༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།།

 

༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།།[1]

 

༼མཛད་པ་པོ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) །༽

 

ཐུབ་དབང་ཀུན་གསལ་ནོར་བུ་ནུབ་རིའི་རྩེར། །འོད་གསལ་གོས་དམར་གྱིས་གཟིམ་མ་བཟོད་ནས། །བཞི་བརྒྱའི་ལོ་གྲངས་ཤར་རིའི་ཅོད་པན་ལས། །ཀླུ་སྒྲུབ་སྨྲ་བའི་ཟླ་བ་ཤར་འདི་མཚར། །དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མེའི་དུས། །རྒྱལ་པོ་བརྩོན་འགྲུས་ཀླུ་རུ་གྱུར་པའི་ཚེ། །ཤཱཀྱའི་བསྟན་ལ་ཆོས་ཀྱི་སྒྲ་ཆེན་གསུམ། །སྒྲོགས་པའི་སྨོན་ལམ་མཛད་ལ་གསོལ་བ་འདེབས། །

དེ་ཕྱིར་ལྷོ་ཕྱོགས་བཻ་ཏའི་ཡུལ་གྲུ་རུ། །རིག་བྱེད་མཆོད་སྦྱིན་སྙན་ངག་ངེས་བརྗོད་སོགས། །ལས་དྲུག་ལྡན་པའི་བྲམ་ཟེའི་རིགས་མཆོག་ཏུ། །སྤྲུལ་པའི་སྐྱེ་བ་བཟུང་ལ་གསོལ་བ་འདེབས། །མཚན་མཁན་མཁས་པས་དགེ་སློང་བརྒྱ་ཕྲག་ལ། །ཆོས་སྟོན་དྲངས་ན་ལོ་བདུན་བར་དུ་འཚོ། །དེ་ལས་ལྷག་པའི་སྐུ་ཚེ་མ་མཆིས་ཞེས། །བདེན་པའི་ལུང་བསྟན་བྱུང་ལ་གསོལ་བ་འདེབས། །བརྩེ་ལྡན་ཕ་མས་བུ་གཅིག་ཤི་བའི་རོ། །བལྟ་བར་མི་བཟོད་གཡོག་བཅས་འཁྱམས་བཏང་ནས། །ཁ་སཱར་པཱ་ཎིས་ཞལ་བསྟན་ནཱ་ལེནྡྲར། །རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས། །དེ་ཚེ་བྲམ་ཟེ་ཆེན་པོ་ས་ར་ཧས། །ཚེ་དཔག་མེད་པ་འཆི་བདག་འཇོམས་པ་ཡི། །སྨིན་བྱེད་དབང་བསྐུར་བྱིན་གྱིས་བརླབས་པའི་མཐུས། །འཆི་མེད་རིག་འཛིན་བརྙེས་ལ་གསོལ་བ་འདེབས། །དེ་དུས་མུ་གེ་ཆེན་པོ་ལོ་སྐོར་དུ། །བྱུང་བས་གསེར་འགྱུར་རྩི་ཡིས་ལོ་མང་པོར། །ནཱ་ལེནྡྲ་ཡི་དགེ་འདུན་མཐའ་དག་ལ། །འཚོ་བའི་ཡོ་བྱད་སྦྱར་ལ་གསོལ་བ་འདེབས། །བསླབ་ལ་གཡེལ་བའི་དགེ་སློང་བདེ་བྱེད་ཀྱིས། །འབུམ་ཕྲག་བཅུ་གཉིས་ཡོད་པའི་གཞུང་བརྩམས་ཏེ། །མི་རུང་གཞི་བཅུ་སྤྱོད་པ་ཚར་བཅད་ནས། །ཆོས་སྒྲ་དང་པོ་བསྒྲགས་ལ་གསོལ་བ་འདེབས། །གདེངས་ཅན་དབང་པོས་རང་གི་ཕོ་བྲང་དུ། །སྤྱན་དྲངས་ནོར་བུའི་ཁྲི་ལ་ཞབས་བཀོད་དེ། །སྐལ་ལྡན་ཀླུ་དབང་ཚོགས་ལ་ཆོས་བསྟན་པས། །ཀླུ་རྣམས་བདེན་པར་བཀོད་ལ་གསོལ་བ་འདེབས། །གདེངས་ཅན་ཡུལ་ནས་ཤེར་མདོ་སྤྱན་དྲངས་ཏེ། །བདེན་དངོས་སྨྲ་བའི་རང་གཞན་སྡེ་པ་རྣམས། །ཞིབ་ཏུ་བཀག་སྟེ་རིགས་པའི་ཚོགས་བརྩམས་ནས། །ཆོས་སྒྲ་གཉིས་པ་བསྒྲགས་ལ་གསོལ་བ་འདེབས། །གནོད་སྦྱིན་གྱིས་ཕུལ་ཀླུ་ཡི་འཇིམ་པ་ལས། །ཆོས་སྐུའི་མཆོད་རྟེན་བྱེ་བ་བཞེངས་པའི་མཐུས། །རྒྱ་གར་ཤར་ནུབ་ཡུལ་གྲུ་ཕལ་མོ་ཆེར། །ཆོས་སྐུའི་རྟེན་གྱིས་ཁྱབ་ལ་གསོལ་བ་འདེབས། །འཕགས་ཡུལ་ཤར་ཕྱོགས་ལི་ཁར་ཤིང་འཕེལ་དུ། །གསེར་འགྱུར་མཛད་དེ་དབུལ་ཕོངས་མཐའ་དག་ལ། །སྦྱིན་གཏོང་རྒྱ་ཆེར་གནང་བས་མགོན་མེད་རྣམས། །དབུལ་བའི་སྡུག་བསྔལ་བསལ་ལ་གསོལ་བ་འདེབས། །དེ་ཚེ་བྲམ་ཟེ་དབུལ་པོ་རྒན་ཁོག་ལ། །གསེར་མང་གནང་ནས་གདམས་ངག་བྱིན་པའི་མཐུས། །བྲམ་ཟེ་ཤི་འཕོས་ཀླུ་ཡི་བྱང་ཆུབ་ཅེས། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །དྲིལ་བུའི་དབྱིབས་ལྡན་བྲག་རི་ཆེན་པོ་ཞིག །གསེར་དུ་བསྒྱུར་ནས་སྦྱིན་པ་བྱེད་དགོངས་པས། །སྲེད་ལྡན་མི་རྣམས་རྩོད་པའི་རྒྱུར་འགྱུར་ཞེས། །ལྷ་ཡིས་ལུང་བསྟན་མཛད་ལ་གསོལ་བ་འདེབས། །སྒྲ་མི་སྙན་དུ་གཤེགས་པའི་ལམ་བར་དུ། །གྲོང་ཁྱེར་དཔལ་ཡོན་ཅན་གྱི་བྱིས་པ་རྣམས། །རྩེ་བའི་ཁྲོད་ནས་བྱིས་པ་ཛེ་ཏ་རི། །རྒྱལ་པོར་ལུང་བསྟན་མཛད་ལ་གསོལ་བ་འདེབས། །སྒྲ་མི་སྙན་དུ་ལོ་གྲངས་སུམ་བརྒྱ་བཞུགས། །སླར་ཡང་འཛམ་བུའི་གླིང་དུ་གཤེགས་པའི་ཚེ། །སྔར་གྱི་བྱིས་པ་རྒྱལ་པོ་བདེ་སྤྱོད་ཀྱིས། །རིན་ཆེན་མང་པོ་ཕུལ་ལ་གསོལ་བ་འདེབས། །སྐྱེས་ལན་དམ་ཆོས་རིན་ཆེན་ཕྲེང་བ་དང་། །ཆོས་དབྱིངས་བསྟོད་པ་ལ་སོགས་བསྟོད་ཚོགས་སྐོར། །སྤྲིན་ཆེན་མདོ་དང་རྔ་བོ་ཆེ་གསུངས་པས། །ཆོས་སྒྲ་གསུམ་པ་བསྒྲགས་ལ་གསོལ་བ་འདེབས། །ཐུབ་པ་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་། །ལྕགས་ཀྱི་དྲ་མིག་རྭ་བས་ཡོངས་བསྐོར་ཞིང་། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཕོ་བྲང་དུ། །སྔོན་མེད་སྲི་ཞུ་མཛད་ལ་གསོལ་བ་འདེབས། །དེར་ནི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དང་། །གཞན་ཡང་ཤར་ཕྱོགས་བ་ཊ་བེ་ས་དང་། །ར་རྒྱུར་ཞེས་བྱའི་ཡུལ་ཕྱོོགས་ཐམས་ཅད་དུ། །རྟེན་གསུམ་གྲངས་མེད་བཞེངས་ལ་གསོལ་བ་འདེབས། །མཐའ་བྲལ་དབུ་མ་ཆེན་པོའི་ལྟ་བ་ནི། །ལུང་གིས་རྒྱས་པར་སྟོན་པ་བསྟོད་ཚོགས་སྐོར། །རིགས་པས་རྒྱས་པར་སྟོན་པ་རིགས་ཚོགས་ཀྱིས། །དབུ་མའི་སྲོལ་ཆེན་ཕྱེ་ལ་གསོལ་བ་འདེབས། །ཐེག་ཆེན་སྤྱོད་པ་ལུང་གིས་རྒྱས་པ་རུ། །སྟོན་པ་མདོ་སྡེ་ཀུན་ལས་བཏུས་པ་དང་། །རིགས་པས་བསྟན་པ་ཐེག་ཆེན་བློ་སྦྱོང་གིས། །སྤྱོད་པ་གསལ་བར་མཛད་ལ་གསོལ་བ་འདེབས། །གསང་བ་སྔགས་ཀྱི་ལྟ་སྤྱོད་སྟོན་པ་ལ། །ཀུན་ལས་བཏུས་དང་བྱང་ཆུབ་སེམས་འགྲེལ་གཉིས། །བསྐྱེད་རིམ་མདོར་བྱས་མདོ་བསྲེ་ཉི་ཤུ་པ། །རྫོགས་རིམ་རིམ་ལྔ་མཛད་ལ་གསོལ་བ་འདེབས། །ཉན་ཐོས་རིགས་ཅན་མཐའ་དག་རྗེས་གཟུང་སླད། །རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་གསུངས་ཤིང་། །ཁྱིམ་པ་རྣམས་ལ་བཤེས་པའི་སྤྲིངས་ཡིག་གསུངས། །ཀུན་ལ་ཕན་པར་མཛད་ལ་གསོལ་བ་འདེབས། །རབ་བྱུང་རྣམས་ལ་བྱང་ཆུབ་ཚོགས་དང་ནི། །དམངས་ཀྱི་སྐྱེ་བོ་རྣམས་ལ་གསོ་ཐིག་དང་། །སྦྱོར་བ་བརྒྱ་པ་ལ་སོགས་གསོ་རིག་གི །བསྟན་པ་རྒྱས་པར་མཛད་ལ་གསོལ་བ་འདེབས། །རྒྱལ་བློན་རྣམས་ལ་རིན་ཆེན་ཕྲེང་བ་དང་། ཤེས་རབ་བརྒྱ་པ་རྟེན་འབྲེལ་རྩིས་ཀྱི་སྐོར། །སྤོས་སྦྱོར་གསེར་འགྱུར་གཞུང་རྣམས་མཛད་པ་ཡིས། །སྐྱེ་དགུ་བདེ་བར་མཛད་ལ་གསོལ་བ་འདེབས། །བདེ་སྤྱོད་སྲས་པོ་གཞོན་ནུ་ནུས་ལྡན་གྱིས། །དབུ་བསླངས་རལ་གྲིས་མ་ཆོད་འཇག་མ་ཡིས། །བཅད་པའི་ཚུལ་གནང་དབུ་ཡི་རྩ་བ་ལས། །བདེན་པའི་སྒྲ་དབྱངས་བསྒྲགས་ལ་གསོལ་བ་འདེབས། །ད་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །གསུང་བཞིན་མ་འོངས་པ་ན་དབུ་འབྱར་ནས། །བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས། །གཞན་ཡང་སྤྲུལ་པ་ལྔ་ཡིས་ཅིག་ཅར་དུ། །ནུབ་ཕྱོགས་ཨུ་རྒྱན་གླིང་གི་མཚོ་འགྲམ་དུ། །ནཱ་ག་བོ་དྷིར་རྡོར་དབྱིངས་དཀྱིལ་འཁོར་གྱི། །སྤྲུལ་པའི་བཀོད་པ་བསྟན་ལ་གསོལ་བ་འདེབས། །རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ། །ཟླ་གྲགས་སོགས་ལ་ཕ་རྒྱུད་འདུས་པ་དང་། །བྱང་དུ་ཕར་ཕྱིན་གསུངས་ཤིང་ནུབ་ཕྱོགས་སུ། །དབུ་མའི་གཞུང་རྣམས་གསུངས་ལ་གསོལ་བ་འདེབས། །དེ་བཞིན་ལྷོ་རུ་ཚད་མའི་གཞུང་གསུངས་ཤིང་། །མ་འོངས་བསྐལ་བཟང་སངས་རྒྱས་སྟོང་བྱོན་ནས། །བསྐལ་པ་ཆེན་པོ་དྲུག་ཅུ་རྩ་གཉིས་ལ། །རང་རྒྱལ་བྱེ་བ་འབྱུང་བའི་འོག་ཏུ་ནི། །སངས་རྒྱས་བརྒྱད་འབྱུང་བརྒྱད་པའི་དུས་ཉིད་ནི། །མགོན་ཁྱོད་བྱོན་ཚེ་འཇིག་རྟེན་ཁམས་འདི་ནི། །དང་བའི་འོད་ཅེས་བྱ་བའི་ཞིང་དུ་འགྱུར། །ཞིང་དེར་རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །ཞིང་དེར་ཉན་ཐོས་རང་རྒྱལ་མུ་སྟེགས་དང་། །མི་ཁོམ་བརྒྱད་ཀྱི་མིང་ཡང་མི་འབྱུང་ཞིང་། བྱང་ཆུབ་སེམས་དཔའ་མང་བཞུགས་དུས་རྟག་ཏུ། །སྒྲ་དབྱངས་སྙན་པ་ཐོས་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ནི་ཞིང་དེར་སངས་རྒྱས་པ། །སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་གྲགས། །བར་གྱི་བསྐལ་པ་ཆེན་པོ་བཅོ་ལྔ་པ། །ཐེག་ཆེན་ཆོས་ཚུལ་འདོམས་ལ་གསོལ་བ་འདེབས། །དེ་ལྟར་དང་བས་བསྟོད་པའི་དགེ་བ་འདིས། །མགོན་པོ་ཁྱོད་ཀྱི་གསུང་རབ་མཐའ་དག་ལ། །ཐོས་བསམ་བསྒོམ་པ་ལེགས་པར་མཐར་ཕྱིན་ཏེ། །ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་ཤིང་རྟ་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་མགོན་པོ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་དབུ་མའི་གཞུང་ལུགས་མཐའ་དག་ལ་སྦྱངས་པ་མཐར་སོན་པ་རྡོ་རམས་པ་དཀོན་མཆོག་སངས་རྒྱས་ཀྱིས་བསྐུལ་ངོར་༸རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་པ་ཆོས་དར་རྒྱས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།  །།

 

[1] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། ཤིང་དཔར་དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

Leave a Reply

Your email address will not be published. Required fields are marked *