ཙམ་པའི་གྲུབ་མཐའ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་རྗེས་སུ་འབྲངས་ནས་རྗེ་བཙུན་བྱམས་པ་མགོན་པོས་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་དང་། དབུས་མཐའ་དང་། ཆོས་ཉིད་རྣམ་འབྱེད་རྣམས་སུ་སེམས་ཙམ་པའི་གྲུབ་མཐའ་གསུངས་ཤིང་། དེའི་རྗེས་སུ་འབྲངས་ནས་འཕགས་པ་ཐོགས་མེད་ཀྱིས་བྱང་ས་དང་ཐེག་བསྡུས་སོགས་སུ་སེམས་ཙམ་པའི་གྲུབ་མཐའ་རྒྱས་པར་གསུངས། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པ་སོགས་སུ་སེམས་ཙམ་པའི་གྲུབ་མཐའ་རྒྱས་པར་གསུངས། དེའི་རྗེས་སུ་འབྲངས་ནས་རིགས་པའི་དབང་ཕྱུག་རྣམ་པ་གཉིས་ཀྱིས་སེམས་ཙམ་པའི་གྲུབ་མཐའ་རྒྱས་པར་གསུངས་ཤིང་། ལྷག་པར་སློབ་དཔོན་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལེའུ་གསུམ་པར་སེམས་ཙམ་པའི་ལྟ་བ་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་རྒྱས་པར་གཏན་ལ་ཕབ་བོ།།

སེམས་ཙམ་པ་ལ་རྣམ་བདེན་པ་དང་རྣམ་བརྫུན་པ་གཉིས་སུ་ཡོད་ལ། སེམས་ཙམ་རྣམ་བདེན་པ་ནི་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་ལ་གཟུགས་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དང་། རྣམ་བརྫུན་པ་ནི་དེ་ལྟར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པའོ། །འདི་དག་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་དེ་མ་སྤྲོས་སོ། །སེམས་ཙམ་པ་དང་མདོ་སྡེ་པ་གཉིས་ལྟ་བའི་ཁྱད་པར་སྔར་བཤད་པ་དེ་ལྟར་ཡོད་པ་མ་གཏོགས། དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་བགྲོད་ལུགས་འདྲའོ།།

གྲུབ་མཐའ་བཞི་པ་ངོ་བོ་ཉིད་མེད་པར་སྨྲ་བའམ་དབུ་མ་པ་ཞེས་བྱ་བ་ནི། འཕགས་པ་ཀླུ་སྒྲུབ་བྱོན་ནས་འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པའི་ནང་ནས་ཆོས་སྒྲ་བར་པ་ཤེར་ཕྱིན་གྱི་མདོ་དོན་འགྲེལ་བ་ལ་དབུ་མ་རྩ་བ་ཤེས་རབ་སོགས་དབུ་མའི་བསྟན་བཅོས་རྣམས་མཛད་ལ། དེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་རྣམས་ལ་དབུ་མ་པ་ཞེས་བརྗོད་དོ། །དབུ་མ་པ་དེ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་སུ་བྱུང་སྟེ། དབུ་མ་རྩ་བའི་དགོངས་པ་འགྲེལ་བ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད། སློབ་དཔོན་ཟླ་བ་གྲགས་པས་འགྲེལ་པ་ཚིག་གསལ་མཛད་དེ། བདག་ཉིད་ཆེན་པོ་འདི་གཉིས་ཀྱིས་མཛད་པའི་འགྲེལ་པ་གཉིས་པོ་འདིས་ཐལ་འགྱུར་བའི་སྲོལ་ཕྱེ་སྟེ་དེའི་རྗེས་སུ་འབྲང་བ་རྣམས་ལ་ཐལ་འགྱུར་བ་ཞེས་བརྗོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་དེ། གཞུང་དེར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བརྗོད་པའི་ཚུལ་དེ་བཀག་ནས་རང་རྒྱུད་ཀྱི་ཚུལ་གསུམ་པའི་རྟགས་བརྗོད་ཚུལ་བཤད་དེ། གཞུང་དེའི་རྗེས་སུ་འབྲང་བ་རྣམས་ལ་རང་རྒྱུད་པ་ཞེས་བརྗོད། དབུ་མ་རང་རྒྱུད་པ་ལ་ཡང་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ཞེས་གཉིས་སུ་བྱུང་ཞིང་། མདོ་སྡེ་སྤྱོད་པ་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྡེ་རྗེས་འབྲང་དང་བཅས་པ་སྟེ། ཕྱི་དོན་ཁས་ལེན་པ་མདོ་སྡེ་པ་དང་མཐུན་པར་བྱས་ནས་དབུ་མའི་གྲུབ་མཐའ་འཛིན་པས་ན་མདོ་སྡེ་སྤྱོད་པ་ཞེས་བྱ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་སློབ་དཔོན་ཞི་འཚོ་ཡབ་སྲས་ཏེ། འདི་དག་གིས་སེམས་ཙམ་པ་དང་མཐུན་པར་ཕྱི་དོན་བཀག་ནས་ཆོས་ཐམས་ཅད་རང་འཛིན་སེམས་ཀྱི་བདག་ཉིད་དུ་སྒྲུབ་པའི་སྒོ་ནས་དབུ་མའི་ལྟ་བ་འཛིན་པས་ན་རྣལ་འབྱོར་སྤྱོད་པ་ཞེས་བྱའོ།།

དེ་ལྟར་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པ་བཞི་པོ་དེ་དག་ལྟ་བའི་འདོད་ཚུལ་ལ་ཁྱད་པར་བྱུང་བ་མ་གཏོགས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདེན་བཞིའི་བླང་དོར་བསམས་ཏེ་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་བསྐྱེད་པ་དང་། ངེས་འབྱུང་དེས་ཀུན་ནས་བསླངས་ཏེ་ལམ་བསླབ་པ་གསུམ་ལ་སློབ་པ་དང་། དེ་ལྟར་བསླབས་པས་འབྲས་བུ་ཐར་པ་ཐོབ་པའི་ཚུལ་རྣམས་འདྲ་ཞིང་། དངོས་སྨྲ་བ་འགའ་ཞིག་གིས་ཐེག་པ་ཆེན་པོ་བཀར་མི་འདོད་པ་སོགས་ཡོད་ཀྱང་། སྟོན་པ་ཐུགས་རྗེ་ཅན་གྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཞིང་འདིར་བྱོན་ནས་སངས་རྒྱས་ཀྱི་མཛད་པ་བསྟན་ཏེ་ཆོས་འཁོར་བསྐོར་བའི་ཚུལ་རྣམས་འདྲའོ།།

དེ་ལྟར་སློབ་དཔོན་སེང་གེ་བཟང་པོས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་སྦྱངས་པ་ན་ཕྱི་རོལ་པའི་གྲུབ་མཐའ་རྣམས་ནི་སྔ་ཕྱི་འགལ་བ་དང་། དངོས་ཤུགས་འགལ་བ་དང་། རང་ཚིག་འགལ་བ་དང་། ཡང་དག་པའི་ལམ་དང་མི་མཐུན་པ་དང་། འཁྲུལ་བའི་རང་བཞིན་ཅན་དུ་གཟིགས་ཤིང་། རང་གི་གྲུབ་མཐའ་བཞི་པོ་རྣམས་སྔར་བཤད་པ་ལྟར་སྐྱབས་སུ་འགྲོ་བ་དང་། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་། བདེན་བཞིའི་བླང་དོར་བསམས་ཏེ་ངེས་འབྱུང་བསྐྱེད་པ་དང་། ལམ་བསླབ་པ་གསུམ་བགྲོད་པ་དང་། བློ་མཆོག་ཏུ་གྱུར་པ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པ་དང་། མཐར་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚུལ་ལམ་སྤྱིའི་ཁོག་འདྲ་ཡང་ལྟ་བའི་གནད་ལ་མི་མཐུན་པ་ཁོ་ན་བྱུང་སྟེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དུས་གསུམ་རྫས་ཡོད་ཀྱི་བྱེ་བྲག་ཏུ་ལྟ་ཞིང་། གཟུགས་དང་ནམ་མཁའ་ལ་སོགས་པ་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ངོ་བོས་གྲུབ་པ་ཤ་སྟག་ཏུ་ལྟ་ལ། མདོ་སྡེ་པ་རྣམས་ནི་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དོན་རྣམས་བདེན་པར་གྲུབ་པ་ཁོ་ན་དང་། ནམ་མཁའ་སོགས་འདུས་མ་བྱས་རྣམས་བདེན་པར་མ་གྲུབ་པ་རྟོག་པས་སྒྲོ་བཏགས་སུ་ལྟ། སེམས་ཙམ་པ་རྣམས་ནི་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོར་སྣང་བ་རྣམས་སྔོན་གྱི་བག་ཆགས་ཀྱིས་འཁྲུལ་སྣང་དུ་བསྒྲུབས་ནས་ཕྱི་དོན་མེད་པར་ལྟ་ཞིང་གཟུགས་སོགས་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་སྒྲུབ་པར་བྱེད་དོ།།

དབུ་མ་རང་རྒྱུད་པ་རྣམས་ནི་གཟུགས་ལ་སོགས་པའི་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་ཀྱང་བདེན་པར་མ་གྲུབ་པར་ལྟའོ། །དབུ་མ་ཐལ་འགྱུར་པ་རྣམས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པ། རང་བཞིན་གྱིས་མ་གྲུབ་པ། དོན་དམ་པར་མ་གྲུབ་པ། བདེན་པར་མ་གྲུབ་པ་ཤ་སྟག་ཏུ་འདྲ་ཞིང་། ཐ་སྙད་མིང་ཙམ་རྟགས་ཙམ་དུ་ཡོད་པར་འདྲ་བར་ལྟའོ། །དེ་ལྟར་སློབ་དཔོན་སེངྒེ་བཟང་པོས་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་པོ་སོ་སོ་ལ་ཞིབ་ཏུ་སྦྱངས་ཤིང་། སོ་སོའི་ལམ་གྱི་འགྲོས་དང་མན་ངག་གི་གནད་རྣམས་ངེས་པར་ཐུགས་སུ་ཆུད་ཀྱང་། ལྟ་བའི་གནད་ལ་མི་མཐུན་པ་ཤ་སྟག་བྱུང་བ་དག་གིས་ཐུགས་ཟིངས་ཤིང་རྒྱལ་བའི་དགོངས་པ་མཐར་ཐུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཀྲལ་བ་ལྟར་ལྟ་བ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་ཞིག་དང་། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཚང་ལ་མ་ནོར་བ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་དུ་གསུངས་པ་འདིའི་དོན་མཐའ་དག་པར་གོ་སྟེ་རྒྱུད་ལ་སྐྱེ་བ་ནམ་ཞིག་ན་འོང་སྙམ་དུ་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་སྒོ་དུ་མ་ལ་འབད་ཅིང་། མཁན་པོ་རྣམ་སྣང་མཛད་བཟང་པོ་ལོ་བཅུ་བདུན་གྱི་བར་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གཞུང་ལུགས་རྣམས་ལ་སྦྱོང་བ་དང་། ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསྒོམ་པའི་ཚུལ་གྱིས་འབད་པ་བར་མ་ཆད་དུ་མཛད་པས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་། ཤེར་ཕྱིན་གྱི་མདོའི་དོན་འཁྲུལ་པ་མེད་པར་རྙེད་ནས་འཇིགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་སྟེ། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་དོན་གསལ་ལས།

ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་བདག་གི་ངལ་གསོའི་གནས། །

ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །

ཞེས་གསུངས་པ་ལྟར་རོ། །སློབ་དཔོན་སེངྒེ་བཟང་པོས་ལོ་བཅུ་བདུན་གྱི་བར་དུ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ཏེ་ཤེར་ཕྱིན་གྱི་མདོའི་དོན་བཙལ་ཏེ་རྙེད་པ་ནི། ལེགས་བཤད་གསེར་ཕྲེང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པ་དོན་གསལ་བ་འདི་ནི་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་པ་རྒྱས་པས་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་། བྱང་ཆུབ་ཀྱི་ཐུགས་གཉིས་ལེགས་པར་འབྱོངས་པས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེའི་ཕ་རོལ་ཏུ་སོན་པ། ཡུམ་ཟབ་མོ་འདི་འདོམས་པའི་དགེ་བའི་བཤེས་གཉེན་ལོ་བཅུ་བདུན་དུ་ཚུལ་ཐམས་ཅད་ཀྱིས་མཉེས་པར་བྱས་པའི་མཐར་བཅོམ་ལྡན་འདས་མ་ཕམ་པ་ཉིད་ཀྱིས་མདོ་དང་རྒྱན་སྦྱར་ཏེ་བཤད་ནས་ཐེ་ཚོམ་གྱི་དྲ་བ་མཐའ་དག་བསལ་བ། མཚན་བརྗོད་པར་དཀའ་བའི་སློབ་དཔོན་ཆེན་པོ་སེངྒེ་བཟང་པོ་ཞེས་ཉི་མ་དང་ཟླ་བ་ལྟར་གྲགས་པ་དེས་མཛད་པ་རྫོགས་པར་གྲུབ་པའོ། །ཞེས་གསུངས་པ་ལྟར་རོ།།

འདིའི་དགེ་བའི་བཤེས་གཉེན་ནི་མཁན་པོ་རྣམ་སྣང་མཛད་བཟང་པོ་ཡིན་པར་སློབ་དཔོན་རང་ཉིད་ཀྱིས་གསུངས་ཏེ། འགྲེལ་པ་དོན་གསལ་ལས།

འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །

གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱར་བར་མ་བྱས་པར། །

མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །

ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེང་གེ་བཟང་པོས་བྱས། །

ཞེས་གང་གསུངས་པ་ལྟར་རོ། །དེ་ལྟར་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོས་མཁན་པོ་རྣམ་སྣང་མཛད་བཟང་པོ་ཞེས་བྱ་བ་བོད་ཡུལ་དུ་མཁན་ཆེན་ཞི་བ་འཚོར་གྲགས་པ་དེ་དུས་འཛམ་བུའི་གླིང་གི་བསྟན་པའི་བདག་པོར་བཞུགས་པ་དེ་ཉིད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་མན་ངག །ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་གསན་ཏེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་བྱམས་པ་མགོན་པོ་དང་། དེ་ནས་ཐོགས་མེད་སྐུ་མཆེད་གཉིས་དང་། དེ་ནས་འཕགས་པ་གྲོལ་སྡེ་དང་། བཙུན་པ་རྣམ་གྲོལ་སྡེ་དང་། མཆོག་སྡེ་དང་། དུལ་སྡེ་དང་། མཁན་ཆེན་ཞི་བ་འཚོའི་བར་དུ་བར་མ་ཆད་པར་བརྒྱུད་པ་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྗེ་བཙུན་འཇམ་པའི་དབྱངས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ནས་མཁན་ཆེན་ཞི་བ་འཚོའི་བར་ལ་རིམ་གྱིས་བརྒྱུད་པ་ཟབ་མོ་ལྟ་བའི་ལམ་གྱི་རིམ་པ་གཉིས་ཀ་ཚང་བ་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྣམས་རྫོགས་པར་གསན་ཅིང་། ཐུགས་ཉམས་སུ་བཞེས་པར་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ་གདེང་ཐོབ་པ་ན་བསྟན་པའི་སྙིང་པོ་མཐར་ཐུག་པ་འདི་རྒྱ་ཆེར་སྤེལ་བར་བཞེད་ནས་མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་རྗེ་བཙུན་བྱམས་པ་མགོན་པོའི་སྒྲུབ་ཐབས་ཞུས་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་རྨི་ལམ་དུ་རྗེ་བཙུན་བྱམས་པ་མགོན་པོ་དགེ་སློང་གི་ཆ་ལུགས་ཅན་ཞིག་བྱོན་ཏེ་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་རྩལ་ཞིང་། ཁྱད་པར་ཤར་ཕྱོགས་ཁ་སཪྤ་ཎིར་སོང་ལ་སྨྱུང་བར་གནས་པའི་ཆོ་ག་གྱིས་ཤིག །དེ་ལྟར་བྱས་ན་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན། ཇི་ལྟར་ལུང་བསྟན་པ་ལྟར་ཤར་ཕྱོགས་ཁ་སཪྤ་ཎིར་བྱོན་ནས་སྨྱུང་གནས་མཛད་དེ་ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་བྱམས་མགོན་གཉིས་ཀ་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ་པས་ཐོ་རངས་ཁ་ཞིག །ཨོ་ཏནྟ་པུ་རི་བི་ཧ་རའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་ཞིག་གི་གསེབ་ན་ལྷ་མང་པོ་མཆོད་རྫས་སྣ་ཚོགས་པ་ཐོགས་ཏེ་མཆོད་པ་བྱེད་པ་གཟིགས་པ་ན། ལྷ་དེ་དག་ལ་ཅིའི་ཕྱིར་འདི་ལྟར་བྱེད་ཅེས་དྲིས་པ་ན། རྗེ་བཙུན་བྱམས་པ་མགོན་པོ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར། སློབ་དཔོན་གྱིས་ཀྱང་དད་པ་ཤུགས་དྲག་པོས་རྒྱུན་རིང་དུ་གཟིགས་པས་རྗེ་བཙུན་བྱམས་པ་མགོན་པོ་གསེར་གྱི་ལྷུན་པོ་ལ་ཉི་མ་འབུམ་གྱི་མདངས་བྱུགས་པ་ལྟ་བུ། འཇིག་རྟེན་ཐམས་ཅད་འོད་ཀྱིས་འགེངས་པ། དབུའི་གཙུག་ན་བྱང་ཆུབ་མཆོད་རྟེན་ཡོད་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་ཤེར་ཕྱིན་གསུངས་པ་གཟིགས་པ་ན་ཚད་མེད་པའི་དགའ་བ་དང་དད་པ་ཆེན་པོས་ཕྱག་མང་དུ་བཙལ་ཞིང་མཆོད་པ་ཕུལ་ཏེ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་བཏབ། རང་གིས་ཡུན་རིང་པོ་ནས་བསམས་པའི་འདོད་དོན་ཤེར་ཕྱིན་གྱི་མན་ངག་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འཛམ་བུའི་གླིང་འདིར་ཆེས་ཆེར་དར་བའི་གསོལ་འདེབས་ཤུགས་དྲག་ཏུ་མཛད་ཅིང་། རྗེ་བཙུན་བྱམས་མགོན་ཉིད་ཀྱིས་མཛད་པའི་ཤེར་ཕྱིན་གྱི་མན་ངག་མངོན་རྟོགས་རྒྱན་འདི་ལ་སྔོན་གྱི་མཁས་པ་དག་གིས་མཛད་པའི་འགྲེལ་པ་མང་དུ་མཆིས་ཤིང་། དེ་དག་ལ་ལྟ་བའི་གནད་ལ་མི་མཐུན་པ་ཅི་རིགས་སྣང་ན་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པ་ན། རྗེ་བཙུན་བྱམས་པ་མགོན་པོའི་ཞལ་ནས། སྔོན་གྱི་འགྲེལ་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལེགས་པར་རྟོགས། དྲི་མ་མེད་པའི་རིགས་པས་དཔྱད་ནས་འཐད་པའི་ཕྱོགས་རྣམས་བསྡུས་ཏེ་ཁྱོད་ཀྱིས་མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་མདོ་དང་སྦྱར་བའི་འགྲེལ་པ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ།།

དེ་ནས་སློབ་དཔོན་བདག་ཉིད་ཆེན་པོ་སེངྒེ་བཟང་པོས་སླར་ཡང་རྗེ་བཙུན་བྱམས་པ་མགོན་པོ་ལ་མཆོད་པ་ཚད་མེད་པ་ཕུལ་ཏེ། འདོད་དོན་འགྲུབ་པའི་གསོལ་འདེབས་ཤུགས་དྲག་ཏུ་མཛད་ནས་མངོན་རྟོགས་རྒྱན་དང་ཤེར་ཕྱིན་གྱི་མདོ་སྦྱར་བའི་འགྲེལ་པ་རྩོམ་པར་བཞེད་ནས། བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་བའི་ཕྱིར་ཁ་སཪྤ་ཎི་ནས་ནུབ་ཕྱོགས་སུ་བྱོན་པ་ན། དེའི་ཚེ་རྒྱ་གར་ན་ཆོས་ཀྱི་རྒྱལ་པོ་དྷརྨ་པཱ་ལ་བཞུགས་པས། རྒྱལ་པོ་དྷརྨ་པཱ་ལས་རྒྱལ་བའི་བསྟན་པ་ཆེས་ཆེར་སྤེལ་བར་འདོད་ཅིང་། ལྷག་པར་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་མན་ངག་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཆེས་ཆེར་དར་བ་ཞིག་འདོད་ནས་དེའི་ཚེ་རྒྱལ་བའི་ཡུམ་ཤེར་ཕྱིན་གྱི་མན་ངག་འཆད་པ་ལ་མཁས་པའི་པཎྜི་ཏ་སུ་ཞིག་ཡོད། ཅེས་རྩད་དཔྱད་པ་ན་དེའི་ཚེ་སློབ་དཔོན་སེངྒེ་བཟང་པོ་ཤེར་ཕྱིན་གྱི་མན་ངག་འཆད་པ་ལ་མཁས་སོ། །ཞེས་ཐོས་ནས་རྒྱལ་པོ་དྷརྨ་པཱ་ལས་སློབ་དཔོན་སེངྒེ་བཟང་པོ་གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་སློབ་དཔོན་སེངྒེ་བཟང་པོ་བྱོན་པ་ཕྲད་ནས་ཕོ་ཉ་དེས་གདན་དྲངས་པ་ལྟར། སློབ་དཔོན་སེངྒེ་བཟང་པོས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་ཕེབས་ཏེ་རྒྱལ་པོ་དྷརྨ་པཱ་ལས་གསོལ་བ་བཏབ་པ་ལྟར་དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྒྱ་ཆེར་འདོམས་པར་མཛད། དེ་ནས་བྱམས་མགོན་གྱིས་ལུང་བསྟན་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང་མངོན་རྟོགས་རྒྱན་སྦྱར་ཏེ་འགྲེལ་པ་རྩོམ་པར་བཞེད་པ་ན། རྒྱལ་པོ་དྷརྨ་པཱ་ལས་སྦྱིན་བདག་བྱས་ཏེ་ཐོག་མར་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་རྩོམ་པར་མཛད། དེ་ནས་མངོན་རྟོགས་རྒྱན་ཤེར་ཕྱིན་གྱི་མདོ་དང་སྦྱར་ཏེ་རྒྱ་ཆེར་འཆད་པའི་བསྟན་བཅོས་རྩོམ་པར་མཛད་དེ། དེ་ཡང་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། མངོན་རྟོགས་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱད་པ་དང་སྦྱར་ཏེ་རྒྱས་པར་འཆད་པ་བརྒྱད་སྟོང་འགྲེལ་ཆེན་དང་། མངོན་རྟོགས་རྒྱན་མདོ་སྡུད་པ་དང་སྦྱར་ཏེ་འཆད་པ་ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་རྣམས་མཛད་ཅིང་། གཞན་ཡང་ཤེར་ཕྱིན་བསྒོམ་པའི་མན་ངག་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ།།

དེ་ལ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་བསྡུས་དོན་ལེ་བརྒྱད་མ་མཛད་ཚུལ་ནི། རྗེ་བཙུན་བྱམས་པ་མགོན་པོས་ཇི་ལྟར་གསུངས་པ་ལྟར། སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམས་ལ་དཔྱད་པ་ན། འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཉིད་མདོ་རྒྱན་འབྱོར་ཞིང་། ཤིང་རྟ་ཆེན་པོ་གཉིས་ཀའི་མན་ངག་ཚང་ལ། ལྟ་བའི་གནད་ལ་འཁྲུལ་པ་མེད་པ་ཕུལ་དུ་བྱུང་བར་གཟིགས་ནས་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་མཛད་དེ། ཇི་ལྟར་མཛད་ཚུལ་ནི། ཐོག་མར། ཉན་ཐོས་ཞི་བ་འཚོལ་རྣམས། ཞེས་པ་ནས། ཡུམ་དེ་ལ་ཕྱག་འཚལ། །ཞེས་པའི་བར་མཆོད་བརྗོད་དུ་བཀོད་ནས།

རྒྱལ་སྲས་གང་དག་སྐྱེ་བོ་མ་ལུས་བསྒྲལ་ཕྱིར་བྱང་ཆུབ་ཏུ་ནི་ཡིད་བྱས་དང་། །སོ་སོར་བྱང་ཆུབ་རྟོགས་ནས་གང་དག་སླར་ཡང་མཉམ་མེད་བསྒོམ་པར་བྱེད་རྣམས་དང་། །སློབ་མ་དང་ནི་སློབ་མའི་ལམ་འགྲོ་ཉོན་མོངས་ཟིལ་མནན་འགྲོ་བ་གང་ཡིན་པ། །དེ་དག་ཐམས་ཅད་དམ་པའི་ཆོས་ཉན་ཕྱིར་ནི་རབ་དགའི་ཡིད་ཀྱིས་འདིར་སྤྱོན་ཅིག །གང་ཕྱིར་དྲི་མ་མང་པོས་དུས་འདི་དེ་བཞིན་མ་ཡིན་འགྲོ་བ་འདི་ཡིན་ཞིང་། །ལྟ་བ་མཆོག་ཏུ་མི་ལེགས་ཆགས་སྡང་མུན་པར་རབ་ཏུ་ལྷག་གྱུར་མི་གཡོ་ལ། །ཚེ་ཡང་རིང་པོ་མེད་དང་མུན་པས་དྲི་བྲལ་སྣང་བ་བཟང་པོ་དང་ལྡན་པས། །ཐེ་ཚོམ་ཡུལ་མིན་མདོ་འདི་ཀྱེ་མ་རྙེད་དཀའ་བས་ན་རིགས་པར་བདག་གིས་དབྱེ།།

ཞེས་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་འཆད་པར་དམ་བཅའ་མཛད་ནས། མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་ཉི་ཁྲི་དང་སྦྱར་ཚུལ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོ་ན་བཞུགས་ཏེ། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་འདུས་ཤིང་། བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ། །ཞེས་པའི་བར་གྱིས་རྒྱལ་བས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུང་བའི་ཚེ་འཁོར་ཇི་ལྟ་བུ་བྱུང་བ་དང་། གླེང་གཞི་ཇི་ལྟར་བསྟན་པའི་ཚུལ་བསྟན། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་སེམས་བསྐྱེད་མདོར་བསྡུས་ཏེ་བསྟན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཇི་ལྟར་ན་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། ང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །དེ་བཞིན་དུ་ཕྱོགས་བཅུ་ཁོར་ཡུག་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུ་རྣམས་ལས་ཕྲག་ཁྲིག་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་ཡང་། སེམས་ཅན་གྲངས་མེད་ཚད་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་མངོན་རྟོགས་རྒྱན་གྱི་སྐབས་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཉི་ཁྲིའི་མདོ་དང་སྦྱར་ཏེ་དང་པོ་སེམས་བསྐྱེད་ནས་བཟུང་ངེས་འབྱུང་སྒྲུབ་པའི་བར་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་རེ་རེ་ནས་ཉི་ཁྲིའི་མདོ་དང་སྦྱར་ཏེ། མདོ་འདི་ནས་འདིའི་བར་གྱིས་སེམས་བསྐྱེད་ལ་སོགས་པ་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ། །རྣམ་མཁྱེན་སྟོན་པའི་ལེའུ་འདི་ལ་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་དང་རྗེས་སུ་མཐུན་པར་དག་པར་གཏུགས་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རབ་འབྱོར་གྱི་ལེའུ་སྟེ་དང་པོའོ། །ཞེས་གསུངས་སོ།།

དེ་ནས་དེའི་ཚེའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། དེ་བཞིན་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་པ་ཀུན་འཁོར་བ་རྣམས་ནས་ཚངས་པ་ཆེན་པོ་རྣམས་ཀྱི་བར་དང་། གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་ཆུང་བ་རྣམས་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་བར་གྱི་ལྷའི་བུ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ནས་གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་བརྒྱ་ཕྲག་སྟོང་གི་ཆར་ཡང་བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་གྲངས་སུ་ཡང་ཆར་ཡང་བགྲང་བར་ཡང་དཔེར་ཡང་རྒྱུར་ཡང་ཉེ་བར་མི་འགྲོ་མི་བཟོད་དེ། དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་ན་ལྷ་དེ་རྣམས་ཀྱི་འོད་པས་དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང་གཙོ་བོ་དང་མཆོག་དང་རབ་མཆོག་དང་ཕུལ་དུ་ཕྱིན་པ་དང་བླ་ན་མེད་པ་དང་གོང་ན་མེད་པ་དང་། གོང་མའི་ཡང་གོང་མ་ཞེས་བྱའོ། །ཞེས་ཐུབ་པའི་དབང་པོའི་སྐུའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་དེ་ལམ་ཤེས་སྐྱེ་བའི་རྟེན་སྣོད་རུང་དུ་མཛད་པ་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར། རབ་འབྱོར། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་ཤིན་ཏུ་རྣམ་པར་དག་པའི་བསྒོམ་ལམ་བསྟན་པའི་བར་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་པོ་ཡོངས་སུ་རྫོགས་པ་མངོན་པར་རྟོགས་པའི་རྒྱན་ཉི་ཁྲི་དང་སྦྱར་ཏེ་མདོ་འདི་ནས་འདིའི་བར་གྱིས་ལམ་ཤེས་ཀྱི་སྣོད་རུང་ལ་སོགས་པ་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ། །ལམ་ཤེས་སྟོན་པའི་ལེའུ་འདི་ལ་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། ལམ་ཤེས་པའི་དབང་དུ་མཛད་པ་མཐའ་གཉིས་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ་ཞེས་གསུངས་སོ།།

དེ་ནས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་མཐའ་མ་ལགས། ཕ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་གྱི་མཐའ་མ་ལགས། ཕ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱོར་རོ། །ཞེས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་བསྟན་པ་ནས། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་ལྟར་རྣམ་པར་མི་ཤེས་དེ་ལྟར་རྣམ་པར་རྟོགས་པར་མི་བྱེད། དེ་ལྟར་མི་དམིགས་ཏེ། དེ་ལྟར་འཕྲོ་བར་ཡང་མི་བྱེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཐོང་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བླ་མར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་དང་། བརྗེད་པར་བྱ་བ་དང་། བཀུར་སྟིར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྗེས་སུ་འཐོབ་པར་འགྱུར་རོ། །ཞེས་མཐོང་ལམ་བསྟན་པའི་བར་གཞི་ཤེས་མཚོན་བྱེད་ཀྱི་ཆོས་རྣམས་མངོན་པར་རྟོགས་པའི་རྒྱན་ཉི་ཁྲི་དང་སྦྱར་ཏེ་མདོ་འདི་ནས་འདིའི་བར་གྱིས་སྲིད་ཞིའི་མཐའ་ལ་མི་གནས་པ་ལ་སོགས་པ་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ།།

དེ་ནས། རབ་འབྱོར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་ཡང་སུས་ཀྱང་མ་བསྟན། སུས་ཀྱང་མ་བཟུང་། དེ་ནི་སུས་ཀྱང་མངོན་དུ་མ་བགྱིས་སོ། །གང་སུས་ཀྱང་མངོན་དུ་མ་བགྱིས་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་གང་སུས་ཀྱང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ། །ཞེས་མཁྱེན་པ་གསུམ་བསྟན་པ་རྫོགས་པའི་ཚུལ་བསྟན་ཏོ། །གཞི་ཤེས་སྟོན་པའི་ལེའུ་འདི་ལ་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། ཐམས་ཅད་ཤེས་པས་དབང་དུ་བྱས་པ་སྤྱད་པ་ཁྱད་པར་གྱི་ལེའུ་སྟེ་གསུམ་པའོ་ཞེས་གསུངས་སོ།།

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་གྱིས་མེད་པའི་རྣམ་པ་ནས་བཟུང་ལམ་ལ་བརྟེན་པའི་རྣམ་པའི་བར་གཞི་ཤེས་ཀྱི་རྣམ་པ་རྣམས་བསྟན་པ་ནས། གསོལ་པ། བཅོམ་ལྡན་འདས། དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་སའམ་ཡོངས་སུ་སྦྱང་བ་མ་ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་ལྡོན་ཏེ། གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོ། །ཞེས་ཡུལ་ཚད་མེད་པའི་ཐབས་མཁས་པ་བསྟན་པ་སྟེ་ཐབས་མཁས་སྦྱོར་བའི་བར་རྣམ་རྫོགས་སྦྱོར་བ་ཡོངས་སུ་རྫོགས་པ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་མདོ་འདི་ནས་འདིའི་བར་གྱིས་རྣམ་རྫོགས་སྦྱོར་བའི་རྣམ་པ་ལ་སོགས་པ་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པ་མཛད་དོ། །རྣམ་རྫོགས་སྦྱོར་བ་སྟོན་པའི་ལེའུ་འདི་ལ་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། རྣམ་པ་ཀུན་ཏུ་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་པ་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཞི་པའོ་ཞེས་གསུངས་སོ།།

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་དུའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་དང་། མིག་ཡོར་དང་འདྲ་བ་དང་། སྤྲུལ་པ་དང་འདྲ་བ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ལྟ་ཡང་མངོན་དུ་མི་བྱེད་ན། རབ་འབྱོར། འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་རྩེ་མོའི་སྦྱོར་བའི་རྟགས་དང་པོ་དྲོད་རྩེ་མོའི་རྟགས་བསྟན་པ་ནས། རབ་འབྱོར། འདི་ལྟར་མངོན་པར་ཤེས་པ་རྣམས་ལ་དངོས་པོ་མེད་དེ་ངོ་བོ་ཉིད་མེད་པ། གཞན་གྱི་དངོས་པོ་མེད་པ་སྟེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་རྣམས་ཀྱང་ཕུང་པོ་གསུམ་དུ་ལུང་བསྟན་ཏོ། །ཞེས་བར་ཆད་མེད་པའི་རྩེ་སྦྱོར་ལོག་སྒྲུབ་དང་བཅས་པ་བསྟན་པའི་བར་རྩེ་མོའི་སྦྱོར་བ་ཡོངས་སུ་རྫོགས་པ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ། མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ། །རྩེ་མོའི་སྦྱོར་བ་སྟོན་པའི་ལེའུ་འདི་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། རྩེ་མོའི་མངོན་པར་རྟོགས་པའི་སྐབས་བསླབ་པ་ཡོངས་སུ་དག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ་ཞེས་གསུངས་སོ།།

དེ་ནས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་ཕྱིན་ནན་ཏན་དུ་བགྱི་བ་མཆིས་པར་འགྱུར། ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །ཞེས་པའི་བར་གྱིས་མཐར་གྱིས་པའི་མངོན་རྟོགས་སྤྱིར་བསྟན་པ་དང་། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཞེས་པ་ནས། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་མཐར་གྱིས་པའི་བྱ་བ་རབ་ཏུ་འདོགས་ཏེ། མཐར་གྱིས་པའི་བསླབ་པ་དང་། མཐར་གྱིས་པའི་སྒྲུབ་པ་རབ་ཏུ་འདོགས་ཏེ་དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །ཞེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་མངོན་རྟོགས་བསྟན་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། དེ་ལ་བདུད་སྡིག་ཅན་རྣམས་སམ། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། །ཞེས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མངོན་རྟོགས་བསྟན་པའི་བར་མཐར་གྱིས་པ་བཅུ་གསུམ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་སྦྱིན་པའི་མཐར་གྱིས་པ་ལ་སོགས་པ་མདོ་འདི་དང་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ། །མཐར་གྱིས་པའི་མངོན་རྟོགས་སྟོན་པའི་ལེའུ་འདི་ལ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། མཐར་གྱིས་པའི་མངོན་པར་རྟོགས་པའི་དབང་དུ་མཛད་པ་རིམ་གྱིས་འཇུག་པས་བསླབ་པའི་ལེའུ་སྟེ་དྲུག་པའོ་ཞེས་གསུངས་སོ།།

དེ་ནས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། ཞེས་པའི་བར་གྱིས་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྤྱིར་བསྟན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཞེས་པ་ནས། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། དམིགས་སུ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་ལུས་ཀྱིས་བརྩོན་འགྲུས་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། །ཞེས་པའི་བར་གྱིས། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་བསྡུས་པའི་མཚན་ཉིད་ཅན་གྱི་སེམས་ཀྱི་སྐད་ཅིག་མ་གཅིག་པའི་མངོན་རྟོགས་བསྟན་པ་ནས། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་མཚན་ཉིད་ཅན་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་བསྟན་པའི་བར་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་བཞི་པོ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ། མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ནས་སྟོན་པར་མཛད་དོ། །སྐད་ཅིག་མ་གཅིག་མའི་སྦྱོར་བའི་མངོན་རྟོགས་སྟོན་པའི་ལེའུ་འདི་ལ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དབང་དུ་བྱས་པ་བསླབ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ་ཞེས་གསུངས་སོ།།

དེ་ནས། རབ་འབྱོར། གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ། དངོས་པོ་མེད་པའི་རང་བཞིན་ཅན། རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་བ་དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་འདི་གཅིག་པུ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་ངོ་བོ་ཉིད་ཀྱི་སྐུ་བསྟན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཅི་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་གྱུར་པ་ཡོད་དམ། རབ་འབྱོར། འདི་ལ་དངོས་པོ་ཡོད་པ་ཡང་མེད། དངོས་པོ་མེད་པ་ཡང་མེད། ངོ་བོ་ཉིད་ཀྱང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན། ཞེས་འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་ཐ་མ་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་བསྟན་པའི་བར་ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་མདོ་འདི་ནས་འདིའི་བར་གྱིས་ངོ་བོ་ཉིད་སྐུ་ལ་སོགས་པ་འདི་དང་འདི་བསྟན་ཅེས་མདོ་རྒྱན་སྦྱར་ཏེ་སྟོན་པར་མཛད་དོ། །ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་སྟོན་པའི་ལེའུ་འདི་ལ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། ཆོས་ཀྱི་སྐུའི་དབང་དུ་བྱས་པ་བསླབ་པའི་འབྲས་བུའི་ལེའུ་སྟེ་བརྒྱད་པའོ་ཞེས་གསུངས་སོ།།

དེ་ནས་ཉི་ཁྲི་གསུངས་པ་རྫོགས་པའི་ཚུལ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་གྲངས་མེད་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་པའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་ཏྱ་ཡན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་རེ་བ་ཏ་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་དང་། འཁོར་རྣམ་པ་བཞི་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །ཞེས་གསུངས་པ་བཀོད་ནས་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་ཏེ་བསྡུས་དོན་བཀོད་པ་རྫོགས་པའི་ཚིགས་སུ་བཅད་པ།

ཕུན་སུམ་ཚོགས་གཉིས་འབྱུང་བ་བདེ་བའི་གོ་འཕང་འཇིག་རྟེན་རྣམས་ཀྱིས་ཐོབ་བྱའི་ཕྱིར། །སངས་རྒྱས་བཅོམ་ལྡན་ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་གང་ཞིག་རབ་ཏུ་གསལ་མཛད་པ། །མ་ལུས་ཆོས་ཀྱི་དེ་ཉིད་གནས་གྱུར་མདོ་འདི་དོན་དུ་གཉེར་བས་ཐོས་གྱུར་ནས། །རང་གི་གནས་སུ་སོང་ལ་ཉིན་དང་མཚན་དུ་མཉམ་པར་བཞག་པས་བསྒོམ་པར་གྱིས། །ལྟ་བ་མང་པོས་ཀུན་ཏུ་དཀྲུགས་པས་ད་ལྟར་རྩོད་པའི་དུས་འདིར་ཀློག་པའང་ཤིན་ཏུ་ཉུང་། །གླེགས་བམ་དུ་མའི་ཚིག་རྣམས་མི་མཐུན་ཐ་དད་གྱུར་པ་མཐོང་ནས་དད་པས་འདིར། །རྒོལ་བའི་གླང་པོའི་དབང་པོ་ཁྲོས་ནས་འོང་བའི་ཀླད་འགེམས་སེང་གེ་བཟང་པོ་བདག །གང་གིས་དག་པར་གཏུགས་པ་འཇིག་རྟེན་དོན་དུ་མཉམ་པར་བཞག་པས་བླང་བར་གྱིས། །

འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུམ། ཆོས་ཀྱི་ཕྱག་རྒྱ། ཆོས་ཀྱི་སྣང་བ། ཆོས་ཀྱི་སྙིང་པོ། ཆོས་ཀྱི་རྔ་བོ་ཆེ། ཆོས་རིན་པོ་ཆེ་མི་ཟད་པའི་གཏེར། ཆོས་རྣམས་ཀྱི་མཛོད། ཆོས་རྨད་དུ་བྱུང་བ། བསམ་གྱིས་མི་ཁྱབ་པའི་མིག་ཏུ་གྱུར་པ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པས་ཕྱག་བྱས་པ་བདེ་བ་ཐམས་ཅད་ཀྱི་རྒྱུ་རྫོགས་སོ། །ཞེས་གསུངས་སོ། །སློབ་དཔོན་སེངྒེ་བཟང་པོས་མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ཏེ་བརྒྱད་སྟོང་འགྲེལ་ཆེན་དུ་གྲགས་པ་མཛད་ཚུལ་ནི་ཅུང་ཟད་ཞིབ་ཏུ་ཕྱེ་སྟེ་བརྗོད་པར་འདོད་པས་ལོགས་སུ་འཆད་དོ།།

 

སློབ་དཔོན་སེངྒེ་བཟང་པོས་མངོན་རྟོགས་རྒྱན་ཡོན་ཏན་རིན་པོ་ཆེ་སྡུད་པ་དང་སྦྱར་ཏེ་བཤད་པའི་ཚུལ་ནི། རྟོགས་པའི་རྒྱ་མཚོ་ཡང་དག་ཕ་རོལ་ཕྱིན་པའི་དྲི་མེད་མ་ལུས་ཉེར་བསྡུས་པ། །དངོས་པོ་བརྒྱད་ཀྱིས་དེ་ཉིད་རིམ་པ་ཡང་དག་གསལ་བར་བཤད་པ་གང་ཡིན་པ། །སེམས་ཅན་རྣམས་ཀྱིས་རྟོགས་པར་བྱ་ཕྱིར་རབ་དབྱེ་ཡང་དང་ཡང་གསུངས་རྒྱལ་ཡུམ་ལ། །ཕྱག་འཚལ་ནས་ནི་བློ་དམན་རྣམས་ལ་ཕན་པ་བསྐྱེད་ཕྱིར་ཡང་དག་བཤད་པར་བྱ། །

ཞེས་སྡུད་འགྲེལ་རྟོགས་སླ་རྩོམ་པ་ལ་འཇུག་པའི་བྱ་བ་བཤད་པ་ལ་འཇུག་པའི་ཡན་ལག་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་བཀོད་ནས་ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་འདི་བློ་དམན་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་ཁོང་དུ་ཆུད་པར་སླ་བའི་ཕྱིར་བརྩམས་ཚུལ་དང་། ཡུམ་གྱི་གླེང་གཞི་དང་། བརྗོད་བྱ་དངོས་པོ་བརྒྱད་དོན་བདུན་ཅུའི་ལུས་རྣམ་གཞག་མངོན་པར་རྟོགས་པའི་རྒྱན་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་འདིར་ཡང་སྦྱར་ཏེ་ཉམས་སུ་ལེན་པ་པོ་རྣམས་ཀྱིས་ཐོག་མར་ལམ་གྱི་གྲངས་དང་གོ་རིམ་ལ་ངེས་པ་བསྐྱེད་དེ། དེ་ལས་མི་འདའ་བར་བྱེད་དགོས་པ་དང་། ཤེར་ཕྱིན་འཆད་པ་པོ་རྣམས་ཀྱིས་ཀྱང་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་ལུས་ལམ་གྱི་གྲངས་དང་གོ་རིམ་བཀོད་ནས་བཤད་ན་འཆད་བདེ་བ་དང་། ཉམ་པ་པོ་རྣམས་ཀྱི་བློ་ལ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འཆར་བདེ་ཞིང་། ཉམས་ལེན་བྱེད་བདེ་བ་སོགས་ཀྱི་དགོས་པ་མང་དུ་གཟིགས་ནས་སྡུད་འགྲེལ་འདིར་ཡང་གཞུང་འདི་ནས་འདིའི་བར་གྱིས་བརྗོད་བྱ་དངོས་པོ་བརྒྱད་འདི་དང་འདི་བསྟན་ཅེས་ལུས་མདོར་བསྟན་པ་མཛད།

དེ་ནས་ཡན་ལག་རྒྱས་པར་བཤད་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །ཞེས་པ་ནས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པའི་བར་གྱིས་བརྗོད་བྱ་དངོས་པོ་བརྒྱད་ཀྱི་ནང་ནས་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་བསྟན་ཏོ། །དེ་ཡང་སེམས་སྐྱེད་ནས་ངེས་འབྱུང་སྒྲུབ་པའི་བར་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་རེ་རེ་ནས་མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་ཞིབ་ཏུ་གསུངས་སོ། །འགྲེལ་པ་འདིར་གཞུང་གི་ལེའུའི་གཅོད་མཚམས་བརྒྱད་སྟོང་པ་དང་མཐུན་པར་བྱས་ནས་འདི་ཡན་ལ་ལེའུ་གཅིག་ཏུ་བྱས་ཏེ། ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ལེའུ་སྟེ་དང་པོའི་བཤད་པའོ། །ཞེས་གསུངས།

དེ་ནས། གང་ཞིག་གཟུགས་ལ་མི་གནས་ཚོར་བ་ལ་མི་གནས། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པ་ནས། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་བཅད་དུ་མེད། །ཅེས་པའི་བར་གྱིས་ལམ་ཤེས་བསྟན་ཏེ། དེ་ཡང་ལམ་ཤེས་སྐྱེ་བའི་རྟེན་སྣོད་རུང་དུ་ཐུབ་པའི་སྐུའི་འོད་ཀྱིས་ལྷ་རྣམས་ཀྱི་ལུས་ཀྱི་འོད་མོག་མོག་པོར་མཛད་པ་ནས་བཟུང་རྣམ་དག་སྒོམ་ལམ་བསྟན་པའི་བར་ལམ་ཤེས་ཀྱི་ཆོས་བཅུ་གཅིག་ཡོངས་སུ་རྫོགས་པ་མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་བསྟན་ཏོ། །ལམ་ཤེས་སྟོན་པའི་མདོ་འདི་ལ་ལེའུ་གཉིས་པ་བརྒྱ་བྱིན་གྱི་ལེའུ་དང་། ལེའུ་གསུམ་པ་གཞལ་དུ་མེད་པའི་ཡོན་ཏན་ཡོངས་སུ་བཟུང་བ་དང་སྐུ་གདུང་ལ་རི་མོར་བྱ་བའི་ལེའུ་དང་། ལེའུ་བཞི་པ་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་དང་། ལེའུ་ལྔ་པ་བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་དང་། ལེའུ་དྲུག་པ་རྗེས་སུ་ཡི་རང་བའི་ལེའུ་དང་། ལེའུ་བདུན་པ་དམྱལ་བའི་ལེའུ་དང་། ལེའུ་བརྒྱད་པ་ནས། གཟུགས་ཀྱི་དག་པ། ཞེས་སོགས་ཤོ་ལོ་ཀ་གཅིག་སོང་ངོ་།།

དེ་ནས། དཔའ་བོ་གང་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཞེས་པ་ནས། ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་དང་རྩྭ་དང་ཤིང་དང་ནགས་ཚལ་སྲེག་པ་བཞིན། །ཞེས་པའི་བར་གྱིས་གཞི་ཤེས་བསྟན་ཏེ། དེ་ཡང་། ཤེས་པས་སྲིད་ལ་མི་གནས་པ་ནས། གཞི་ཤེས་ཀྱི་དངོས་བསྟན་མཐོང་ལམ་བསྟན་པའི་བར་གཞི་ཤེས་ཀྱི་ཆོས་དགུ་པོ་ཐམས་ཅད་མདོ་འདི་དང་འདིས་འདི་དང་འདི་བསྟན་ཅེས་ཚང་བར་བསྟན་ཏོ། །གཞི་ཤེས་སྟོན་པའི་མདོ་འདི་ལ་ལེའུ་བརྒྱད་པའི། དཔའ་བོ་གང་སྤྱོད། ཅེས་པ་ནས། ལེའུ་དགུ་པ་ནས། དེ་ལྟར་སྤྱོད་པའི། ཞེས་པ་ནས། སྲེག་པ་བཞིན། ཞེས་པའི་བར་ཚིགས་བཅད་གཅིག་སོང་། དེ་ནས་ལེའུ་དགུ་པའི། ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །ཞེས་པ་ནས། ཡོངས་སུ་མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ། །དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཁམས་གསུམ་དག་ལ་རྨི་ལམ་ན་ཡང་མི་འདོད་ཅིང་། །སངས་རྒྱས་རྣམས་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང་། །སྐད་ཅིག་དེ་ལ་ངན་སོང་རྒྱུན་གཅོད་སྨོན་ལམ་འདེབས། །བདེན་པའི་བྱིན་གྱི་རླབས་ཀྱིས་མེ་ཡི་ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་པའི་བར་གྱིས་རྣམ་རྫོགས་སྦྱོར་བ་བསྟན། དེ་ཡང་རྣམས་རྫོགས་སྦྱོར་བའི་རྣམ་པ་ནས་ཐབས་མཁས་སྦྱོར་བའི་བར་རྣམ་རྫོགས་སྦྱོར་བའི་ཆོས་བཅུ་གཅིག་པོ་ཚང་བར་མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་བསྟན་ཏོ། །རྣམ་རྫོགས་སྦྱོར་བ་སྟོན་པའི་མདོ་འདི་ལ་ལེའུ་དགུ་པ་ནས་ལེའུ་ཉི་ཤུ་པ་རྫོགས་པའི་བར་སོང་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཐབས་ལ་མཁས་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའི་བཤད་པའོ་ཞེས་གསུངས་སོ།།

དེ་ནས། ཅི་སྟེ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག །ཅེས་པ་ནས། དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་གྱིས་རྩེ་མོའི་སྦྱོར་བ་བསྟན་ཏེ། དེ་ཡང་སྦྱོར་ལམ་རྩེ་མོའི་དང་པོ་དྲོད་རྩེ་མོ་ནས་བར་ཆད་མེད་པའི་རྩེ་མོ་ལོག་སྒྲུབ་དང་བཅས་པའི་བར་རྩེ་མོའི་སྦྱོར་བའི་ཆོས་དགུ་ཚང་བར་མདོ་འདི་ནས་འདིའི་བར་གྱིས་འདི་དང་འདི་བསྟན་ཅེས་བསྟན་ཏོ། །རྩེ་མོའི་སྦྱོར་བ་སྟོན་པའི་མདོ་འདི་ལ་ལེའུ་ཉེར་གཅིག་པ་ནས་ལེའུ་ཉི་ཤུ་རྩ་དགུ་པའི། དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་སོང་།

དེ་ནས། སེམས་ཅན་གང་དག་གཞན་ཕྱིར་སེམས་དཔའ་རྣམ་དག་པ། །བརྩོན་འགྲུས་ཕ་རོལ་ཕྱིན་ལ་མངོན་བརྩོན་རྣམ་པར་སྤྱོད། །དཔེར་ན་བྲན་མོ་ཆུ་འཆུན་དབང་མེད་རྗེ་བོའི་དབང་། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །ཞེས་པའི་ཚིགས་སུ་བཅད་པ་འདིས་མཐར་གྱིས་པའི་སྦྱོར་བ་བསྟན་ཏེ། མཐར་གྱིས་པ་བཅུ་གསུམ་ཡོད་པ་མདོ་འདིས་བསྡུས་ནས་བསྟན་ཅིང་། འགྲེལ་པར་ཡང་མཐར་གྱིས་པ་བཅུ་གསུམ་གྱི་མིང་ཙམ་རེ་སྨོས་ནས་མདོར་བསྡུས་སུ་གསུངས་ཏེ། རྒྱས་པར་ཉི་ཁྲིའི་རྣམ་བཤད་དུ་བཤད་ཅིང་གཞན་ཡང་ཊཱིཀྐ་ཆེན་པོ་དག་ལས་ཤེས་པར་བྱའོ།།

སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེག་ཀྱང་རུང་། །བྲན་མོ་རྗེ་བོ་ལ་ནི་ཟློག་ཚིག་མི་སྨྲ་ཡི། །འདི་ཡིས་བདག་ནི་གསད་པར་འགྱུར་དུ་འོང་སྙམ་ནས། །ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ། །འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །འདི་ལས་བྱང་ཆུབ་ཐོབ་ཅིང་ཡོན་ཏན་རྫོགས་པར་འགྱུར། །རྩྭ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །ཅེས་པའི་ཚིགས་སུ་བཅད་པ་གཉིས་པོ་འདིས་སྐད་ཅིག་མའི་སྦྱོར་བ་བསྟན་ཏེ། མདོ་དང་འགྲེལ་པ་གཉིས་ཀར་མདོར་བསྡུས་སུ་གསུངས་ཤིང་། རྒྱས་པར་ཉི་ཁྲིའི་འགྲེལ་པ་སོགས་ཊཱིཀྐ་ཆེན་པོ་དག་ལས་ཤེས་པར་བྱའོ།།

དེ་ནས། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དགོས་ལ་ཉིན་མཚན་མངོན་པར་བརྩོན། །བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱེ་མེད་གནས་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་འདིས་ཆོས་ཀྱི་སྐུ་བསྟན་ཏེ། འདི་ལ་རྣམ་པ་བཞི་ཡོད་པ་མདོ་དང་འགྲེལ་པ་གཉིས་ཀར་བསྡུས་ནས་བསྟན་ཅིང་། མངོན་རྟོགས་རྒྱན་རྩ་བ་ཉིད་ལས་སྐུ་བཞི་འཕྲིན་ལས་དང་བཅས་པ་ཤིན་ཏུ་གསལ་བར་བསྟན་ཅིང་། ཉི་ཁྲི་དང་དེའི་རྗེས་སུ་འབྲངས་པའི་ཊཱིཀྐ་ཆེན་པོ་དག་ལས་རྒྱས་པར་བཤད་དོ། །མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་སྦྱོར་བ་དང་། ཆོས་སྐུ་བསྟན་པ་འདི་དག་ལེའུ་ཉི་ཤུ་རྩ་དགུ་པ་ཉིད་ལས་འབྱུང་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། རྗེས་སུ་འགྲོ་བའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་དགུ་པའི་བཤད་པའོ་ཞེས་གསུངས་སོ།།

དེ་ནས་ཤེར་ཕྱིན་གྱི་མདོ་སྡེ་ནས་གསུངས་པའི་མངོན་རྟོགས་བརྒྱད་ཀྱིས་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་དག་ཐོག་མར་མན་ངག་ཐོས་པའང་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལ་རག་ལས་པ་དང་། དེ་ནས་ཐོས་བསམ་བསྒོམ་གསུམ་གྱི་སྟོབས་ཀྱིས་ཡུན་བསྲིངས་ནས་བསྒོམ་དགོས་པ་དང་། བསྒོམས་པ་ལས་ཡོན་ཏན་ཇི་ལྟར་འབྱུང་བའི་ཚུལ་རྣམས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་གང་དག་ཡུན་རིང་འཁོར་འདོད་ཅིང་། །སེམས་ཅན་དོན་དང་ཞིང་སྦྱོང་བརྩོན་པའི་རྣལ་འབྱོར་པ། །སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། །དེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ལྡན་གཡེལ་བ་མེད། །ཅེས་པ་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །ཞེས་པའི་བར་གསུངས་ཏེ། དེའི་བར་ལ་ལེའུ་སུམ་ཅུ་པ་དང་། སུམ་ཅུ་རྩ་གཅིག་པ་གཉིས་སོང་སྟེ། འདིའི་མཇུག་ཏུ། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་གཅིག་པའི་བཤད་པའོ་ཞེས་གསུངས་སོ།།

དེ་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ལས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གདམས་ངག་ཐོབ། ཇི་ལྟར་ཐོབ་པའི་གདམས་དག་གི་དོན་རྣམས་ཡུན་བསྲིངས་ནས་བསྒོམས་པ་ལས་མོས་སྤྱོད་ཀྱི་ས་མཐར་ཕྱིན་ཏེ་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་རིམ་གྱིས་འཐོབ་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དད་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་འཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་པ་ནས། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །ཞེས་པའི་བར་གསུངས། དེ་ནས་སྟོན་པ་ཐུབ་པའི་དབང་པོས་བྱ་རྒོད་ཕུང་པོའི་རིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་གསུང་བའི་ཚེ་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུ་དང་། གདུལ་བྱ་སོ་སོའི་དབང་པོ་དང་། ཁམས་དང་། བསམ་པ་དང་། བག་ལ་ཉལ་གྱི་དབང་གིས་རྒྱལ་བའི་གསུང་གཅིག་ཉིད་ལས་རྒྱས་འབྲིང་བསྡུས་པའི་དབྱེ་བ་མང་དུ་འབྱུང་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པ་ལས། ལེའུ་གྱ་བཞི་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་བཀའ་སྩལ་པ་ཡིན་ཞེས་སྟོན་ཅིང་དོན་གྱིས་ཡོངས་སུ་གཏད་པའང་སྟོན་པ་ལ། འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་བསྟན་འདི་གསུངས་ཏེ། །མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་འཐོབ་པར་བྱ་ཕྱིར་བཤད། །ཅེས་གསུངས་སོ།།

དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་འདི་བསྒོམ་པའི་ཚེ་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་ནས་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་བཞིན་དཔྱད་སྒོམ་དང་། འཇོག་སྒོམ་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྒོམས་པ་ལས་ལམ་གྱི་རྟོགས་པ་རྣམས་སྐྱེ་ཚུལ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བ་དང་། རང་གི་རྒྱུད་སྨིན་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཚུལ་རྣམས་སྟོན་པ་ལ་སློབ་དཔོན་སེངྒེ་བཟང་པོས་སྡུད་འགྲེལ་རྟོགས་པར་སླ་བ་མཛད་པའི་མཇུག་ཏུ། འདི་ལྟར། དེ་བསྒོམ་པའི་མན་ངག་གི་རིམ་པ་མངོན་པར་ཡིད་ཆེས་པར་བྱས་ཏེ། འདི་ལྟར། དང་པོ་རེ་ཞིག་གནས་ཡིད་དུ་འོང་བར་བྱས་པའི་ཕྱོགས་སུ། སྟོན་པར་མཛད་པའི་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་དང་ལྡན་པ་ལ། ཇི་ལྟ་བ་བཞིན་དུ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངས་སུ་བསྐོར་བར་བསམས་ལ་ཕྱག་བྱའོ།།

དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས་ལུས་དྲང་པོར་བསྲངས་ཏེ་མཉམ་པར་བཞག་པའི་ཕྱག་རྒྱ་བཅས་ལ། ལྕེ་རྐན་ལ་སྦྱར་ནས་མིག་སྣ་གོང་དུ་གཏད་དེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་དམིགས་ཏེ། དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བདག་མེད་པ་གསལ་བར་བྱེད་པའི་མན་ངག་མནོས་ལ། རྩ་བའི་སེམས་ཀྱིས་མིང་དང་མཚན་མ་ལ་དམིགས་ནས། དེ་ཉིད་ཀྱི་ཚིག་གི་བྱེ་བྲག་དང་ལེའུ་ལ་སོགས་པའི་དབྱེ་བ་ལ་རྗེས་སུ་དཔྱོད་པའི་སེམས་ཀྱིས་རྣམ་པར་དཔྱད་དེ། དེ་ནས་མངོན་པར་རྟོགས་པ་བརྒྱད་གནས་སྐབས་ཀྱི་དབྱེ་བའི་གྲངས་བརྩི་བ་དང་། མངོན་པར་རྟོགས་པའི་རང་བཞིན་སོ་སོར་དེས་པ་འཇལ་བ་དང་། སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་མེད་པར་སྤྱོད་པ་དང་། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་བརྟགས་པའི་ཕྱིར་སོ་སོར་རྟོག་པ་ཉིད་དོ།།

དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པ་བཞིར་རྣམ་པར་དཔྱད་དེ། ཡི་གེ་ཡང་སིལ་བུ་དང་བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་མེད་པ་དང་དོན་དང་བཅས་པ་ཉིད་ཀྱིས་རྣམ་པ་དེ་གཉིས་ལ་རྣམ་པར་དཔྱོད་པའི་ཕྱིར་རྣམ་པར་དཔྱོད་པའི་སེམས་སོ། །དེའི་ཚེ་རྣམ་པར་དཔྱད་པའི་རྒྱུ་མཚན་གྱིས་འདི་ཉིད་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་ངེས་པར་བཟུང་ནས། ཇི་ལྟ་བ་བཞིན་གྱིས་རྣམ་པར་དཔྱད་པ་ཉིད་ཀྱིས་དོན་མཚན་མ་ལ་དམིགས་པ་རྩ་བའི་སེམས་སུ་བསྡུས་པའི་སེམས་ཀྱིས་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་པ་ནི་འདུན་པའི་སེམས་སོ། །ཤེས་རབ་ཀྱི་མིག་གིས་སྒྱུ་མ་ལྟ་བུར་ཆོས་ཐམས་ཅད་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བས་མ་གཟིགས་པས་རྣམ་པར་རྟོག་པ་མེད་པའོ། །དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་དོ། །དེ་ཡང་རང་དང་སྤྱིའི་མཚན་མ་མེད་པས་མཚན་མ་མེད་པའོ། །དེས་དོན་དུ་གཉེར་བར་བྱ་བའི་དངོས་པོ་མི་དམིགས་པའི་ཕྱིར་སྨོན་པ་མེད་པ་ཉིད་དོ།།

ཡང་དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་གྲོལ་བའི་སྒོའི་ཏིང་ངེ་འཛིན་ཏོ། །སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་ཆོས་ཉིད་ཡོངས་སུ་མི་ཤེས་པ་དེ་དག་ཕྱིན་ཅི་ལོག་གིས་བཅིངས་པས་འཁོར་བ་ན་སྤྱོད་པའི་འཆིང་བ་དང་ལྡན་པའི་སེམས་ཅན་གྱི་ཁམས་ངེས་པར་ལེགས་པ་ལ་འགོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་ཆེས་པ་དང་། སྐྱོན་དྲུག་པོ་དེ་དག་གནས་སྐབས་ཇི་ལྟ་བར་སྐྱེས་པ་ན་དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱ་སྟེ། འདི་ལྟར། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་ལ་འདུན་པ་ཡང་དག་པར་སྐྱེའོ། །འདུན་པ་དེའི་སྟོབས་ཀྱིས་བརྩོན་འགྲུས་རྩོམ་མོ། །དེ་ནས་བརྩོན་འགྲུས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་རོ། །དམིགས་པ་བརྗེད་པའི་གཉེན་པོར་ནི་དྲན་པ་ཉིད་དོ། །དེས་ཡང་དག་པའི་དམིགས་པ་ལ་གནས་སོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པའི་བྱིང་བ་སྤོང་ངོ་། །ཡང་དག་པར་སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པའི་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་འགྱུར་རོ། །བྱིང་རྒོད་ཞི་བར་བྱེད་པའི་དུས་སུ་མི་རྩོལ་ན་ཡང་སྐྱོན་ཡིན་པས་སེམས་པ་གོམས་པར་བྱའོ། །བྱིང་རྒོད་ཞི་བ་ན་གང་གི་ཚེ་སེམས་དམིགས་པ་ལས་རབ་ཏུ་མི་གཡོ་བ་ན་མངོན་པར་འདུ་བྱེད་པ་ལ་ཞུགས་པར་གྱུར་ན་དེའི་ཚེ་རྩོལ་བ་སྐྱོན་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེང་བ་དེའི་གཉེན་པོ་བཏང་སྙོམས་བསྒོམ་པར་བྱའོ། །རིམ་པ་དེ་ལྟར་བསྒོམས་ནས་ལངས་ཏེ་སྔར་སྡུད་པར་བྱེད་པར་རང་གི་ལྷ་རྡོ་རྗེ་འཆང་གི་གཟུགས་སུ་མོས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེ་དག་ཐམས་ཅད་མངོན་པར་མ་ཞེན་པའི་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་དུ་ཐུན་མཚམས་བཞིར་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །གོང་དུ་བཤད་པ་དེ་དག་ནི་ཡོངས་གཏད་ཀྱི་ལེའུའི་ཁོངས་སུ་གཏོགས་སོ། །ཞེས་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྟེ་སུམ་ཅུ་རྩ་གཉིས་པའི་བཤད་པའོ་ཞེས་གསུངས་སོ།།

དེ་ནས་སློབ་དཔོན་སེངྒེ་བཟང་པོས་ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་ལེགས་པར་གྲུབ་པའི་མཇུག་ཏུ། རྣལ་འབྱོར་མཁས་པ་འགས་ཀྱང་སྔོན་ཆད་ཡུམ་འདིའི་སྒྲུབ་པ་རིགས་པས་མ་རྟོགས་པ། །གཏི་མུག་མུན་ནག་སྨག་ནི་མ་ལུས་བསལ་བའི་མགོན་པོས་མཁྱེན་ནས་གསུངས་པ་ཡི། །རིགས་པ་ལེགས་ལྡན་ཚིག་གིས་དེ་བཤད་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་ཡོན་ཏན་རིན་ཆེན་སྡུད་ལྡན་འདི་ནི་འགྲོ་བས་མྱུར་དུ་ཐོབ་པར་ཤོག །གང་ཞིག་མངོན་པར་རྟོགས་རྒྱན་གྱིས། །དེ་ཡི་བསྡུས་དོན་རབ་གསལ་བ། །ཤེས་རབ་ཕ་རོལ་ཕྱིན་བཤད་པ། །རྫོགས་ལ་རྟོགས་པར་སླ་བ་ཡིན། །བརྒྱད་པའི་སྡེབ་སྦྱོར་དེ་གཅིག་པའི། །ཚིགས་སུ་བཅད་པ་ཡོངས་བརྩིས་ཏེ། །ཕྱེ་བས་སྟོང་ཕྲག་གཉིས་དག་དང་། །བརྒྱ་ཡིས་འདི་ལྷག་ཤེས་པར་བྱ། །ཞེས་གསུངས་ཤིང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སེངྒེ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ་ཞེས་འབྱུང་ངོ་།།

 

སློབ་དཔོན་སེང་གེ་བཟང་པོས་མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བ་དང་། བརྒྱད་སྟོང་པ་དང་སྦྱར་བ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་དང་སྦྱར་བ་རྣམས་མཛད་ཅིང་། མངོན་རྟོགས་རྒྱན་འབུམ་དང་སྦྱར་བ་མ་མཛད་ཀྱང་ངེས་པར་སྦྱོར་དགོས་པ་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་དངོས་པོ་བརྒྱད་དང་། དེ་ལ་ནང་གསེས་ཀྱིས་ཕྱེ་བས་དོན་བདུན་ཅུའི་སྒོ་ནས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ས་ལམ་འབྲས་བུ་དང་བཅས་པ་སྟོན་པ་ལ་ཚིག་རྒྱས་བསྡུས་མ་གཏོགས་དོན་ལ་ཁྱད་མེད་པས་མངོན་རྟོགས་རྒྱན་འདི་ཡུམ་རྒྱས་འབྲིང་བསྡུས་གསུམ་གའི་རྒྱན་དུ་འབད་པས་བསྒྲུབ་པར་མཛད་དོ། །དེའི་ཕྱིར་འདིར་སློབ་དཔོན་བདག་ཉིད་ཆེན་པོའི་དགོངས་པ་བསྐངས་ཏེ་མངོན་རྟོགས་རྒྱན་ཡུམ་རྒྱས་པ་འབུམ་དང་སྦྱོར་ཚུལ་བརྗོད་པར་བྱའོ། །དེ་ལ་ཡུམ་རྒྱས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྟེ་སྟོང་ཕྲག་བཅུ་ལ་ཁྲི་དང་། ཁྲི་བཅུ་ལ་འབུམ་ཡིན་པས་སྟོང་ཕྲག་བརྒྱ་པ་ནི་འབུམ་མོ།།

མངོན་རྟོགས་རྒྱན་འབུམ་དང་ཇི་ལྟར་སྦྱོར་ཚུལ་ནི། འབུམ་སྣར་ཐང་པར་མ་གཞིར་བཞག་ཐོག་མར་འབུམ་ཀ་པའི་གྲངས་དང་པོར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི། བྱ་རྒོད་ཕུང་པོ་ལ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཞེས་པ་ནས། ཤོག་གྲངས་ལྔ་བཅུ་པར། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཀུན་ནས་རྒྱས་པའི་སངས་རྒྱས་ཀྱི་ཞིང་གང་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་ལྷའི་བུ་བློ་གྲོས་ཤིན་ཏུ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་ཏོ། །ཞེས་པའི་བར་གྱིས་གླེང་གཞི་བསྟན་ཏེ། གླེང་གཞིའི་སྐོར་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་ཚུལ་གྱི་མན་ངག་ཁྱད་པར་ཅན་ཡོད་པ་བརྒྱད་སྟོང་པའི་བསྡུས་དོན་དུ་འཆད་དོ།།

དེ་ནས། དེའི་ཚེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བཅས་པ། བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པ་མང་པོ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་པ་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་ནས། འབུམ་ད་པའི་ཤོག་གྲངས་སུམ་བརྒྱ་གྱ་གཉིས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་བཅུ་གཉིས། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། ཡང་སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་གྱི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་པའི་བར་གྱིས་དངོས་པོ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་བསྟན། དེ་ལ་ཡང་སེམས་བསྐྱེད་ནས་ངེས་འབྱུང་སྒྲུབ་པ་རྫོགས་ཀྱི་བར་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་དབང་པོ་བརྒྱ་བྱིན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར། ཅེས་པ་ནས། གྱ་གསུམ་པར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན། ལྷའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་དེ་དག་ཐམས་ཅད་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འོད་འབའ་ཞིག་དེ་དག་གི་ནང་ན་དམ་པར་སྣང་ངོ་། །གཙོ་བོར་སྣང་ངོ་། །གྱ་ནོམ་པར་སྣང་ངོ་། །འཕགས་པར་སྣང་ངོ་། །མཆོག་ཏུ་སྣང་ངོ་། །རབ་ཏུ་སྣང་ངོ་། །ཕུལ་དུ་སྣང་ངོ་། །བླ་ན་མེད་པར་སྣང་ངོ་། །གོང་མ་མེད་པར་སྣང་ངོ་། །ཞེས་པའི་བར་གྱིས་ལམ་ཤེས་སྐྱེ་བའི་རྟེན་སྣོད་རུང་དུ་སྒྲུབ་པ་བསྟན་པ་ནས། འབུམ་ཉ་པའི་ཤོག་གྲངས་ཉིས་བརྒྱ་ལྔ་བཅུ་པར། གསོལ་པ། བཅོམ་ལྡན་འདས། གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་གྱིས་ལམ་ཤེས་ཀྱི་ཡན་ལག་རྟེན་སྣོད་རུང་དུ་སྒྲུབ་པ་ནས་རྣམ་དག་སྒོམ་ལམ་གྱི་བར་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས། གསོལ་པ། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀའི་དབུས་ན་མི་གནས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། བཞི་བརྒྱ་སོ་བདུན་པར། ཡང་དག་པར་བསྟན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེའང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་ངོ་། །གང་སུས་ཀྱང་མ་བསྟན་སུས་ཀྱང་མ་བཟུང་བ་དེ་ནི་སུས་ཀྱང་མངོན་དུ་མ་བྱས་སོ། །གང་སུས་ཀྱང་མངོན་དུ་མ་བགྱིས་པ་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་གང་སུའང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་བརྒྱད་པའོ། །ཞེས་པའི་བར་གྱིས་ཤེས་པས་སྲིད་ལ་མི་གནས་པ་ནས། གཞི་ཤེས་ཀྱི་དངོས་བསྟན་མཐོང་ལམ་གྱི་བར་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནས། འབུམ་ཐ་པའི་ཤོག་གྲངས་ཉིས་བརྒྱ་ང་ལྔ་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་གློན་ཏེ། གང་རྣམ་པ་དེ་ལྟར་ལན་གློན་པ་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བཞི་པའོ། །ཞེས་པའི་བར་གྱིས་རྣམ་རྫོགས་སྦྱོར་བའི་རྣམ་པ་ནས་ཐབས་མཁས་སྦྱོར་བའི་བར་རྣམ་རྫོགས་སྦྱོར་བའི་ཆོས་བཅུ་གཅིག་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ནའང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། ཁམས་གསུམ་པ་ལ་འདོད་པའི་སེམས་མི་སྐྱེ། ལེགས་པའི་སེམས་མི་བསྐྱེད་ཅིང་། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྨིག་རྒྱུ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བ་ཉིད་དུ་ལྟ་བ་མངོན་དུ་མི་བྱེད་ན། རབ་འབྱོར། འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་པ་ནས། འབུམ་ད་པའི་སུམ་བརྒྱ་ཞེ་དྲུག་པར། རབ་འབྱོར། འདི་ལྟར་མངོན་པར་ཤེས་པ་རྣམས་ལ་དངོས་པོ་མེད་དེ། ངོ་བོ་ཉིད་མེད་ལ་གཞན་གྱི་དངོས་པོ་མེད་པ་སྟེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཐུགས་སུ་ཆུད་དེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་བར་གྱིས་རྩེ་མོའི་སྦྱོར་བ་བསྟན་ཏེ། དེ་ཡང་དྲོད་རྩེ་མོའི་རྟགས་བསྟན་པ་ནས་བསལ་བྱ་ལོག་སྒྲུབ་བསྟན་པའི་བར་རྩེ་མོའི་སྦྱོར་བ་བརྒྱད་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱིས་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐཪ་གྱིས་སྤྱོད་པ་དང་མཐར་གྱིས་བསླབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་མཆིས་པར་གྱུར། ཅེས་པ་ནས། སུམ་བརྒྱ་གྱ་ལྔ་པར། སེམས་ཅན་རྣམས་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མི་དམིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། །དེ་ལ་བདུད་སྡིག་ཏོ་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། །ཞེས་པའི་བར་གྱིས་མཐར་གྱིས་པའི་སྦྱོར་བ་བསྟན་ཏེ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་བར་མཐར་གྱིས་པའི་སྦྱོར་བ་བཅུ་གསུམ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་པ་ནས། ལྔ་བརྒྱ་ལྔ་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ལ་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཅི་ནས་ཀྱང་དུལ་བར་གྱུར་ནས། སྲིད་པ་གསུམ་ན་མི་སྣང་བ་དེ་ལྟར་རྣམ་པར་བཏུལ་ཏོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་གཉིས་པའོ། །ཞེས་པའི་བར་གྱིས་སྐད་ཅིག་མའི་སྦྱོར་བ་བསྟན་ཏེ། དེ་ཡང་རྣམ་པར་སྨིན་པ་མིན་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་རྟོགས་པའི་སྦྱོར་བ་ནས། གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ལ་རྟོགས་པའི་སྦྱོར་བའི་བར་སྐད་ཅིག་མའི་སྦྱོར་བ་བཞི་པོ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་དངོས་པོ་མ་མཆིས་པ་དངོས་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་རྒྱུར་འགྱུར་བའོ། །འདི་དག་ནི་རང་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །ཞེས་བགྱི་བར་ཇི་ལྟར་རྣམ་པར་དགོད་པར་འགྱུར། ཞེས་པ་ནས། འབུམ་ན་པའི་བཞི་བརྒྱ་གྱ་བཞི་པར། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ལས་དང་པོ་བའི་གང་ཟག་གིས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱི་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཅི་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་འགྱུར་པ་ཡོད་དམ། རབ་འབྱོར། འདི་ལ་དངོས་པོ་ཡོད་པའང་མེད། དངོས་པོ་མེད་པའང་མེད། ངོ་བོ་ཉིད་ཀྱང་མེད། གཞན་གྱི་དངོས་པོའང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ཅུ་རྩ་གཉིས་པའོ། །ཞེས་པའི་བར་གྱིས་ཆོས་སྐུ་འཕྲིན་ལས་དང་བཅས་པ་བསྟན་ཅིང་། དེ་ཡང་ཡུམ་རྒྱས་པར་ངོ་བོ་ཉིད་སྐུ་ནས་མྱ་ངན་ལས་འདས་པ་ལ་དགོད་པའི་འཕྲིན་ལས་ཀྱི་བར་སྐུ་བཞི་འཕྲིན་ལས་ཉི་ཤུ་རྩ་བདུན་དང་བཅས་པ་རེ་རེ་ནས་རྒྱས་པར་བསྟན་ཏོ།།

དེ་ནས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པ། ཞེས་པ་ནས། གྲངས་ལྔ་བརྒྱ་པར་དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཆོས་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་སློབ་པར་འཚལ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ལགས་སོ། །ཞེས་པའི་བར་བྱམས་ཞུས་ཀྱི་ལེའུ་འདིས་ཤེར་ཕྱིན་ཕྲག་བརྒྱ་པ་འདི་ལ་དོགས་པ་བསལ་ནས་དབུ་མའི་ལྟ་བ་མཐར་ཐུག་པ་ལ་ངེས་པ་བརྟན་པར་མཛད་དོ། །རྗེ་ཐམས་ཅད་མཁྱེན་པས་ལེགས་བཤད་གསེར་ཕྲེང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དགོངས་དོན། དང་པོ་སེམས་བསྐྱེད་ནས་ཐ་མ་འཕྲིན་ལས་ཉི་ཤུ་རྩ་བདུན་པ་མྱང་འདས་ལ་དགོད་པའི་འཕྲིན་ལས་ཀྱི་བར་མདོ་དང་སྦྱར་ཏེ་རྒྱས་པར་གཏན་ལ་ཕབ། བྱམས་ཞུས་ཀྱི་ལེའུ་འདིའི་དོན་དཀའ་གནས་རྣམས་དྲང་ངེས་རྣམ་འབྱེད་དུ་ཞིབ་ཏུ་གཏན་ལ་ཕབ་ནས། དེ་ལྟར་བྱས་ན་ལེའུ་འདིས་ཡུམ་གྱི་མདོའི་ལེའུ་གཞན་རྣམས་ཀྱིས་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་དུ་གསུངས་པའི་འཁྲུལ་པ་རྣམས་བརྒལ་ལན་གྱིས་གཏན་ལ་ཕབ་ཅིང་། མཚན་ཉིད་གསུམ་གྱི་ཡོད་མེད་ཀྱི་ཁྱད་པར་རྣམས་ཀྱང་ལེགས་པར་ཕྱེ་ནས་སྔར་བཤད་པ་རྣམས་ཀྱི་གཞུང་བཙུགས་པར་ཤེས་པར་བྱའོ། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་མདོ་དེ་ཉིད་ཀྱི་ནང་ནས་དགོངས་འགྲེལ་དང་འདྲ་བར་དྲང་དོན་དུ་གཏན་ལ་ཕབ་འདུག་སྙམ་དུ་རྟོག་ལྡན་མཁས་པ་ལ་འཁྲུལ་པ་སྐྱེ་བའི་གནས་ཆེ་ཤོས་ནི་བྱམས་ཞུས་ཀྱི་ལེའུར་སྣང་ཞིང་། དེ་ཉིད་ཀྱི་དོན་དབུ་མ་པ་ཆེན་པོ་དག་གིས་ཞིབ་ཏུ་བཀྲལ་བ་ཡང་མི་སྣང་བས་ཞིབ་ཏུ་གཏན་ལ་ཕབ་པའོ་ཞེས་གསུངས་སོ།།

འབུམ་པར་མ་འདིའི་མཇུག་ཏུ་རྟག་ཏུ་ངུའི་ལེའུ་ཆོས་འཕགས་ཀྱི་ལེའུ། ཡོངས་གཏད་ཀྱི་ལེའུ་གསུམ་སྦྱར་བ་ནི་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་རྒྱུན་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་པའི་ཚེ་ཀླུ་རྣམས་ལ་ཆོས་བསྟན་ནས་ཡུམ་རྒྱས་པ་གདན་དྲངས་ཏེ་ཡར་ཕེབས་པར་ཆས་པའི་ཚེ་ཀླུ་རྣམས་ཀྱིས་སླར་འབྱོན་དགོས་པར་གསོལ་བ་བཏབ་ཅིང་། དེའི་གཏའ་མར་འབུམ་གྱི་གཤམ་ནས་བག་ཙམ་མ་བསྐུར་ཅེས་གྲགས་ཅིང་། སྔོན་གྱི་ཡི་གེ་རྙིང་པ་མང་པོར་འབུམ་གྱི་གཤམ་དུ་ལེའུ་འདི་གསུམ་མི་འབྱུང་ལ། དམ་པ་འགའ་ཞིག་གིས་བརྒྱད་སྟོང་པའི་གཤམ་ན་ལེའུ་འདི་གསུམ་ཡོད་པ་འབུམ་གྱི་གཤམ་དུའང་སྦྱར་བ་ཡིན་ཞེས་འབྱུང་ངོ་། །ལེའུ་འདི་དག་གི་དགོངས་དོན་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་ཁྱེར་ཚུལ་མན་ངག་ཁྱད་པར་ཅན་ཡོད་པ་བརྒྱད་སྟོང་པའི་བསྡུས་དོན་དུ་འཆད་དོ།།  །།

སྨྲས་པ། ཐུབ་བསྟན་ཡོངས་རྫོགས་གངས་རི་ལ་གནས་བཀའ་དང་དགོངས་འགྲེལ་ཡིད་ཆེས་ལུང་གི་རལ་པ་སྟུག་པོས་གཉལ་བ་ཁེབས། །དྲི་མེད་རིགས་པའི་སྡེར་མོ་རྣོ་ཞིང་འབར་བས་དངོས་སྨྲ་གཉིས་འཐུང་ཚོགས་ཀྱི་མྱོས་བུམ་ཅིག་ཅར་འདྲལ་བར་བྱེད། །རྟེན་འབྲེལ་ཟབ་མོའི་གད་རྒྱངས་བསྒྲགས་པས་ལོག་སྨྲ་ཝ་སྐྱེས་མཐའ་དག་སྐྲག་ཅིང་འདར་ཏེ་སྤོབས་པ་ལན་མེད་བྱེད། །སྨྲ་བའི་སེང་གེ་རྒྱལ་སྲས་བཟང་པོར་གང་གི་རྨད་བྱུང་ཡོན་ཏན་མཐོང་བའི་དད་པས་སྙིང་ནས་ཕྱག་བགྱིད་དོ། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་བྱོན། །ཁྱད་པར་ཤེར་ཕྱིན་མདོ་སྡེ་ཟབ་མོའི་དོན། །ཇི་བཞིན་འབྱེད་ལ་ཀུན་ནས་ཟླ་བྲལ་བ། །མཁས་པའི་མཁས་པ་རྒྱལ་སྲས་བཟང་པོར་འདུད། །ཤིན་ཏུ་རྟོགས་དཀའ་གོང་ན་མེད་པའི་ལམ། །ཤེར་ཕྱིན་མདོ་སྡེའི་སྦས་དོན་ཟབ་མོའི་དོན། །ཐེག་མཆོག་ལམ་བཟང་ཉི་ལྟར་གསལ་མཛད་པ། །བསྟན་པའི་སྒྲོན་མེ་རྒྱལ་སྲས་བཟང་པོར་འདུད། །མ་ཕམ་མགོན་པོས་དངོས་སུ་བྱིན་བརླབས་པས། །ཤེར་ཕྱིན་མདོ་སྡེ་རྒྱས་འབྲིང་བསྡུས་གསུམ་དང་། །མངོན་པར་རྟོགས་པའི་རྒྱན་གཉིས་སྦྱོར་བ་ལ། །དབང་ཐོབ་ཤིང་རྟའི་སྲོལ་འབྱེད་བཟང་པོར་འདུད། །དང་པོ་མེད་པའི་རྣམ་པ་ནས་བཟུང་སྟེ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར། །མཁྱེན་གསུམ་རྣམ་པ་མ་ལུས་ཉམས་ལེན་དུ། །སྦྱོར་མཛད་སེངྒེ་བཟང་པོར་གུས་པས་འདུད། །རིགས་སད་ཐར་པ་ཆ་མཐུན་ནས་བཟུང་སྟེ། །གཉིས་སྣང་འཁྲུལ་པ་འཇོམས་བྱེད་ས་བཅུའི་བར། །སྦྱོར་བ་བཞི་ཡི་ཉམས་ལེན་སྟོན་མཛད་པ། །ཐེག་མཆོག་བསྟན་པའི་སྒྲོན་མེ་བཟང་པོར་འདུད། །རྒྱལ་བ་ནས་བཟུང་རྣམ་སྣང་མཛད་ཀྱི་བར། །བརྒྱུད་ལྡན་དམ་པའི་མན་ངག་ལེགས་ཐོབ་སྟེ། །ཚུལ་གཉིས་ཤིང་རྟའི་སྲོལ་འབྱེད་མཁས་པའི་ཕུལ། །སློབ་དཔོན་སེངྒེ་བཟང་པོར་གུས་པས་འདུད། །རྒྱལ་སྲས་བཟང་པོའི་དགོངས་པ་ཇི་བཞིན་དུ། །ཚུལ་གཉིས་ཤིང་རྟའི་སྲོལ་ཆེན་ལེགས་བཟུང་ནས། །ཤེས་རབ་ཕ་རོལ་ཕྱིན་གཞུང་འདོམས་པ་ལ། །འཇམ་མགོན་བླ་མ་འབའ་ཞིག་ཟླ་དང་བྲལ། །རྒྱལ་བ་བྱམས་པས་རྒྱལ་སྲས་བཟང་པོ་ལ། །ཤེར་ཕྱིན་མན་ངག་ཇི་ལྟར་གདམས་པ་བཞིན། །འཇམ་པའི་དབྱངས་ཀྱིས་འཇམ་མགོན་བླ་མ་ལ། །ཐེག་མཆོག་ལམ་བཟང་ཡོངས་རྫོགས་འདོམས་པར་མཛད། །བསིལ་ལྡན་ར་བས་བསྐོར་བའི་ཡུལ་ལྗོངས་འདིར། །མཐོ་རིས་ཐར་པའི་ལམ་བཟང་སྟོན་པ་ལ། །རྒྱལ་བ་ཉིད་དང་ཀུན་ནས་མཚུངས་གྱུར་པ། །འཇམ་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །འཇམ་མགོན་བླ་མའི་ཐུགས་ཀྱི་བཅུད་ཕྱུང་བ། །ཚང་ལ་མ་ནོར་སྐྱེས་བུ་གསུམ་གྱི་ལམ། །བརྩེ་བ་ཆེན་པོས་གསལ་བར་སྟོན་མཛད་པ། །དྲིན་ཅན་རྩ་བའི་བླ་མར་སྙིང་ནས་འདུད། །བླ་མ་མཆོག་གི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །དྲངས་ཏེ་དལ་ཐོབ་ལམ་བཟང་དང་མཇལ་ཡང་། །ད་དུང་ཚེ་འདིའི་བྱ་བར་མངོན་ཞེན་པ། །སྙིང་རུལ་བདག་ལ་བླ་མས་ཐུགས་རྗེས་གཟིགས། །སྔོན་བྱོན་བསྟན་འཛིན་དམ་པའི་ཚོགས་རྣམས་ནི། །རང་རང་གདུལ་བྱ་བཏུལ་ནས་ཞིང་གཞན་གཤེགས། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་ཡལ་བོར་བ། །མ་རུངས་དམུ་རྒོད་འགྲོ་རྣམས་སྙིགས་མར་ལུས། །བདག་ནི་ལས་ངན་དབང་གིས་སྙིགས་མར་སྐྱེས། །སྐབས་འགར་ཆོས་ཀྱི་བསམ་པ་སྐྱེས་གྱུར་ཀྱང་། །ནམ་མཇུག་ཆད་ཀའི་ལོ་ཏོག་ཇི་བཞིན་དུ། །གློ་བུར་གློ་བུར་རྐྱེན་ངན་དག་གིས་འཇོམས། །ཆོས་དང་བསྟུན་ན་སྐྱེ་བོ་ཀུན་དང་འགལ། །དེང་དུས་སྐྱེ་བོའི་བློ་དང་བསྟུན་བྱས་ན། །ཆོས་མིན་སྤྱོད་པས་ངལ་བ་སྟོང་ལོག་བྱེད། །ཀྱེ་མ་ཀྱེ་ཧུད་ད་ནི་ཇི་ལྟར་བྱ། །ཟླ་མེད་སྟོན་པ་མཆོག་དེས་གསུངས་པ་ཡི། །དམ་ཆོས་འདུལ་བའི་བཅས་པ་བསྲུང་བྱས་ན། །བདུད་ཀྱི་གཉེན་གྱུར་སྡིག་པའི་གྲོགས་རྣམས་ཀྱིས། །བརྙས་སྨོད་ཅོ་འདྲི་ག་ཞའི་གནས་སུ་བྱེད། །རྒྱལ་བའི་བཀའ་དང་མཐུན་པའི་ཆོས་བསྟན་ན། །འཇིག་རྟེན་གནའ་བོའི་ལུགས་དང་འགལ་ལོ་ཞེས། །ཁེངས་ལྡན་བླུན་རྨོངས་དག་གིས་དགྲར་བཟུང་སྟེ། །ཆོས་མིན་ཕྱོགས་སུ་འབད་ནས་རྒྱུག་པར་བྱེད། །དྲི་ཞིམ་ངད་ལྡན་སྦྲང་རྩིའི་རྒྱལ་མཚན་ཅན། །པདྨའི་ཚལ་གྱི་བསྔགས་པ་བརྒྱ་བརྗོད་ཀྱང་། །སྦྲང་བུ་ནག་པོ་དགའ་བར་མི་འགྱུར་བར། །ཁྱི་རོ་རུལ་པར་འབད་ནས་རྒྱུག་པ་བཞིན། །ད་ནི་དུས་ལ་སྡོད་པའི་མཐུ་མེད་པས། །ལང་ཚོའི་དཔལ་ནི་འབབ་ཆུའི་རྒྱུན་བཞིན་གཡོ། །ལོངས་སྤྱོད་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ། །དེ་ཕྱིར་འཆི་གྲབས་བྱས་ན་མི་ལེགས་སམ། །རབ་འབྱམས་ཞིང་དུ་འབད་པས་བཙལ་བཙལ་ཡང་། །ཤིན་ཏུ་རྙེད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་རྙེད་པ་ད་རེས་ཙམ་ཡིན་པས། །རྩེ་གཅིག་སྒྲུབ་པ་ནུས་པར་བྱིན་གྱིས་རློབས། །ནམ་ཞིག་ཚེ་འདིའི་སྣང་བ་འགགས་པའི་ཚེ། །ཆོས་ཀྱིས་མཐོ་བའི་ཁང་བཟང་དེར་སྐྱེས་ནས། །མི་ཕམ་འཇམ་དཔལ་སྙིང་པོའི་ཞལ་མཐོང་སྟེ། །གསུང་གི་བདུད་རྩི་ངོམས་མེད་འཐུང་གྱུར་ཅིག །ཇི་སྲིད་འཛིན་མ་གནས་པ་དེ་སྲིད་དུ། །རྒྱལ་སྲས་བཟང་པོའི་རྟོགས་བརྗོད་འདི་ཡིས་ཀྱང་། །རིགས་ལྡན་སྐལ་བཟང་གདུལ་བྱའི་ཚོགས་རྣམས་ལ། །ལམ་བཟང་ལྟ་བའི་སྣང་བ་སྟེར་གྱུར་ཅིག །ཅེས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་གངས་ཅན་འགྲོ་བའི་མགོན་པོ་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་སྐུའི་ཕུ་བོ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ་བྱ་ཡུལ་མང་ར་མཁན་པོ་རྗེ་དྲུང་བློ་བཟང་རྡོ་རྗེས་ཤེར་ཕྱིན་གྱི་མན་ངག་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཐམས་ཅད་ཀྱི་ནང་ནས་ཟླ་དང་བྲལ་བ་ནི་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་དང་། འགྲེལ་ཆེན་རྒྱན་གྱི་སྣང་བ་གཉིས་སུ་གསུངས། དེས་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་སློབ་པར་འདོད་པ་ཐམས་ཅད་ལ་སློབ་དཔོན་སེངྒེ་བཟང་པོ་འདི་ཉིད་བཀའ་དྲིན་མཚུངས་ཟླ་མེད་པར་གྱུར་ཅིང་། རྗེ་བདག་ཉིད་ཆེན་པོས་ཀྱང་ཕར་ཕྱིན་གྱི་གཞུང་ལ་སློབ་དཔོན་འདི་ཉིད་ཀྱི་གསུང་ཚད་མར་མཛད་འདུག་པ་བཅས་སློབ་དཔོན་སེངྒེ་བཟང་པོ་འདི་ལ་བསྔགས་པ་བརྗོད་པའི་རྟོགས་བརྗོད་རྒྱས་པ་སྔོན་ཆད་མི་སྣང་བས་གལ་ཆེ་བ་བཅས་སློབ་དཔོན་འདིའི་རྣམ་ཐར་སྤྱི་དང་། ཁྱད་པར་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མངོན་རྟོགས་རྒྱན་སྦྱར་བའི་ཚུལ་ཞིབ་ཏུ་འཁོད་པ་ཞིག་དགོས་ཞེས་དངུལ་དཀར་གྱི་མཎྜལ་རིན་པོ་ཆེའི་ཚོམ་བུ་དང་བཅས་ལན་དུ་མར་བསྐུལ་བ་ལ་བརྟེན་ནས། ཕྱི་ནང་གི་ཆོས་ཐམས་ཅད་ཆུ་ནང་གི་ཟླ་གཟུགས་ལྟར་གཟིགས་པ་རྗེ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ་དང་། ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་རྗེ་བཙུན་ངག་དབང་བྱམས་པ་གཉིས་ཀྱི་བཀའ་དྲིན་ལས་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་ལེགས་པར་ཐོབ་པ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་བདེ་བ་ཅན་དུ་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པའི་སྙིང་པོ་མཐར་ཐུག་པ་འདི་ཉིད་ཕྱོགས་ཀུན་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཅིག།། མངྒལཾ།།   །།

 

[1] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ལྔ་པ། ༼ཇ༽ དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣༥ན༦ བར།

Leave a Reply

Your email address will not be published. Required fields are marked *