༄༅། །དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་།

༄༅། །དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།

མཁན་པོ་བསོད་ནམས་ཚེ་རྒྱལ།

འཕགས་ཡུལ་དྷེ་ར་དྷུན་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་།

 

དཀར་ཆག

སྔོན་དུ་འགྲོ་བའི་གཏམ།

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་བའི་ངོས་སྦྱོར་བཀའ་ཡིག

འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བསྩལ་བའི་ངོས་སྦྱོར་བཀའ་ཡིག

དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད།

དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་བྱ་བ་ལ་གསུམ།

ཀ༽ མཆོད་པར་བརྗོད་དང་རྩོམ་པར་དམ་བཅའ་བ།་་་་་་་་་་་་་་་་་་་་་་ (1)

ཁ༽ རྣམ་ཐར་གཞུང་དངོས་བསྟན་པ་ལ་གཉིས།

དང་པོ། སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་ལ་བཞི།

ཐོག་མར་གླེང་སློང་བ་དང་ཐུགས་བསྐྱེད་པ་གཉིས།

གླེང་སློང་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ (2)

མཆོག་གི་འབྲས་བུར་ཐུགས་བསྐྱེད་པ་ལ་གཉིས།

༡༽ ཐེག་པ་ཆུང་ངུའི་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (5)

༢༽ ཐེག་པ་ཆེན་པོའི་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (6)

བར་དུ་བསྐལ་པ་དུ་མར་ཚོགས་བསགས་པ་ལ་གཉིས།

༡༽ ཐེག་པ་ཆུང་ངུའི་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (7)

༢༽ ཐེག་པ་ཆེན་པོའི་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (8)

མཐར་འབྲས་བུ་མངོན་དུ་གྱུར་པ་ལ་གཉིས།

ཐེག་པ་ཆུང་ངུའི་ལུགས།་་་་་་་་་་་་་་་་་་་་་་་་་་་་༌༌་་་་་་་ (9)

༢༽ ཐེག་པ་ཆེན་པོའི་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (10)

ཞར་བྱུང་དུ་མཛད་པ་བཅུ་གཉིས་དང་བཀའི་བསྡུ་ཚུལ་བསྟན་པ་ལ་གཉིས།

མཛད་བཅུ་གཉིས་སྤྱི་དང་བྱེ་བྲག་གཉིས།

སྤྱིར་བསྟན་པ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་ (11)

བྱེ་བྲག་ཏུ་བསྟན་པ་ལ་བཅུ་གཉིས།

༡༽ དགའ་ལྡན་ནས་འཕོ་བའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (12)

༢༽ ལྷུམས་སུ་བཞུགས་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་ (14)

༣༽ སྐུ་བལྟམས་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་ (15)

༤༽ བཟོའི་གནས་ལ་བསླབས་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་ (17)

༥༽ བཙུན་མོ་འཁོར་གྱི་རོལ་བའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་ (18)

༦༽ རབ་ཏུ་བྱུང་བའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་ (19)

༧༽ དཀའ་བ་སྤྱད་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་ (21)

༨༽ བྱང་ཆུབ་སྙིང་པོ་ལ་བཞུགས་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་ (22)

༩༽ བདུད་བཏུལ་བའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (23)

༡༠༽ མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ།་་་་་་་་་་ (25)

༡༡༽ ཆོས་ཀྱི་འཁོར་ལོ་སྐོར་བའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་ (25)

༡༢༽ མྱ་ངན་ལས་འདས་པའི་མཛད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (31)

བཀའ་ཡི་བསྡུ་བ་ལ་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་གཉིས།

ཐེག་པ་ཐུན་མོང་བའི་བཀའ་བསྡུ་ལ་གསུམ།

༡༽ བཀའ་བསྡུ་དང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (33)

༢༽ བཀའ་བསྡུ་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (37)

༣༽ བཀའ་བསྡུ་གསུམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (37)

ཐེག་པ་ཐུན་མིན་གྱི་བཀའ་བསྡུ་བ་ལ་གསུམ།

༡༽ ཕར་ཕྱིན་ཐེག་པའི་བཀའ་བསྡུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (38)

༢༽ གསང་སྔགས་གསར་མའི་བཀའ་བསྡུ།་་་་་་་་་་་་་་་་་་་་་་་་་་་་་་་་་ (39)

༣༽ གསང་སྔགས་རྙིང་མའི་བབ་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (40)

མཆོག་གི་སྤྲུལ་སྐུའི་ཆ་ལུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (42)

གཉིས་པ། པཎ་ཆེན་རྣམ་ཐར་བསྟན་པ་ལ་བཅུ་བདུན།

༡༽ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར།་་་་་་་་་་་་་་་་་་ (45)

༢༽ སློབ་དཔོན་འཕགས་པ་ལྷའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (59)

༣༽ སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར།་་་་་་་་་་་་་་་་་་་་་ (72)

༤༽ སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་ (78)

༥༽ སློབ་དཔོན་ཟླ་བ་གྲགས་པའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་ (83)

༦༽ སློབ་དཔོན་ཞི་བ་ལྷའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (98)

༧༽ མཁན་ཆེན་ཞི་བ་འཚོའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (108)

༨༽ སློབ་དཔོན་ཀཱ་མ་ལ་ཤཱི་ལའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་ (123)

༩༽ སློབ་དཔོན་ཐོགས་མེད་ཀྱི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་ (132)

༡༠༽ སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་ (148)

༡༡༽ སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་ (160)

༡༢༽ སློབ་དཔོན་ཆོས་ཀྱི་གྲགས་པའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་ (169)

༡༣༽ འཕགས་པ་རྣམ་གྲོལ་སྡེའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་ (180)

༡༤༽ སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་ (185)

༡༥༽ སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་ (190)

༡༦༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་་ (194)

༡༧༽ དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།་་་་་་་་་་་་་་་་་་་་་་་་་་་་་་་་་་་ (198)

ག༽ མཐར་མཇུག་གི་གྲུབ་དོན་བསྟན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་ (212)

པཎ་ཆེན་བཅུ་བདུན་གྱི་རེ་རེའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་རྣམ་གྲངས།་་་་་(215)

དཔྱད་གཞིའི་ཡིག་ཁུངས་རྣམས་ཀྱི་མཚན།་་་་་་་་་་་་་་་་་་་་་་་་་་་་་་་ (229)

མཇུག་གི་གཏམ།་་་་་་་་་་་་་་་་་་་་་་ (232)

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དཔར་བྱང་སྨོན་ཚིག་་་་་་་་་་་་་(233)

 

 

༄༅། །པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

སྔོན་དུ་འགྲོ་བའི་གཏམ།

 

དེ་ཡང་སྐྱེ་དགུ་འགྲོ་བ་ཡོངས་ཀྱི་ཚོགས་གཉིས་གསོག་པའི་ཞིང་མཆོག །འདི་དང་ཕྱི་མའི་སྐྱབས་གནས་དང་མགོན་དཔུང་གཅིག་པུར་གྱུར་པ་བླ་ན་མེད་པའི་ལམ་བསྟན་པ་བཀའ་དྲིན་ཅན་གྱི་སྟོན་པ། སྙིགས་མའི་ཚེ་ལོ་བརྒྱ་པའི་དུས་འདིར་ཤཱཀྱའི་རྒྱལ་རིགས་སུ་བྱོན་པའི་སྐྱེས་བུ་ཆེན་པོ་ཤཱཀྱ་ཐུབ་པ་སྟེ། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོན་པ་ཐུབ་པའི་དབང་པོས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ། མོས་པ་དང་བསྟུན་ནས་སྐུ་ཡི་མཛད་པ། གསུང་གི་འཕྲིན་ལས། ཐུགས་ཀྱི་དགོངས་པ་སོགས་གང་ལ་གང་འདུལ་གྱིས་ཕན་དང་བདེ་བའི་དོན་མཛད་པ་བསམ་གྱིས་མི་ཁྱབ་པ་མངའ་དབང་གྱུར་པ་ལས། བདག་ཅག་འགྲོ་བ་རྣམས་ཀྱི་སྣང་ངོར་མཆོག་ཏུ་གྱུར་པའི་མཛད་ཆེན་དེ་ནི་དཔལ་གྱི་མགུལ་ནས་བལྟམ་པའི་གསུང་གི་མཛད་པ་སྟེ། ཇི་སྐད་དུ།

ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །

འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །

ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །

མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །

ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །

མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །

དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །

སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །

ཞེས་གསུངས་ཏེ་མདོ་སྔགས་ཟབ་མོའི་ཆོས་འཁོར་བསམ་མི་ཁྱབ་པར་བསྟན་ཡོད་ནའང་རང་རེ་སོ་སྐྱེ་ཐ་མལ་པས་བཀའ་ཡི་དགོངས་དོན་ཇི་བཞིན་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཐབས་དེ་ནི་ངེས་པར་དུ་ཡང་དག་པའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལ་འཇུག་དགོས་པ་དང་། དེའི་ཐབས་ལམ་ནི་ཐོག་མར་དམ་པ་དེ་རྣམས་ཀྱི་མཛད་སྤྱོད་རྣམས་ལ་དད་སྤྲོ་འཕེལ་དགོས་པ་ཞིག་ཡིན། དེས་ན་དེ་དག་གི་རྣམ་པར་ཐར་པའི་རྟོགས་བརྗོད་སོགས་ངེས་པར་དུ་མཁྱེན་དགོས་པ་གལ་ཆེན་ཞིག་ཆགས་ཡོད་པ་སྨོས་མ་དགོས་པས།

དེ་ལྟར་ནའང་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་བསྟན་པའི་གཏད་རབས་བདུན། གནས་བརྟན་ཆེན་པོ་བཅུ་དྲུག འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། རྨད་བྱུང་གི་སློབ་དཔོན་རྣམ་གཉིས། རྣལ་འབྱོར་གྱི་གྲུབ་ཆེན་བརྒྱད་ཅུ་སོགས་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཁྱད་པར་ཅན་བྱོན་ཅིང་། གསུང་རབ་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཕལ་མོ་ཆེ་ཐོག་མར་བོད་གངས་ཅན་ལྗོངས་འདིར་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་བསྒྱུར་བཤད་ཀྱིས་མཐར་ཕྱིན་པ་དང༌། ཕྱིས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་ཀྱང་འགྱུར་ལ་དག་བཅོས་སོགས་མཛད་དེ། མདོར་ན་རིམ་བཞིན་གངས་ཅན་ལྗོངས་སུ་བསྟན་པའི་བཀའ་བབས་རང་རང་གི་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོའི་བརྒྱུད་པ་ཐོས་བསམ་སྒོམ་གསུམ་སོགས་གནང་ཞིང་འབྲས་རྟགས་བསླུ་བ་མེད་པའི་མངོན་དུ་གྱུར་དང་འགྱུར་བཞིན་པ་དང༌། མ་ཟད་དུས་ད་ལྟའི་བར་དུ་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆིས་པའི་ཆོས་སྡེ་ཐུན་མོང་གིས་གཙོ་བོར་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་སྒྲུབ་གནང་སྟེ་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པར་བྱུང༌། རེ་ཞིག་དུས་ཀྱི་རྒུད་པ་མི་ཟད་པའི་རྐྱེན་གྱིས་གངས་ལྗོངས་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ནག་ཕྱོགས་ཀླ་ཀློའི་མེ་ལྕེས་རྨང་ནས་བཅོམ་ནའང་། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་ཤ་ཚུགས་སུ་བཞད་པ་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས། ཆོས་བརྒྱུད་བསྟན་འཛིན་དམ་པ་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ལས་བསྟན་རྩ་དགེ་འདུན་གྱི་སྡེ་རྣམས་ཀྱིས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང༌། ལམ་བསླབ་པ་གསུམ་ལ་ཉམས་ལེན་སོགས་ཀྱིས་ཐ་གྲུས་ཟླུམ་པོར་བཅིངས་པའི་ས་ཡི་གོ་ལའི་ལྗོངས་འདིར་རྒྱལ་བསྟན་རིན་པོ་ཆེ་སྔར་ལས་ལྷག་པར་ཁྱབ་ཅིང་རྒྱས་པར་གྱུར་ཏོ།།

དེ་ལྟར་ན་སྤྱིར་ཐུན་མོང་བའི་མཁས་པའི་ངག་རྒྱུན་ལས། འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང༌། རྨད་བྱུང་གི་སློབ་དཔོན་རྣམ་གཉིས་བཅས་གསུངས་སྲོལ་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུན་མོང་མ་ཡིན་པའི་དེའི་སྟེང་དུ་མཁན་ཆེན་ཞི་འཚོ་སོགས་པཎ་ཆེན་བདུན་ཙམ་ཁ་སྣོན་མཛད་དེ་དཔལ་ནཱལནྡྲའི་པཎ་ཆེན་བཅུ་བདུན་ཞེས་བཀའ་དྲིན་རྗེས་སུ་འཛིན་པའི་སྒོ་ནས་སྲོལ་བཏོད་པ་དང་དེ་དག་གི་གསོལ་འདེབས་ཀྱང་ལྗགས་རྩོམ་མཛད། དེས་ན་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་བཀའ་བརྒྱུད་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས་འཕགས་ཡུལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་སྟེ། གཞུང་ལུགས་མདོ་ཕྱོགས་སུ་རྒྱ་གཞུང་ཆེན་མོ་བཅུ་གསུམ་དང་། སྔགས་ཕྱོགས་སུ་གཞི་སྡོམ་གསུམ་དགོངས་གཅིག ལམ་ཐེག་ཆེན་བསྟན་སྙིང། འབྲས་བུ་འོད་ཟེར་སྐོར་གསུམ་སོགས་ལ་འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྐྱེད་ཚལ་གྱི་པདྨོ་བཞད་ཅིང་། གཙུག་ལག་ཁང་དུའང་གཙོ་བོར་པཎ་ཆེན་བཅུ་བདུན་གྱི་བྲིས་ཐང་མཛེས་རིས་སུ་བཞེངས་པར་མཛད་ཡོད་པར་བརྟེན། ཁོ་བོས་འདི་བཞིན་རྣམ་ཐར་ཞིག་འབྲི་ཐུབ་ན་སྙམ་སྟེ་རྒྱུ་དུས་ཀྱི་ཀུན་སློང་ཞིག་གཡོས་ཀྱང་དེ་མུར་ལུས། ཉེ་ཆར་མཐོ་སློབ་ཀྱི་མཁན་པོ་དཀོན་མཆོག་རང་གྲོལ་མཆོག་ནས་རྒྱུ་མཚན་དེ་ལྡན་གྱིས་པཎ་ཆེན་དེ་རྣམས་ཀྱི་རྣམ་ཐར་ཞིག་འབྲི་དགོས་ཞེས་བཀའ་བསྐུལ་ཐེངས་འགའ་བྱུང་བའི་རྐྱེན་གྱིས། ཁོ་བོས་སྡེབ་སྦྱོར་སོགས་ལ་བྱང་མ་ཆུབ་ཀྱང་རང་རེའི་ཐོས་བསམ་གསར་བུ་བར་རེ་ཞིག་སྨན་དུ་རེ་ནས་དམ་པའི་གསུང་རབ་སོགས་ལས་ལེགས་པར་བཏུས་ཏེ་སོར་མོའི་འདུ་བྱེད་ཀྱིས་ལས་ལ་བྲེལ་ནས། མཐར་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་བྱ་བ་འདི་ཉིད་མཇུག་གྲུབ་པར་བགྱིས་སོ།།

མཁས་དབང་དགེ་ཆོས་ཀྱི་ཞལ་ནས། འོན་ཀྱང་དུས་ཀྱི་ངེས་པ་ནི་ལུང་བསྟན་རྣམས་ལ་བརྟེན་པ་ཙམ་ལས་རྒྱུ་མཚན་གཞན་རྙེད་པ་ཤིན་ཏུ་དཀའ། ཞེས་གསུངས་པ་བཞིན་དུ་པཎ་ཆེན་དེ་རྣམས་ཀྱི་འདས་འཁྲུངས་ཀྱི་དུས་ཚིགས་ཞིབ་ཕྲ་གསལ་ཁ་མ་བྱུང་བས་རེ་ཞིག་འདིར་མ་བཀོད། མ་ཟད་དུས་བྲེལ་སོགས་ཀྱི་རྐྱེན་གྱིས་ཚིག་དོན་ལ་འགལ་འཁྲུལ་བྱུང་སྲིད་པས་མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱིས་ཡོ་བསྲང་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད། ཅི་སྟེ་རྣམ་ཐར་འདི་ཉིད་ལ་བརྟེན་ནས་དམ་པ་དེ་རྣམས་ཀྱི་དགོངས་སྤྱོད་ཚུལ་བཞིན་དུ་རྒྱུད་ལ་ངེས་སྲིད་པས། དེས་ན་མཐར་རྣམ་མཁྱེན་རྒྱལ་བའི་བཀའ་ཡི་དོན་བདེ་བླག་ཏུ་རྟོགས་པའི་སྨོན་འདུན་དང་བཅས་ཏེ། རབ་གནས་མེ་ཕག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་བཟང་པོའི་སྤྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༢༤ ལའོ།།

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་ངོས་སྦྱོར་བཀའ་ཡིག

 

༄༅། །ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མཉམ་མེད་ཟས་གཙང་སྲས་པོས་འགྲོ་བ་རྣམས་ལ་གཅིག་ཏུ་ཕན་པ་འབའ་ཞིག་བཞེད་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་རླབས་པོ་ཆེ་གྲངས་ལས་འདས་པ་མཛད་པ་དེའི་ནང་ནས་མཛད་པ་མཆོག་གསུང་གི་མཛད་པ་ཡིན་ལ། དེའི་འཕྲིན་ལས་འཇུག་པའི་སྐལ་ལྡན་གྱི་གདུལ་བྱ་ཚོགས་མཐའ་ཡས་པ་ཡོད་པ་ལས། དཔལ་ན་ལེན་དྲའི་པཎ་གྲུབ་བཅུ་བདུན་ནི་བོད་སོག་གིས་མཚོན་པའི་ཡུལ་ཁག་ལ་སངས་རྒྱས་ཀྱི་བསྟན་པ་ཚང་ལ་དྲི་མ་མེད་པ་ད་ལྟ་བར་དུ་གནས་ཐུབ་པ་ནི་སྐྱེས་མཆོག་སེམས་དཔའ་ཆེན་པོ་དེ་དག་གི་གསུང་གི་འཕྲིན་ལས་ཀྱི་བཀའ་དྲིན་ཉག་ཅིག་ཁོ་ན་ཡིན་པར་མ་ཟད། དེ་དག་གི་གཞུང་ལ་ཐོས་བསམ་མཛད་ནས་ས་ལམ་གྱི་རྟོགས་པ་མཐོན་པོར་སོན་པ་སྐྱེས་མཆོག་གྲངས་ལས་འདས་པ་བྱོན་ཡོད། དུས་རབས་འདིར་༸རྒྱལ་བའི་བསྟན་པའི་ཁྱད་ཆོས་རིགས་པའི་ལམ་ནས་རྟོགས་པར་མཁས་པ་འདི་དག་གི་ལེགས་བཤད་མེད་མི་རུང་ལྟ་བུ་ཡིན། ད་ལམ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་སེམས་དཔའ་ཆེན་པོ་དེ་དག་གི་སྐུ་གསུང་ཐུགས་ཀྱི་མཛད་པའི་ཡོན་ཏན་བརྗོད་པའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་པ་འབྲི་རྩོམ་བགྱིས་པར་བསྔགས་བརྗོད་ཡི་རངས་ཡོད། རང་ཅག་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ནས་སྐྱེས་མཆོག་དེ་དག་གི་གཞུང་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་རྒྱུའི་སྐལ་བཟང་ཡུན་གནས་ཐུབ་པའི་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས། ཕྱི་ལོ་༢༠༠༧ ཟླ་ ༡༡ ཚེས་ ༢༧ ལ།།

 

འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བསྩལ་བའི་ངོས་སྦྱོར་བཀའ་ཡིག

 

༄༅། །བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས། རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ན་ལེནྡྲའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞེས་འཛམ་གླིང་ནང་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེའི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ངོ་སྤྲོད་རྗེས་དྲན་ཞུ་རྒྱུ་འདི་ནི། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ནང་བསྟན་གཙུག་ལག་ཁང་གི་འབྱུང་གཞི་ཞིག་མཚོན་ལ། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཕུགས་ཁུངས་བཏུག་ས་ཤིག་ཏུའང་གྱུར་ཡོད།

དུས་རབས་གཉིས་པ་ནས་ལྔ་པའི་བར་དུ་བྱུང་བའི་རྒྱ་གར་གྱི་པཎ་གྲུབ་དེ་དག་རྣམས་ནི། ནང་པའི་བསྟན་པའི་སྲོག་འཛིན་མཁན་ལྟ་བུ་ཞིག་གྱུར་ནས། དེང་རབས་སུའང་ནང་པའི་གཙུག་ལག་ཁང་སློབ་གྲྭའི་དོ་ར་དང་། ཡངས་པའི་འཛམ་གླིང་གི་ནང་བསྟན་གར་སྟེགས་ཐོག་ཏུ་འཕྲིན་ལས་ཀྱི་འོད་སྟོང་འབར་བཞིན་པར་གནས།

མཁན་པོ་བསོད་ནམས་ཚེ་རྒྱལ་གང་ནས། དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་སྒྲིག་བྱས་པ་འདི་ནི། པཎ་གྲུབ་སོ་སོའི་རྣམ་ཐར་ངོ་སྤྲོད་བྱས་པའི་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ། སྐུ་ཕྲེང་བཅུ་བཞི་པས་མཛད་པའི་དཔལ་ན་ལེན་དྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དེར། གོ་དོན་ལེགས་པར་ལྷོངས་རྒྱུ་དང་། དད་འདུན་གཏིང་འདྲོང་སྐྱེ་རྒྱུའི་ཆ་རྐྱེན་དུའང་གྱུར།

ཐེངས་འདིའི་དཔར་སྐྲུན་བརྒྱུད། དཔལ་ན་ལེན་དྲའི་པཎ་གྲུབ་རྣམས་ལ་དད་འདུན་གདུང་ཤུགས་ཀྱི་ས་བོན་གྲུང་པོ་གོང་ནས་གོང་དུ་འཕེལ་ཏེ། དེའི་རྟེན་འབྲེལ་གྱི་མཐུས། འཛམ་གླིང་ས་སྟེང་ཡོངས་ལ་ངེས་ཤེས་འདྲོང་བའི་ནང་བསྟན་གྱི་ཉི་མ་གསར་པ་ཞིག་འཆར་ཐོག སྐྱེ་འགྲོ་རྣམས་འདི་ཕྱི་གཏན་བདེའི་ལེགས་ཚོགས་སྒོ་དུ་མ་ནས་སྨིན་རྒྱུར་གོར་མ་ཆགས་ལ། དེ་དེ་བཞིན་འགྲུབ་པའི་མཆོག་གསུམ་རྒྱལ་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ། ༸རྒྱལ་བ་འབྲི་གུང་པའི་མཚན་གྱིས་བྱིན་གྱི་བརླབས་པ། དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས། རབ་གནས་མེ་ཕག ཕྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༢༨ ལ།།

 

 

 

 

 

 

 

དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་

དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།

 

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི།།

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ།།

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི།།

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ།།

 

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན།།

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ།།

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ།།

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས།།

 

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག།།

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན།།

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ།།

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས།།

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན།།

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད།།

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ།།

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས།།

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་།།

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི།།

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ།།

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས།།

 

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས།།

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ།།

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ།།

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས།།

 

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ།།

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས།།

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ།།

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས།།

 

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ།།

སྲོལ་བཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་།།

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ།།

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས།།

 

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་།།

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས།།

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ།།

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས།།

 

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན།།

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་།།

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ།།

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས།།

 

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས།།

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ།།

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས།།

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས།།

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས།།

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ།།

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས།།

 

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་།།

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས།།

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི།།

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

 

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན།།

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ།།

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར།།

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས།།

 

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ།།

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ།།

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི།།

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས།།

 

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས།།

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར།།

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ།།

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས།།

 

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་།།

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད།།

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས།།

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ།།

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ།།

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ།།

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས།།

 

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ།།

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ།།

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས།།

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

 

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།།

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས།།

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།།

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།།

 

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི།།

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི།།

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན།།

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས།།

 

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ།།

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་།།

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ།།

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས།།

 

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན།།

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན།།

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་།།

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

 

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི།།

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི།།

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས།།

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

 

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད།།

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི།།

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས།།

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

 

ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག །   །།

 

ཀ༽ མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ།

 

བལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་རྨད་བྱུང་གསེར་གྱི་ལྷུན་པོ་ལྟ་བུའི་སྐུ། །ཐོས་པས་མི་ཚིམས་ཚངས་སྲས་སྒྲ་དབྱངས་རྨད་བྱུང་དྲུག་ཅུའི་དབྱངས་ལྡན་རོལ་མཚོའི་གསུང་། །བསམ་པས་མི་ཁེངས་ནམ་མཁའི་ཁྱོན་བཞིན་རྨད་བྱུང་མཁྱེན་བརྩེའི་ནུས་པ་མངའ་བའི་ཐུགས། །གཞལ་དུ་མི་མངའ་གསང་གསུམ་ཡོན་ཏན་དཔལ་གྱུར་ཤཱཀྱའི་རྒྱལ་པོ་ཁྱོད་ལ་འདུད། །

རྒྱལ་ཚབ་རྭ་སྒྲེང་དགོངས་པའི་ཀློང་ལས་མི་ཡི་ཟློས་གར་ཕྱག་ན་པདྨོ་སྟག་འཚེར་གྲོང་ནས་ལེགས་བཏུས་ཏེ། །སྡོམ་གསུམ་གར་གྱིས་མཛེས་པའི་རྒྱན་འཆང་གྲུ་འཛིན་ཕོ་བྲང་ཁྲི་འཕང་བཞུགས་ཏེ་ཁ་བའི་ལྗོངས་ཀྱི་ཡབ་རྗེ་གསོལ། །ཟབ་དོན་སྟོང་ཉིད་སྙིང་རྗེ་གོམས་ཤིང་གཞན་ཕན་འགྲོ་ལ་བུ་ལྟར་སྐྱོང་སྟེ་མཁའ་ལམ་ཞི་བདེའི་བསིལ་ཟེར་ངོམས། །གོ་ལའི་ཁྱོན་གྱི་ཆེ་དགུའི་གཙུག་རྒྱན་དགའ་བ་འབུམ་གྱིས་རབ་ཏུ་བསྙིལ་ཏེ་བསྟན་འཛིན་རྒྱ་མཚོའི་ཞབས་ལ་བསྟོད། །འདོད་ཡོན་གནས་ལ་ཞེན་པ་ཆེ་ཡང་བཤེས་གཉེན་དྲིན་དེ་གལ་ལ་བརྗེ། །སྙན་དང་གྲགས་པར་ཐོབ་འདོད་ཆེ་ཡང་སློབ་དཔན་ཞལ་གདམས་ག་ལ་འདོར། །བརྙེད་བཀུར་རྒྱལ་ས་ལེན་འདོད་ཆེ་ཡང་བླ་མའི་མན་ངག་ག་ལ་སྤོང་། གཞལ་བར་དཀའ་བའི་དྲིན་ཅན་བླ་མས་བདག་བློ་བྱང་ཆུབ་བར་དུ་སྐྱོངས། །

སྔོན་མེད་གསར་དུ་བྱས་པའི་ཀློང་རྡོལ་མིན།།

སྔར་བྱས་སྐྱར་ཟློས་བྱས་པའི་དཔེ་བརྐུས་མིན།།

སྔོན་བྱོན་དམ་པའི་ཞལ་གདམས་ལ་བཏུས་ཏེ།།

ད་ལྟའི་བློ་གསར་དོན་དུ་དང་བས་སྤེལ།།

ཞེས་མཆོད་པར་བརྗོད་པ་སོགས་སྔོན་དུ་སོང་ནས་སྐབས་སུ་གླེང་བར་བྱ་བ་ལ་སྤྱིར་སྟོན་པ་སངས་རྒྱས་དང་བྱེ་བྲག་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་འབྲི་བ་ལ་བརྩོན་པར་བྱ་སྟེ།

 

 

 

 

ཁ༽ རྣམ་ཐར་གཞུང་དངོས་བསྟན་པ་ལ་གཉིས།

 

དང་པོ། སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་ལ་བཞི། ཐོག་མར་གླེང་སློང་བ་དང་མཆོག་གི་འབྲས་བུར་ཐུགས་བསྐྱེད་པ་གཉིས། གླེང་སློང་བ་ནི། དེ་ཡང་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི།།

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ།།

རྟེན་འབྱུང་གཏམ་གྱིས་འགྲོར་རྣམས་འདྲེན་མཛད་པ།།

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ།།

ཞེས་གསུངས་པའི་བསྐལ་པ་འདི་ཉིད་དུ་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ། འོད་སྲུང་། ཤཱཀྱ་ཐུབ་པ་ནས་མཐར་སངས་རྒྱས་མོས་པ་ལ་ཐུག་གི་བར་དེ་བཞིན་གཤེགས་པ་སྟོང་འབྱུང་བ་སོགས་མདོ་རྣམས་ལས་ཇི་སྐད་གསུངས་པ་བཞིན་དུ། བསྐལ་བཟང་རྣམ་འདྲེན་བཞི་པ་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ཀྱང་སྐྱེ་དགུ་འགྲོ་བ་ཡོངས་ཀྱི་ཚོགས་གཉིས་གསོག་པའི་ཞིང་མཆོག གདུལ་བྱ་འདུལ་བའི་ཁོ་ནའི་ཐབས་སུ་སྙིགས་མའི་ཚེ་ལོ་བརྒྱ་པའི་དུས་འདིར་འཕགས་ཡུལ་ཤཱཀྱའི་རྒྱལ་རིགས་སུ་བྱོན་པའི་སྐྱེས་བུ་ཆེན་པོ་ཤཱཀྱ་ཐུབ་པ། འདི་དང་ཕྱི་མའི་སྐྱབས་གནས་དང་མགོན་དཔུང་གཅིག་པུར་རྒྱུར་པ་བླ་ན་མེད་པའི་བཀའ་དྲིན་ཅན་གྱི་སྟོན་པ་དེ། འཇིག་རྟེན་གྱི་ཁམས་སུ་འབྱུང་བ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་སོགས་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་ཆེན་འབྱོན་པ་བསམ་གྱིས་མི་ཁྱབ་པ་སྟེ། དེ་དག་ཐམས་ཅད་ནི་སེམས་གྱི་ཁམས་དང་དབང་པོ། མོས་པ་དང་བསྟུན་ནས་སྐུ་ཡི་མཛད་པ། གསུང་གི་འཕྲིན་ལས། ཐུགས་ཀྱི་ཡོནྟན་སོགས་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་དག་རེ་རེའི་བཞིན་ས་ཐོབ་འཕགས་པ་རྣམས་ཀྱིས་བརྗོད་པར་དཀའ་ན་བདག་འདྲའི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱིས་བ་སྤུ་ཁུང་བུའི་ཙམ་ཡང་སངས་རྒྱས་རྣམས་ཀྱི་ཡོན་ཏན་སོགས་བརྗོད་པར་ག་ལ་ནུས། དེ་ལྟ་ནའང་སངས་རྒྱས་ཀྱི་རྟོགས་བརྗོད་རྣམས་མདོ་དང་རྒྱུད་སྡེ་དག་ལས་ཀློག་པ། ཐོས་པ། ཡིད་ལ་བཅང་བ་སོགས་བགྱིས་ན་བསོད་ནམས་དཔག་ཏུ་མ་མཆིས་པ་འབྱུང་ངོ་ཞེས་གསུངས་པས།

ཇི་ལྟར་དེའི་རྗེས་སུ་བཟུང་བའི་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་རབ་དང་ད་ལྟའི་ཞབས་སུ་བསྟན་པའི་བཤེས་གཉེན་རྣམས་ཀྱི་ཞལ་གདམས་སོགས་ལས་བཏུས་ཏེ། གཙོ་བོར་རྒྱལ་བ་ཡང་དག་པ་འདི་ཉིད་གླིང་འདིར་མཛད་པ་ཇི་ལྟར་སྤེལ་ཚུལ་བློ་གསར་དོན་གཉེར་ཅན་འགའ་ལ་ཕན་དུ་རེ་ནས་རྒྱ་མཚོའི་ཆུ་ཐིག་ཙམ་འཐོར་བའི་སྐབས་སུ་བབས་པའི་དོན་འདི་ལ་འཇུག་པ་ཡིན་ཏེ། དེ་ཡང་ཇི་སྐད་དུ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། བར་དུ་གཅོད་པའི་བདུད་རྣམས་འཇོམ་མཛད་པ། །བཅོམ་ལྡན་སེང་གེའི་ལྷ་ལ་ཕྱག་འཚལ་ལོ། ཞེས་གསུངས་པ་ལྟར་གོ་རིམ་རྗེས་སུ་མཐུན་ཏེ་བརྗོད་པ་བྱ་བ་ལ།

མཆོག་གི་འབྲས་བུར་ཐུགས་བསྐྱེད་པ་ལ་གཉིས། ༡༽ ཉན་ཐོས་ཐེག་པའི་ལུགས་ནི། འདུལ་བ་ལུང་སྨན་གྱི་གཞི་ལས། སྟོན་པ་ལ། རྒྱལ་པོ་གསལ་རྒྱལ་གྱིས། སྟོན་པས་ཐོག་མར་གང་དུ་སེམས་བསྐྱེད་ལགས་ཞུས་པ་ན། བཀའ་བསྩལ་པ། སྔོན་རྒྱལ་པོ་འོད་ལྡན་ཞེས་བྱ་བའི་དེའི་ཡུལ་དུ་གླང་པོ་ཆེ་མདོག་དཀར་བ་ཡན་ལག་བདུན་ལྡན་ཤིན་ཏུ་གནས་པ་ཞིག་བྱུང་སྟེ། རྒྱལ་པོ་འོད་ལྡན་གྱིས་མཐོང་ནས་གླང་པོ་འདུལ་མཁན་ལ་འདི་དུལ་བར་བྱོས་ང་ལ་དགོས་སོ་ཞེས་གསུངས། གླང་པོ་འདུལ་མཁན་གྱིས་བཀའ་བཞིན་འཚལ་ཞུས་ཏེ། དེ་བཏུལ་བད་ང་རྒྱལ་པོ་ལ་ཕུལ། རྒྱལ་པོ་དང་འདུལ་མཁན་ཡང་ཞོན་ཏེ་རི་དྭགས་གཤོར་དུ་སོང་བ་ན། གླང་པོ་ཆེ་དེས་གླང་མོའི་དྲི་ཚོར་ཏེ་བརྒྱུགས་ཤིང་རླུང་ལྟར་ཁྱེར་བས་འདི་བཟློག་ཅིག་གསུངས་པས་བཟློག་མ་ནུས། རྒྱལ་པོ་ཁྲོས་ཏེ་གླང་པོ་མ་ཐུལ་བར་ང་ལ་ཕུལ། དེས་བདག་ནི་ཤིན་ཏུ་བཏུལ་མོད་ཀྱིས་གླང་མོའི་དྲི་ཚོར་བས་ཉན་དུ་མ་བཏུབ་ལགས་ཞུས་པ་དང་སོགས་ནས། བདག་ནུ་ལུས་འདུལ་བ་ལགས་ཀྱི་སེམས་འདུལ་བ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ། སེམས་འདུལ་བ་འགའ་ཡོད་པ་ཐོས་སམ་ཞེས་དྲིས་པས། སེམས་འདུལ་བ་ནི་སངས་རྒྱས་མཆིས་སོ་ཞུས། དེ་ནས་རྒྱལ་པོ་འོད་ལྡན་གྱིས་སངས་རྒྱས་ཀྱི་ཡོན་ཏན་ཐོས་ནས་ཤིན་ཏུ་དད་དེ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་སྟེ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་བ་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བ། །སྐྱེ་བོའི་ཚོགས་དག་བདག་གིས་བསྒྲལ་བར་བྱ། །ཞེས་བྱུང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་པོ་ཡིན་གསུངས་སོ།།

༢༽ བྱང་སེམས་ཐེག་པའི་ལུགས་ནི། དྲིན་ལན་བསབ་པའི་མདོ་ལས། དེ་ཡང་བཅོམ་ལྡན་འདས་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་དུ་སོ་སོའི་སྐྱེ་བོའི་འཆིང་བ་ཀུན་གྱི་དུས་སུ། ལས་དབང་གིས་དམྱལ་བར་ལྷུང་སྟེ་གྲོགས་གཞན་དང་ལྷན་ཅིག་ཏུ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་ཏོ། །དམྱལ་བའི་སྲུང་མ་ཨ་གླང་དེ་ནི་ལུས་བོང་ཆེ་ཞིང་རྒྱུད་གསུམ་པོ་མི་ཟད་པ་དང་ལྡན་པ་ཡིན་པས་ཤིང་རྟ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་གནས་བཞིན། ལག་ན་ལྕགས་ཀྱི་དབྱུག་པ་ཐོགས་ནས་ཤིང་རྟ་འདྲེན་པ་གཉིས་ལ་ལ་བརྡེག་གོ །དེས་ཤིན་ཏུ་ན་བའི་སྡུག་བསྔལ་མ་བཟོད་ནས་ཇི་ལྟར་ནུས་པའི་སྟོབས་ཀྱིས་དྲངས་ཀྱང་ཅིག་ཤོས་ནི་ཉམ་ཆུད་བར་འདྲེན་མ་ནུས་པ་ལ་དམྱལ་བའི་སྲུང་མས་ལྕགས་ཀྱི་དབྱུག་པ་བསྣུན་པས་ཁྲག་ཆལ་ཆལ་ཕབ་པར་གྲོགས་ཀྱིས་སྡུག་བསྔལ་དེ་མཐོང་བས་སྙིང་རྗེ་སྐྱེད་ཅིག་སྨྲས་པ་དང་། དེས་དེ་ལ་ཁྲོས་ཏེ་ལྕགས་ཀྱི་མདུང་ཐང་དེས་གཉའ་བར་བཙུགས་ཏེ་དེ་ཉིད་དུ་ཚེ་ཡི་དུས་བྱས། དེས་སྙིང་རྗེའི་སེམས་ཀྱི་མཐུས་བསྐལ་པ་བརྒྱ་སྙེད་ཀྱི་སྡིག་པ་དག་ཏེ་དམྱལ་བའི་གནས་ལས་ཐར་ཏོ། །འདི་ནི་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཐུགས་བསྐྱེད་པའི་ཐོག་མ་ཡིན། ཞེས་གསུངས། དེ་ནས་དུས་རིང་ཞིག་འདས་ཙ་ན་འཛམ་བུ་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་རྫ་མཁན་གྱི་ཁྱིའུ་སྣང་བྱེད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ་སྟོན་པ་ཤཱཀྱ་ཐུབ་ཆེན་ལ་དད་པར་གྱུར་ནས། ཐུག་འཇམ་ཡོལ་གང་བ་ཞིག་ཕུལ་ཏེ། མདོ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཅེས་དང་། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་དང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་གསུངས་པ་སྟེ། སྙིགས་མའི་ཚེ་ལོ་བརྒྱ་པའི་གདུལ་བྱ་འདུལ་བ་ལ་ཐུགས་སུ་དམ་བཅས་ཤིང་བླ་ན་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་བཏབ་བོ།།

བར་དུ་བསྐལ་པ་དུ་མར་ཚོགས་བསགས་པ་ལ་གཉིས།

༡༽ ཉན་ཐོས་ཐེག་པའི་ལུགས་ནི། འདུལ་བ་ལུང་གཞི་ལས། གྲངས་མེད་དང་པོ་ལ། སངས་རྒྱས་ཤཱཀྱ་ཐུབ་ནས་ཡུལ་འཁོར་སྐྱོང་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། གྲངས་མེད་གཉིས་པ་ལ་དེ་བཞིན་གཤེགས་པ་ལེགས་མཛད་ནས་དབང་པོ་རྒྱལ་མཚན་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་དང་། གྲངས་མེད་གསུམ་པ་ལ་སངས་རྒྱས་མར་མེ་མཛད་ནས་འོད་སྲུང་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་བར་བསྙེན་བཀུར་སོགས་མཆོད་པ་སྟེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་སོ།།

༢༽ ཐེག་པ་ཆེན་པོ་ལུགས་ནི། མདོ་སྡེ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་བསྐལ་པ་གྲངས་མེད་པ་དུ་མས་ཡང་དག་པར་འགྲུབ་པ་ཡིན་ཏེ། རིགས་ཀྱི་བུ་དེ་བཞིན་དུ་དཔག་པ་དང་། བསམ་པ་དང་། བརྟག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་གསོལ་པ། བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ནི་བསྐལ་པ་གྲངས་མེད་གསུམ་གྱིས་ཡང་དག་པར་བསྒྲུབ་པར་མི་ནུས་ཀྱི། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་དེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱ་ཡི་ཞེས་གསུངས་སོ།།

མཐར་འབྲས་བུ་མངོན་དུ་གྱུར་པ་ལ་གཉིས།

༡༽ ཐེག་པ་ཆུང་ངུའི་ལུགས་ནི། དེ་ལྟར་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་ལམ་ཞུགས་པའི་སོ་སྐྱེ་རང་རྒྱུད་པ་སྟེ། སྲིད་པ་ཐ་མ་བའི་ཚོགས་ལམ་ཆེན་པོའི་རྟེན་དེ་ཉིད་ལ་སྦྱོར་ལམ་དྲོད་ནས་མི་སློབ་པའི་ལམ་བར་ལྔ་ཆར་སྟན་ཐོག་གཅིག་ཏུ་བགྲོད་ནས་རྡོ་རྗེ་གདན་གྱི་སྤོ་ལ་གསར་དུ་སངས་རྒྱས་ཏེ་མྱ་ངན་ལས་འདས་པ་ཞིག་བཞེད་དོ། དེ་ཉིད་ལས། །སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། དེ་ཡི་སྔོན་དུ་མཐར་ཆ་མཐུན། །ཞེས་གསུངས། མཐར་རྩ་མཆོག་དྲུང་དུ་དགོངས་པ་མྱ་ངན་ལས་འདས་པ་དེ་ནི་ལྷག་མེད་མྱ་ངན་ལས་འདས་པ་ཞིག་འདོད། འདུལ་བ་ལུང་ཕྲན་ཚེགས་ལས། དེ་བཞིན་གཤེགས་པ་ནི་དེང་གི་མཚན་མོའི་གུང་ཐུན་འདི་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་འདའ་བར་འགྱུར་རོ། ཞེས་གསུངས་པ་ལྟར་རོ།།

༢༽ ཐེག་པ་ཆེན་པོའི་ལུགས་ནི། ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་ས་བཅུ་པའི་བྱང་སེམས་སྐྱེ་བ་གཅིག་ཐོགས་པའི་སྲིད་པ་མཐའ་མ་བ་ཞིག་རྒྱལ་བུ་དོན་ཀུན་གྲུབ་ཏུ་སྐྱེ་བ་བཞེས་ནས་ཛཾམྦུ་གླིང་འདིར་སངས་རྒྱས་པར་འདོད་པ་དང་། གཞན་ཡང་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་རེ་རྫོགས་སྨིན་སྦྱང་པ་མཐར་ཕྱིན་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ན་ལྔ་ལྡན་ལོགས་སྐུའི་ངོ་བོར་སངས་རྒྱས། མཐར་ཆོས་དབྱིངས་དེ་ལས་མ་གཡོས་བཞིན་དུ་གླིང་འདིར་མཆོག་གི་སྤྲུལ་སྐུའི་ཚུལ་དུ་ཡང་སངས་རྒྱས་པ་སོགས་མཛད་པ་བཅུ་གཉིས་བསྟན་པར་གསུངས་ཏེ། མདོ་སྡེ་ལང་ཀར་གཤེགས་པ་ལས། གཙང་མའི་གནས་དག་རྣམ་སྤང་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། ཞེས་གསུངས་སོ། །ཞེས་གསུངས་སོ། །ཞར་བྱུང་དུ་གསང་བ་སྔགས་ཀྱི་ལུགས་ལ་གསར་རྙིང་གི་རྒྱུད་སྡེ་དང་ཁྱད་པར་དུ་རྒྱུད་སྡེ་གོང་འོག་གི་ནང་ནས་གསུང་ཚུལ་མི་འདྲ་བ་སོགས་སྣང་ནའང་མདོར་ན་གདུལ་བྱའི་ཁམས་ན་སེམས་ཅན་གྲངས་མེད་པ་ཡིན་པས་དེ་ཡི་འདུལ་བར་བྱེད་ཐབས་ལའང་དྲང་བའི་དོན་དུ་འཇིར་རྟེན་གྱི་ཚུལ་དང་མཐུན་པའི་སྒོ་སྣ་ཚོགས་པར་བསྟན་པར་མཛད་པ་ཡིན་གྱི། ངེས་པ་དོན་གྱི་མཐར་ཐུག་པ་གསང་བ་སྔགས་ཀྱི་དབང་ད་ན་སྟོན་པ་ཤཱཀྱ་ཐུབ་པ་འདི་ནི་ཆོས་སྐུ་གདོད་མའི་དབྱིངས་ལས་མངོན་པར་བྱང་ཆུབ་པར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་ལས། དེ་བཞིན་གཤེགས་པ་ཉིད་ལས་མི་གཞན་པའི་ངང་ལས་མཉམ་པ་ཉིད་དོ། གསང་སྙིང་ལས། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་ཀྱི་དབང་གི་སོ་སོར་སྣང་། །ཞེས་གསུངས་པར་ལྟར་རོ།།

ཞར་བྱུང་དུ་མཛད་པ་བཅུ་གཉིས་དང་བཀའི་བསྡུ་ཚུལ་བསྟན་པ་གཉིས། མཛད་པ་བཅུ་གཉིས་སྤྱི་དང་བྱེ་བྲག་གཉིས། སྤྱིར་བསྟན་པ་ནི། ཇོ་བོ་རྗེས། ངེས་པ་བཞི་དང་བྲལ་བས་ན། །ཇི་ལྟ་བ་དང་ཇི་ལྟ་བུ། །དེ་ལྟ་བ་དང་དེ་ལྟ་བུ། །སྟོན་པ་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་གསུངས་པའི་མཆོག་གི་སྤྲུལ་སྐུ་འདི་ཉིད་ཀྱིས་གླིང་འདིར་མཛད་པ་ཇི་ལྟར་བསྟན་པའུ་ཚུལ་ནི།་།རྒྱལ་ཚབ་བྱམས་པས། །ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོ་འཁོར་གྱི་རོལ་བ་དང་། །ངེས་འབྱུང་བཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པའི་མཛད་པ་བཅུ་གཉིས་ཀྱི་དོན་རྣམས་བསྟན་པར་བྱ་སྟེ། མཛད་པ་བཅུ་གཉིས་བྱེ་བྲག་ཏུ་བསྟན་པ་ལ།

 

༡༽ དགའ་ལྡན་ནས་འཕོ་བའི་མཛད་པ་ནི།

དེ་ཡང་བདག་ཅག་གི་སྟོན་མཆོག་དམ་པ་འདི་ཉིད་བྲམ་ཟེ་ཁྱེའུ་བླ་མ་གྱུར་པ་ལས་ཚེ་འཕོས་ཏེ་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས་ཚེ་ལྷ་ཡི་ཁང་བཟང་དུ་སེངྒེའི་ཁྲི་ལ་བཞུགས་ནས་ལྷ་ཡི་འཁོར་དཔག་ཏུ་མེད་པས་མདུན་དུ་བདར་ཏེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། དུས་ཅི་ཙམ་འདས་པ་ན། འཛམ་བུ་གླིང་པ་རྣམས་གདུལ་བའི་དུས་ལ་བབས་པ་དང་། སྔོན་གྱི་སྨོན་ལམ་གྱི་མཐུ་དང་། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ས་ཐུགས་བསྐྱེད་བྱིན་གྱིས་བརླབས་པའི་མཐུས་ལྷ་ཡིས་མཆོད་པའི་སིལ་སྙན་དང་། རོལ་མོ་དང་། གླུ་དབྱངས་སྣ་ཚོགས་པ་མཆོད་པའི་སྒྲ་དབྱངས་ལས། གཞན་དོན་བསྐུལ་བའི་ཚིགས་སུ་བཅད་པ་འདི་ལྟ་སྟེ། བསོད་ནམས་རྒྱ་མཚོའི་ཚོགས་མངའ་དྲན་རྟོགས་དང་། བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མང་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་དགོངས་པ་ལུང་བསྟན་མཛོད། །སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱིས་ནི། །དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན། ཐུགས་རྗེའི་རྒྱལ་མཚན་དག་ཏུ་ཆར་པ་ཕོབ། ཅེས་པ་ལ་སོགས་པས་འཛམ་བུ་གླིང་དུ་འབྱོན་པའི་དུས་ལ་བབས་སོ་ཞེས་རོལ་མོའི་སྒྲ་དག་ལས་ཡང་ཡང་བསྐུལ་བ་དང་། ད་ནི་ཁོ་བོ་ངེས་པར་དུ་འཛམ་བུ་གླིང་དུ་འགྲོ་བའི་དུས་ལ་བབ་བོ་དགོངས་ཏེ་ཅང་མི་སྨྲ་བར་གྱུར། དེ་ནས་དགའ་ལྡན་གྱི་ལྷ་རྣམས་ཐམས་ཅད་བསྡུས་ཏེ། གྲོགས་དག་ལྷ་ཡི་འཁོར་དེ་དག་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་པས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། བྱེ་བ་སུམ་ཅུ་དུག་ནི་ཆོས་རྣམས་ལ་མིག་རྡུལ་དྲི་མ་རྣམ་པར་དག་གོ །ཞེས་གསུངས་ཏེ་འཁོར་རྣམས་ལ་ཁོ་བོ་གཟིགས་པ་བཞིའམ་ལྔ་ལ་གཟིགས་ནས་འཛམ་བུ་གླིང་དུ་འགྲོའོ་གསུངས། དེ་ཐོས་པའི་མོད་ལ་ལྷ་རྣམས་ཡིད་མི་དགའ་བར་གྱུར་ཏེ། སྨྲས་པ། དགའ་ལྡན་དུ་བཞུགས་པར་མི་མཛད་ན་བདག་ཅག་གི་སྟོན་པར་འོས་པ་སུ་ཞིག་ཡོད། མི་ཡུལ་ན་ད་ལྟ་འོད་སྲུང་དང་རྫོགས་བྱེད་ལ་སོགས་པའི་རྟོག་གེ་བ་དྲུག་དང་། བྲམ་ཟེ་རྒྱུད་རྒྱལ་སོགས་རྗེས་སྒྲོག་པ་དྲུག་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་སོགས་དྲུག་སྟེ་མུ་སྟེགས་པའི་སྟོན་པ་བཅོ་བརྒྱད་ཀྱིས་མ་རུང་པ་བགྱིས་པས་འདི་ཉིད་དུ་བཞུགས་པར་མཛད་དུ་གསོལ་ཞུས་ཙ་ན། དེ་དག་ལ་བྱང་ཆུབ་སེམས་དཔས། དུང་གི་སྒྲ་ཡིས་རོལ་མོའི་ཆ་བྱད་གཞན་ཐམས་ཅད་ཀྱི་སྒྲ་ལ་ཟིལ་གྱིས་གནོན་པའི་དཔེ་བསྟན་པ་བཞིན་དུ་ངས་ཀྱང་མི་ཡུལ་ན་དེ་དག་ཐམས་ཅད་ཟིལ་གྱིས་མནན་པར་ནུས། ད་ནས་བཟུང་དགའ་ལྡན་དུ་ཁོ་བོའི་ཆོས་ཀྱི་རྒྱལ་ཚབ་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ཅེས་བསྒྲགས་ཏེ། མདོ་རྒྱ་ཆེར་རོལ་པ་ལས། བྱང་ཆུབ་སེམས་དཔས་བྱམས་པ་འདི་ཁྱེད་ལ་ཆོས་སྟོན་པར་འགྱུར་ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་རང་གི་ཅོད་པན་ཕོག་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའི་དབུ་ལ་བཞག་ནས་འདི་སྐད་དུ། སྐྱེས་བུ་དམ་པ་ཁྱོད་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས། བྱམས་པ་ལ་དགའ་ལྡན་གྱི་གནས་དམ་པར་དབང་བསྐུར་ཏེ་དགའ་ལྡན་ནས་འཕོ་བའི་མཛད་པ་སྟེ་དང་པོའོ།།

 

༢༽ ལྷུམས་སུ་བཞུགས་པའི་མཛད་པ་ནི།

དེ་ནས་མ་ཡི་མངལ་དུ་ཇི་ལྟ་བུའི་གཟུགས་ཀྱིས་འགྲོའམ་གསུངས་པ་དང་། ལྷའི་བུ་གཟི་བརྗིད་དམ་པས། བྲམ་ཟེའི་རིག་བྱེད་ལས་འབྱུང་བ་ལྟར་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་གཟུགས་སུ་སྤྲུལ་བར་གསོལ་བ་བཞིན་མི་ཡུལ་དུ་རྣམ་པ་དེ་ལྟར་གཤེགས་སོ། །དེ་ནས་མདོ་རྒྱ་ཆེར་རོལ་པ་ལས། དགེ་སློང་དག་ངས་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་བལྟ་བ་ཞེས་གསུངས། དེས་ན་གཟིགས་པ་རྣམ་པ་བཞིའམ་ལྔ་ལ་གཟིགས་ནས། ས་ག་ཟླ་བའི་ཚེས་བཅོ་ལྔའི་རྒྱུ་སྐར་རྒྱལ་ལ་བབ་པ་ན། ནག་གུང་ལ་ཟས་གཙང་མའི་ཁྱིམ་དུ་ངོ་མཚར་གྱི་སྔ་ལྟས་བརྒྱད་ཡོངས་སུ་འཆར་ཞིང་། ཡུམ་སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་བཞུགས་པའི་ཚེ། བྱང་ཆུབ་སེམས་པ་ནི་གླང་པོ་ཆེའི་ཕྲུ་གུ་དམ་པ་ཁ་དོག་དངུལ་བཞིན་དཀར་བའི་རྣམ་རོལ་དུ་ཡུམ་གྱི་གློ་གཡས་པ་ནས་ལྷུམས་སུ་ཞུགས་ཏེ་སྒྱུ་འཕྲུལ་མས་རྨི་ལམ་དུ་ཡང་དེ་ལྟར་སྣང་བ་གྱུར་ཏོ། །ཞེས་གསུངས་ཏེ་ལྷུམས་སུ་བཞུགས་པའི་མཛད་པ་སྟེ་གཉིས་པའོ།།

༣༽ སྐུ་བལྟམས་པའི་མཛད་པ་ནི།

དེ་ལྟར་ན་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པའི་གནས་སྐབས་ན། ཡུམ་སྒྱུ་འཕྲུལ་མས་སྐྱེས་བུ་ཁྱད་པར་ཅན་བཙའ་བའི་དུས་ལ་བབས་པར་ཤེས་ནས་ཡབ་ལ་དེ་ལྟར་གསོལ་པ་དང་། ཡབ་རྒྱལ་པོས་རང་གི་འཁོར་རྣམས་ལ་བསྒོས་ཏེ། སེར་སྐྱའི་ཕོ་བྲང་ནས་ལུམྦཱི་ནིའི་བར་ལམ་ཐམས་ཅད་བྱི་དོར་་དང་དྲི་བཟང་ལེགས་པར་བྱས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན། ཤིང་རྟ་སོགས་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཤཱཀྱའི་བུ་མོ་སྟོང་ཕྲག་དུ་མ་དང་། ཤཱཀྱའི་དཔུང་ཚོགས་དང་བཅས་ཏེ་ལུམྦཱི་ནིའི་ཚལ་དུ་སྤྱན་དྲངས། དེར་ལྗོན་ཤིང་དང་ནགས་ཚལ་ཇི་སྙེད་ཡོད་པ་རྣམས་དུས་སུ་མ་བབས་ཀྱང་ལོ་མ་མེ་ཏོག་འབྲས་བུ་ཁུར་གྱིས་ཡོངས་སུ་དྲདུ་པར་གྱུར། སྔོན་གྱི་རྒྱལ་བ་དག་གི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་བླཀྴ་ཞེས་པ་དེས་ཀྱང་མངོན་པར་བཏུད། དེ་ནས་ཡུམ་སྒྱུ་འཕྲུལ་མས་ཀྱང་ཤིང་དེའི་ཡལ་ག་ལ་འཇུས་ཏེ་བཞུགས་པ་དང་གློ་གཡས་པ་ནས་ཁྱེའུ་དེ་ཉིད་འོད་དང་འོད་ཟེར་གྱིས་འཇིག་རྟེན་ཁམས་ཐམས་ཅད་སྣང་བར་སོང་སྟེ་གནོད་པ་མེད་པར་བལྟམས་ཏེ། །ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་སོགས་ཀྱིས་གུས་ཤིང་མཆོད་པར་བྱེད། དེ་ནས་ཁྱེའུ་བྱང་ཆུབ་སེམས་དཔས། ས་ཆེན་འདིར་གོམ་པ་བདུན་བདུན་བོར་ཏེ་འཇིག་རྟེན་གསུམ་ན་ང་ནི་མཚུངས་པ་མེད་པ་ཡིན། ཞེས་དམ་བཅའ་བའི་ཚིག་རྣམས་བསྒྲགས་ཏེ་གང་དུ་གོམ་པ་བདུན་བོར་བར་དེར་མེ་ཏོག་པདྨ་རེ་བཞད་པ་དང་། འཇིག་རྟེན་གྱི་ཁམས་གཡོ་བ་དང་། རྒྱལ་པོ་ཆེན་པོ་བཞིའི་སྲས་བཞི་བཙས་པ་དང་། གྲགས་འཛིན་མ་སོགས་བུ་མོ་བརྒྱད་རྒྱ་སོགས་ལས་བུ་དང་། གཞན་ཡང་རྟེའུ་ཉི་ཁྲི་དང་། བེའུ་ཁྲི་རྣམས་བཙས་པ་སོོགས་མདོར་ན་སེམས་ཅན་རྣམས་འདོད་དོན་གྲུབ་པ་སོགས་ཀྱིས་མཚན་ལའང་གཞོན་ནུ་དོན་གྲུབ་ཅེས་དང་། ཤཱཀྱའི་རྒྱལ་རིགས་ལས་འཁྲུངས་པས་ཤཱཀྱའི་སྲས་དང་། ལུས་ངག་གི་འདུ་འཛིའི་རྣམ་གཡེང་སྤངས་ནས་ཐུབ་པ་བཞིན་བཞུགས་པས་ན་ཤཱཀྱ་ཐུབ་པ་ཞེས་བཏགས། དེར་དྲང་སྲོང་ནག་པོ་མངོན་ཤེས་ལྡན་པ་དེ་རྫུ་འཕྲུལ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ་ཁྱེའུ་བྱང་ཆུབ་སེམས་དཔའ་དེང་བལྟབར་འདོད་ཅེས་སྨྲས། རྒྱལ་པོས། སྲས་དེ་ཉིད་བསྟན་པ་ན་ལུས་ལ་མཚན་བཟང་ཁྱད་པར་ཅན་མཐོང་སྟེ། ཁྱིམ་དུ་གནས་ན་འཁོར་ལོ་སྒྱུར་རྒྱལ་དུ་འགྱུར་ཞིང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་རོ་ཞེས་དེ་གཉིས་ལས་གཞན་དུ་མི་འགྱུར་བའི་ལུང་བསྟན་པ་སྟེ་སྐུ་བལྟམས་པའི་མཛད་པ་གསུམ་པའོ།།

 

 

༤༽ བཟོའི་གནས་ལ་བསླབས་པའི་མཛད་པ་ནི།

དེ་ནས་ནར་སོན་པ་ན་གཞོན་ནུ་དོན་གྲུབ་ཀྱིས་སྐྱེ་བོ་གཞན་རྣམས་རྗེས་སུ་མཐུན་པའི་ཕྱིར་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་བསླབས། ཡིག་མཁན་ལ་ཡིག་རིགས་དྲུག་ཅུ་རྩ་བཞིའི་མིང་སྨྲོས་ཏེ། ཀྱེ། སློབ་དཔོན་ལགས་འདི་རྣམས་་ལས་བདག་གིས་གང་ལ་བསླབ་པར་བགྱིའམ་གསུངས། སློབ་དཔོན་ང་རྒྱལ་བ་སོགས་ཆགས་ཏེེ་འཛུམ་པའི་བཞིན་རས་གསལ་ཏེ་ཆེད་དུ་བརྗོད་པའི་བསྟོད་པའི་ཚིགས་སུ་བཅད་པའང་ཕུལ་ཏོ། །དེ་བཞིན་དུ་རྩིས་ཀྱི་སློབ་དཔོན་སྲིད་སྒྲུབ་ཀྱི་དྲུང་དུ་རྩིས་སློབ་ཚུལ་མཛད། རྡུལ་ཕྲ་རབ་ལ་འཇུག་པའི་རྩིས། འཇིག་རྟེན་ཁམས་འདི་ལ་རྡུལ་གྲངས་ཇི་ཙམ་ཡོད་པ་ཤེས་པར་ནུས་པའི་རྩིས་རྣམས་སློབ་དཔོན་གྱིས་མ་ཐོས་པ་སོགས་གསུངས་པས་ན་སྐྱེ་དགུ་རྣམས་ངོ་མཚར་བར་གྱུར། དེ་བཞིན་འཕོང་རྩལ་དང་རྐྱལ་ལ་སོགས་པར་མཁས་པས་སྐྱེ་བོ་ང་རྒྱལ་ཅན་རྣམས་རེ་རེ་བཞིན་ཟིལ་གྱིས་མནན་ནས་འགྲན་ཟླ་མེད་པར་མཛད་དེ། ལྷ་མི་ཀུན་གྱིས་བསྟོད་ཅིང་བསྔགས་པའི་གནས་སུ་གྱུར་པ་སྟེ་བཟོའི་གནས་སོགས་ལ་བསླབས་པའི་མཛད་པ་སྟེ་བཞི་པའོ།།

 

 

༥༽ བཙུན་མོ་འཁོར་གྱི་རོལ་བའི་མཛད་པ་ནི།

དེ་ནས་ཤཱཀྱའི་རྒན་རབས་རྣམས་འདུས་ཏེ་ཡང་རྒྱལ་པོ་ལ་སྲས་འདི་ནི་ཁྱིམ་དུ་བཞུགས་ན་འཁོར་ལོའི་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལུང་བསྟན་ཡོད་པས། །ཤཱཀྱའི་གདུང་རྒྱུད་མི་ཆད་པའི་ཕྱིར་བཙུན་མོ་ཁབ་ཏུ་བཞེས་པར་གསོལ་བ་ན། རྒྱལ་པོས། དེ་ལྟང་བགྱི་ཡང་ཐོག་མར་གཞོན་ནུ་ཉིད་ལ་འདྲི་བར་བྱའི་གསུངས་ཏེ་དོན་དེ་དག་གཞོན་ནུ་ལ་གསོལ་ལོ། །གཞོན་ནུས། གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །ཞེས་གསུངས་སོ། དེ་ནས་བུད་མེད་མཚན་ལྡན་གྱི་ཡོནྟན་རྣམས་བྲིས་ཏེ་ཡབ་ལ་ཕུལ་བ་དང་། ཡབ་རྒྱལ་པོས། མདུན་ན་མདུན་ཐམས་ཅད་ལ་དེ་ལྟར་གང་དུ་ཡོད་དམ་འཚོལ་ཅིག་ཅེས་བསྒོ་བ་མཛད། སེར་སྐྱའི་ཡུལ་དུ་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལ་ཡོནྟ་དེ་དག་ཚང་ཚུལ་རྟོགས་ནས་ཡབ་ལ་ཞུས། རྒྱལ་པོས། བེ་ཅོན་སར་ཕོ་ཉ་བཏང་ནས་དགུག་པར་མཛད། བེ་ཅོན་གྱིས། རིག་གནས་དང་སྒྱུ་རྩལ་ལ་འགྲན་དུ་བཅུག་ཅེས་གསོལ་བ་དང་། རྒྱལ་པོས། སེར་སྐྱའི་གྲོང་ཁྱེར་ཀུན་ཏུ་དྲིལ་བསྒྲགས་ཤིང་། དེ་ནས་གཞོན་ནུའི་ལྷས་བྱིན་དང་མཛེས་དགའ་སོགས་ཀྱི་ལྷན་དུ་འགྲན་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར། དེ་ནས་བེ་ཅོན་ཡང་རྒྱལ་སྲས་ལ་རིག་གནས་དང་རྒྱུ་རྩལ་ལ་མཁས་པའི་ངེས་ཤེས་སྐྱེས་ཏེ་རང་གི་བུ་མོ་ས་འཚོ་མ་འདི་ཉིད་བཙུན་མོའི་མཆོག་ཏུ་ཕུལ་ཏེ། །དེ་ནས་གཞོན་ནུ་དོན་གྲུབ་ཀྱིས་འཇིག་རྟེན་དང་བསྟུན་ནས་དེ་བཞིན་གྲགས་འཛིན་མ་དང་། རི་དྭགས་སྐྱེས་མ་སོགས་བཙུན་མོའི་འཁོར་རྣམས་ལ་དགའ་་མགུ་ལྷན་ཅིག་ཏུ་རོལ་ཅིངང་དགུང་ལོ་ཉི་ཤུ་རྩ་དགུ་བར་རྒྱལ་སྲིད་ལ་བཞུགས་པའི་མཛད་པ་སྟེ་བཙུན་མོ་འཁོར་གྱི་རོལ་བའི་མཛད་པ་སྟེ་ལྔ་བའོ།།

 

༦༽ རབ་ཏུ་བྱུང་བའི་མཛད་པ་ནི།

དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱང་རྒྱལ་པོའི་ཁབ་ལས་ཡུན་རིང་དུ་ལོངས་སྤྱད་ན་གདུལ་བྱ་འདུལ་བའི་དུས་ལས་ཡོལ་ཉེན་སོགས་དང་། རྒྱལ་སྲིད་ཀྱི་ཁབ་ལས་ངེས་པར་དབྱུང་ནས་འཚང་རྒྱ་བའི་གནས་མྱུར་དུ་བསྟན་དགོས་ཚུལ་ཡང་ཡང་བསྐུལ་ཞིང་། དེ་ལྟར་རྒྱལ་བ་རྣམས་ཀྱི་མཐུས་གླུ་དབྱངས་དང་རོལ་མོའི་སྒྲ་ལས། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། །གཏི་མུག་མ་རིག་མུན་སེལ་བསྒྲིབས་པ་ཡི། །འགྲོ་ལ་ཤེས་རབ་དམ་པ་འོད་ཟེར་བཟང་བ། །ཆོས་མིན་དྲི་མེད་ཉོན་མོངས་མེད་པ་བྱིན། །ཞེས་སོགས་རྒྱ་ཆེར་བསྐུལ་བ་ན་གཞོན་ནུ་དོན་གྲུབ་ཀྱིས་མྱུར་དུ་རབ་ཏུ་འབྱུང་བའི་དུས་ལ་བབ་བོ་དགོངས། དེ་ནས་ཉིན་གཅིག་སྐྱེད་མོས་ཚལ་དུ་གཟིགས་པའི་ཕྱིར་ཕེབས་ཙ་ན་ཤར་སྒོ་ནས་རྒ་བའི་སྡུག་བསྔལ་ཅན་དང་། ལྷོ་སྒོ་ནས་ན་བའི་སྡུག་བསྔལ་ཅན། ནུབ་སྒོ་ནས་ཤི་བའི་སྡུག་བསྔལ་ཅན་རྣམས་གཟིགས་ནས་འདུན་པ་ལ་དྲི་ལན་དག་མཛད་པ་དང་། ཡང་བྱང་སྒོར་ཕེབས་པས་དགེ་སྦྱོང་ཞིག་ལུས་སེམས་ཞི་ཞིང་དུལ་བ་དང་ངུར་སྨྲིག་གི་ཆོས་གོས་བརྒྱན་ཅིང་ཡིད་དུ་འོང་བ་ཅན་གཟིགས་པས་སུ་ཡིན་ནམ་དགོངས་ཏེ་དྲིས་པས། ལྷ་ཅིག་མི་འདི་དགེ་སློང་ཞེས་ནི་བགྱི་བ་ལགས། །འདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། །བདག་ཉིད་ཞི་བར་འཚོལ་ཞིང་རབ་ཏུ་བྱུང་བར་གྱུར། །འདོད་ཆགས་ཞེ་སྡང་བྲལ་བ་བསོད་སྙོམས་སྤྱོད་ཅིང་རྒྱུ། །ཞེས་གསོལ་བ་དང་། །གཞོན་ནུ་དོན་གྲུབ་ཀྱིས། འདི་ནི་དགེ་བར་ལེགས་སྨྲས་ང་ཡང་འདོད་པ་སྟེ། རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། །འཚོ་བ་བདེ་ཞིང་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། །ཞེས་གསུངས་སོ། །དེ་ནས་དགིང་ལོ་ཉི་ཤུ་རྩ་དགུ་ལ་ས་ཕོ་བྱི་བའི་ལོ་ལ་སྟོན་ཟླ་ར་བའི་ཡར་ཚེས་བརྒྱད་ཀྱི་ཐོ་རངས་སྐར་མ་རྒྱལ་ཤར་བའི་དུས་མྱུར་དུ་ཕེབས་ཏེ་ཤཱཀྱའི་ཡུལ་དང་། ཀེ་རྟེའི་ཡུལ་དང་། གྱད་ཀྱི་ཡུལ་སོགས་བརྒལ་ནས། མཐར་མེ་ནེ་ཡུལ་གྱི་གྲོང་བརྡལ་ལས་དཔག་ཚད་དྲུག་ཙམ་འདས་ཏེ་སྤོང་བྱེད་གྲོང་གི་ནེ་འདབས་སུ་ཆུ་ཀླུང་ཡིད་འོང་གྱི་འགྲན་ནས་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཡིད་ཉིད་ཀྱིས་རལ་གྲིས་བཅད་ཅིང་ཁྱིམ་ནས་ཁྱིམ་མེད་པར་རིང་དུ་བོར་ཏེ་ངེས་པར་རབ་ཏུ་བྱུང་བའི་མཛད་པ་སྟེ་དྲུག་པའོ།།

 

༧༽ དཀའ་བ་སྤྱད་པའི་མཛད་པ་ནི།

དེ་ནས་གཞོན་ནུ་དོན་གྲུབ་ཀྱིས་དྲང་སྲོང་གི་དཀའ་ཐུབ་སྤྱོད་པ་ལས་ཉིས་འགྱུར་སུམ་འགྱུར་སོགས་དཀའ་སྤྱད་མཛད་པས་དྲང་སྲོང་རྣམས་ངོ་མཚར་ཏེ་དགེ་སྦྱོང་འདི་ནི་ཆེན་པོའོ་ཞེས་བརྗོད་དེ། ཕྱིན་ཆད་དགེ་སྦྱོང་ཆེན་པོའོ་ཞེས་བརྗོད་དེ། ཕྱིན་ཆད་དགེ་སྦྱོང་ཆེན་པོའོ་ཞེས་མཚན་ཡང་གྲགས་སོ། །དེ་ནས་ཆུ་ཀླུང་ནཻརཛྙ་ནའི་འགྲམ་དུ་དཀའ་ཐུབ་ལ་བཞུགས་ཏེ་ཐོག་མར་འབྲས་འབྲུ་རེ་རེ་གསོལ་བ་དང་། རྗེས་སུ་དེ་ཡང་སྤངས་ནས་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་བཅས་ཏེ་ཏིང་ངེ་འཛིན་ལ་བཞུགས་ཏེ་དཀའ་བ་སྤྱད་པར་མཛད་ཀྱང་། དེ་ཁོ་ནས་འཚང་རྒྱ་བར་མི་ནུས་སོ་དགོངས་ནས་གནས་དེར་ཉེ་འཁོར་དུ་བསོད་སྙོམས་ལ་ཕེབས་ཏེ། བུ་མོ་ལེགས་སྐྱེས་མ་དང་དགའ་སྐྱེས་མ་གཉིས་ནས་བ་མཆོག་སྟོང་གི་འོ་མའི་ཉིང་ཁུར་བྱས་ཤིང་ཕུལ་བས་ལྷག་མ་མ་ལུས་པ་རྣམས་བཞེས། སྐུ་མདོག་ཀྱང་སྔོན་ལས་ལྷག་པའི་མཚན་དཔེའི་འདོ་སྣང་གིས་བརྒྱན་པར་མཛད་པ་སོགས་ཏེ་དཀའ་བ་སྤྱད་པའི་མཛད་པ་སྟེ་བདུན་པའོ།།

 

༨༽ བྱང་ཆུབ་སྙིང་པོ་ལ་བཞུགས་པའི་མཛད་པ་ནི།

དེ་ལྟ་བུའི་རགས་པའི་ཟས་ཀྱིས་སྐུ་ལུས་སྟོབས་དང་ལྡན་པར་བསྐྱེད་ཅིང་སྔོན་རྒྱལ་སྲས་རྣམས་ཀྱང་རྩའི་གདན་དང་ཤིང་དྲུང་དུ་བཞུགས་པར་མཛད་པ་སོགས་དེ་དག་གི་རྗེས་སུ་འཇུག་ཅིང་བསླབ་པའི་ཕྱིར། རང་ཉིད་ཀྱང་བྱང་ཆུབ་ཤིང་གི་ལྗོན་བཟང་ག་ན་བ་དེའི་ཕྱོགས་སུ་གཤེགས་པར་མཛད་པའི་ཚེ་ན་ལམ་གྱི་གཡས་ཕྱོགས་ཤིག་ནས་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་རྔ་བར། ཁོང་གིས། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང་། ཁ་དོག་སྔོན་པོ་དྲི་ཞིམ་པ་རེག་ན་འཇམ་པའི་རྩྭ་མཆོག་དེ་ཕུལ་ཏེ། རྩྭ་ཡི་བྱང་ཆུབ་འཆི་མེད་པ། །སྔོན་གྱི་རྒྱལ་བའི་ལམ་ཐོབ་ན། །ཡོནྟ་རྒྱ་མཚོ་ཁྱོད་བཞེས་ཤིག།།བདག་ཀྱང་ཐོག་མར་འཚང་རྒྱ་བགྱི། །ཞེས་གསོལ་ཏོ། །རྩྭའི་གདིང་བ་བཏིང་བའི་སྟེང་དུ་ཞབས་སྐྱིལ་ཀྲུང་བཅས། སྐུ་དྲང་པོར་བསྲངས། ཐུགས་དྲན་པ་མངོན་དུ་བཞག་ནས་ཟག་ཟད་ཀྱི་ཡང་དག་མཐའ་མངོན་དུ་མ་གྱུར་བར་དེ་སྲིད་དུ་སྐྱིལ་ཀྲུང་འདི་ནི་གཞིག་པར་མི་བྱའོ་ཞེས་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་འདི་ནི་མངོན་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཕྱོགས་བཅུ་ཀུན་ན་བཞུགས་པའི་རྒྱལ་བའི་སྲས་པོ་རྣམས་ནས་མཆོད་པ་དང་རོལ་མོ་སྣ་ཚོགས་པ་སྒྲོག་པར་བྱས། འཇིག་རྟེན་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ནས་ཀྱང་དགའ་བའི་གླུ་དབྱངས་དང་རོལ་མོ་སྣ་ཚོགས་ཀྱིས་ཕྱོགས་ཐམས་ཅད་ལ་ཁྱབ་པར་བྱས་པ་སྟེ་བྱང་ཆུབ་སྙིང་པོ་ལ་བཞུགས་པའི་མཛད་པ་སྟེ་བརྒྱད་པའོ།།

 

༩༽ བདུད་བཏུལ་བའི་མཛད་པ་ནི།

དེ་ནས་བྱང་ཆུབ་སེམས་དཔའི་ཡོནྟ་དེ་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་ཅིང་ཐོ་རངས་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚེ་ན། བདུད་སྡིག་ཅན་གྱིས་དེ་རྟོགས་པ་དང་ཕྲག་དོག་གི་རྒྱུད་ཤིན་ཏུ་འཁྲུགས་ཏེ་འཐབ་མོ་ལ་དཔའ་བའི་གནོད་སྦྱིན་དང་། སྲིན་པོ་སོསག་མཚོན་ཆ་སྣ་ཚོགས་ཀྱིས་འཇིགས་པའི་ཞེ་སྡང་འབར་བའི་ཐབས་བསྟན་ཀྱང་མཚོན་ཆ་ཐམས་ཅད་མེ་ཏོག་དང་ཁང་བཟང་སོགས་སུ་གྱུར། མཛེས་པའི་རྒྱན་གྱིས་སྤྲས་པའི་སྒེག་ཆོས་ཀྱི་བུད་མེད་སོགས་ལ་བརྫུས་ཏེ་འདོད་ཆགས་ཀྱིས་བསླུ་བར་མངོན་ནའང་ཐུགས་བ་སྤུའི་རྩེ་མོ་ཙམ་ཡང་གཡོ་བར་མ་ནུས་ཏེ་ཐམས་རྒས་པ་དང་སྐྲ་འབལ་སོགས་མདོག་མི་སྡུག་པ་གྱུར་ནས་ཅི་ལྟར་བྱས་ཀྱང་བཅོམ་པར་མ་ནུས་སོ། །མཐར་སྡིག་ཅན་གྱིས། ཁྱོད་ཅིའི་ཕྱིར་འདི་ལྟར་རྒྱལ་སྲིད་སྤངས་ནས་སྡུག་པའི་ལས་ལ་ཞུགས་སམ་ཞེས་སྨྲས། རྒྱལ་སྲས་ཀྱིས། བླ་མེད་ཀྱི་ཡེ་ཤེས་ཐོབ་ཕྱིར་ཡང་དག་པའི་ལམ་ལ་གནས་པ་ཡིན་གསུངས། སྡིག་ཅན་གྱིས། ཁྱོད་ཀྱི་ལས་ལམ་འདི་ཙམ་གྱིས་བླ་མེད་འབྲས་བུ་ག་ལ་ཐོབ་ཅེས་སྨྲས། བཀའ་སྩལཔ། ཁྱོད་གཏན་པ་མེད་པའི་མཆོད་རྟེན་གཅིག་གིས་མཐོ་རིམ་དང་དབང་ཕྱུག་གི་ལུས་ཐོབ་པར་ཟད་ན། ངས་བསྐལ་པ་གྲངས་མེད་གསུམ་ལ་གཏན་པ་མེད་པའི་ཚོགས་གཉིས་བསགས་པས་ཅིའི་ཕྱིར་བླ་མེད་འབྲས་བུ་མི་ཐོབ་ཞེས་གསུངས། སྡིག་ཅན་གྱིས། ང་ནི་མཆོད་རྟེན་སྦྱིན་གྱི་ལས་བསགས་ཡོད་པས་དཔང་པོ་ཁྱོད་ཡོད། ཁྱོད་ཀྱི་ལས་དེ་ལྟར་བསགས་པའི་དཔང་པོར་སུ་ཡོད་སྨྲས། བཀའ་སྩལ་པ། ངའི་དཔང་དུ་ས་ཆེན་པོ་འདི་ཡོད་དེ། ས་འདི་འགྲོ་བ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་དང་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་ཕྱག་གཡས་པས་ས་ལ་རེག་མ་ཐག་ས་གཡོ་བ་དང་། ས་ཡི་ལྷ་མོ་བསྟན་མ་སོགས་གཙོ་འཁོར་ཐམས་ཅད་ཀྱིས་ལུས་ཕྱི་ལ་ཐོན་ནས་སྨྲས་ཏེ། སྐྱེས་བུ་དམ་པ་ཁེད་ཀྱིས་ཇི་སྐད་གསུངས་པ་དེ་དེ་བཞིན་ནོ། །འདི་ནི་བདག་ལའང་མངོན་སུམ་མོ། །ཞེས་སྨྲས་སོ།། ཚུལ་དེས་བདུད་སྡིག་ཅན་བློ་ཞུམ་ཞིང་ཅང་མི་སྨྲ་བར་དེ་ཉིད་དུ་མི་སྣང་བར་གྱུར་པ་སོགས་ཏེ་བདུད་བཏུལ་བའི་མཛད་པ་སྟེ་དགུ་བའོ།།

 

༡༠༽ མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ནི།

དེ་ནས་བྱང་སེམས་དཔའ་འདི་ནི་དགུང་ལོ་སོ་ལྔ་ལ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ནམ་གྱི་ཆ་སྨད་ཐོ་རེངས་ལ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་བཞུགས་ཏེ་ཞག་བདུན་ཕྲག་བདུན་དུ། བདུན་རེ་ལ་སྐྱེས་བུ་བྱེ་བྲག་པ་ལ་གསུང་བསྩལ་བ་སོགས་མཛད་ཀྱང་གདུལ་བྱ་ཐུན་མོང་གོ་ངོར། བདག་གི་རྟོགས་པའི་ཟབ་མོའི་ཆོས་འདི་ཉིད་ནི་གཞན་ལ་བསྟན་ཀྱང་ཁོང་དུ་ཆུད་པར་དཀའ་སྟེ་གཅིག་པུ་དབེན་པར་གནས་པར་བྱའོ་དགོངས་ཏེ། མངོ་རྒྱ་ཆེར་རོལ་པས། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨ་ནགས་འདབ་གནས་པར་བྱ་བ་སྙམ། །ཞེས་གསུངས་པ་སྟེ་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་བཅུ་པའོ།།

 

༡༡༽ ཆོས་ཀྱི་འཁོར་ལོ་སྐོར་བའི་མཛད་པ་ནི།

དེ་ལྟར་ཅང་མི་སྨྲ་བའི་ངང་ཞག་བདུན་ཕྲག་བདུན་དུ་མཉམ་པར་བཞུགས་ཙ་ན། དེ་ཡི་ཚེ་དེའི་དུས་སུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དང་། ཁྱད་པར་དུ་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་དག་གིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ་ཞེས་གསོལ་བ་འདི་ལྟར་བཏབ་སྟེ། ཐུབ་པ་ཆོས་ཀྱི་སྒྲོན་མེ་མུན་སོལ། །དེ་བཞིན་གཤེགས་པའི་རྒྱལ་མཚན་ཁྱོད་ཀྱིས་བསྒྲེངས། །སྙན་པའི་གསུང་བརྗོད་པ་ཡི་དུས་ལ་བབས། །རྔ་སྒྲ་རི་དྭགས་དབང་ལྟར་བསྒྲགས་ཏུ་གསོལ། །ཞེས་གསོལ་ཏོ། །དེ་ནས་རྒྱལ་བས་ཆོས་གསུངས་པར་ཞལ་གྱིས་བཞེས་ཏེ། དང་པོ་ཡུལ་ཝཱ་རཱ་ཎ་སིར་དྲང་སྲོང་ལྷུང་བའི་གནས་རི་དྭགས་ནགས་ཀྱི་ཚལ་དུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པར་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེའི་རྒྱུད་ཀུན་འབྱུང་དང་། དེའི་གཉེན་པོ་ལམ་དང་། དེའི་འབྲས་བུ་འགོག་པ་སྟེ་འཕགས་པའི་བདེན་པའོ། །ཞེས་བདེན་པ་བཞིའི་ངོ་བོ་ལ་དམིགས་པའི་བཟླས་པ་དང་པོ། སྡུག་བསྔལ་ཤེས་པར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བསྟེན་པར་བྱའོ། །ཞེས་བདེན་བཞིའི་བྱ་བ་ལ་དམོགས་པ་སྟེ་བཟླས་པ་གཉིས་པའོ། །ཡང་སྡུག་བསྔལ་ཡོངས་སུ་ཤེས་སོ། །རྒྱུ་ཀུན་འབྱུང་སྤངས་སོ། །འབྲས་བུ་མངོན་དུ་བྱས་སོ། །ལམ་རྒྱུད་ལ་བསྟེན་པ་མཐར་ཕྱིན་པར་བྱས་སོ། །ཞེས་བདེན་བཞིའི་འབྲས་བུའམ་མཐར་ཕུག་ལ་དམིགས་པའི་བཟླས་པ་གསུམ་སྟེ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་འཁོར་བསྐོར་བ་དང་། དང་པོའི་དུས་ཀོཎ་ཌི་ནྱ་ལ་མཐོང་ལམ་སྐྱེས། གཉིས་པས་དུས་ཀོཎ་ཌི་ནྱ་དགྲ་བཅོམ་ཐོབ། གཞན་བཞི་པོ་གཉིས་པ་ལ་མཐོང་ལམ་དང་། གསུམ་པའི་དུས་སུ་དགྲ་བཅོམ་ཐོབ། དེ་ནས་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་རྣམས་དང་གཞན་ཡང་ལྷ་བརྒྱད་ཁྲི་བཞི་སྟོང་སོགས་ལའང་བདེན་པ་མཐོང་སྟེ། རྒྱལ་པོའི་འོད་མའི་ཚལ་ཞེས་པ་བྱ་ཀ་ལནྡ་ཀར་གནས་དེ་ཉིད་བཞུགས་གནས་སུ་ཕུལ་ཏེ་ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་བར་ཞུས། དེའི་ཚེ་མུ་སྟེགས་སུ་ཕུལ་ཏེ་ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་བར་ཞུས། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་རྒྱལ་ཅན་ཞེས་པ་ཚེ་ཡི་དུས་བྱས་སྐབས། དེའི་སློབ་མ་ཀུན་ཏུ་ཉེ་རྒྱལ་དང་པང་ན་སྐྱེས་གཉིས་ལ་རྟ་ཐུལ་གྱིས་ཆོས་གསུངས་པས་བདེན་པ་མཐོང་ནས། སླར་ཡང་རང་རང་གི་སློབ་མ་འཁོར་བརྒྱ་དང་ལྔ་བཅུ་རེ་དང་བཅས་ཏེ་སངས་རྒྱས་ཀྱི་དྲུང་དུ་སོང་། དེ་ནས་རྫུ་འཕྲུལ་དང་ལྡན་པའི་མཆོག་མངྒཽལ་གྱི་བུ། ཤེས་རབ་དང་ལྡན་པའི་མཆོག་ཤཱ་རི་བུ་ཞེས་མཆོག་ཟུང་གཉིས་ཞེས་ལུང་བསྟན་ཏེ། ཤཱ་རི་བུ་ལ་ཚུར་ཤོག་གི་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པ་སོགས་དེ་ལྟར་ཆོས་འཁོར་དང་པོ་བསྐོར། །དེ་ནས་གནས་བྱ་རྒོད་ཕུང་པོའི་རི་དང་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རྭ་བ་ལ་སོགས་པར་སྟོན་དགུང་ལོ་བཞི་བཅུ་རྩ་གཉིས་ནས་བདུན་ཅུ་དོན་གསུམ་བར་སྡོམ་པས་བགྲང་བྱ་བཅུ་ཕྲག་གསུམ་དང་ཉག་མ་གཅིག་ཞག་གྲངས་བཅུ་གསུམ་བར་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཉན་ཐོས་མཆོག་ཟུང་གཉིས་དང་ཀུན་དགའ་བོ་རབ་འབྱོར་སོགས་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་འཇམ་དབྱངས་རྣམས་ལ་ཤེར་ཕྱིན་ཟབ་མོའི་མདོ་རྣམས་ཆོས་ཀྱི་འཁོར་ལོ་བར་བ་བསྐོར། ཁ་ཅིག་ལོ་སུམ་ཅུ་དང་ཉི་ཤུ་རྩ་བདུན་ཡང་འཆད་དོ། དེ་ནས་གནས་ཡངས་པ་ཅན་སོགས་ཡུལ་མ་ངེས་པར་གདུལ་བྱ་སྣ་ཚོགས་པའི་རིགས་ལ་སྟོན་པ་དགུང་ལོ་བདུན་ཅུ་དོན་གསུམ་ནས་བརྒྱད་ཅུ་ཐམ་པའི་བར་སྡོམ་པས་ལོ་གྲངས་དགུའི་རིང་ལ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་ཕབས་ཏེ་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་འོད་གསལ་བདེ་གཤེགས་སྙིང་པོ་གསལ་བར་བསྟན་པའི་མདོ་རྣམས་ཆོས་འཁོར་བསྐོར་བའོ། །གཟུངས་ཀྱི་དབང་ཕྱུག་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱི་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་ནའང་ཐུན་མིན་གྱི་གདུལ་བྱའི་ངོར་མཆོག་གི་སྤུལ་སྐུ་འདི་ཉིད་ཀྱིས་ཐབས་ཟབ་མོའི་ངང་ནས་ཡི་དམ་ལྷའི་སྐུར་བཞེངས་པ་སོགས་ཀྱིས་གསང་བ་སྔགས་ཀྱི་ཕྱི་ནང་གི་རྒྱུད་སྡེ་དུ་མ་ཞིག་གསུངས་པ་དང་། མྱ་ངན་ལས་འདས་པའི་རྗེས་སུའང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྡུ་བ་སོགས་བྱུང་སྟེ། ཤེས་བྱ་མཛོད་ལས། རྒྱུད་སྡེ་བཞི་ལས་བྱ་རྒྱུད་འོག་མིན་དང་། རི་རབ་རྩེ་མོར་འཇམ་དཔལ་སོགས་ལ་གསུངས། །སྤྱོད་རྒྱུད་རྣམ་སྣང་ཞིང་དང་ཞིང་བར་མ། །རྩ་གསུམ་སོགས་སུ་སྲས་བཅས་རྒྱལ་ལ་སྟེ། །གསུང་བ་པོ་ནི་མཆོག་གི་སྤྲུལ་སྐུའོ། །རྣལ་འབྱོར་རྒྱུད་ནི་སྟོན་པ་འོག་མིན་ཏུ། །སངས་རྒྱས་ལས་སྤྲུལ་ལོངས་སྐུ་ཆུང་ངུ་ཡིས། །རི་རབ་རྩེ་མོར་དཀྱིལ་འཁོར་སྤྲུལ་པ་དང་། །གཞན་འཕྲུལ་དབང་བྱེད་ལ་སོགས་མ་ངེས་གསུངས། བླ་མེད་གསང་འདུས་སྟོན་པས་བདུད་བཏུལ་རྗེས། །དགའ་ལྡན་ཡང་ན་གཞན་འཕྲུལ་གནས་སུ་གཤེགས། །དཀྱིལ་འཁོར་སྤུལ་ནས་མཁའ་ཁྱབ་འཁོར་ལ་གསུངས། །ཨ་ལངྐ་ར་ཀུན་སྙིང་དང་གིས་བཞེད། །བོད་སོགས་སྟོན་པ་མཉན་ཡོད་བཞུགས་པའི་ཚེ། །ཨིནྡྲ་བྷུ་ཏིས་གསོལ་བཏབ་ཨོ་རྒྱན་གཤེགས། །སྤྲུལ་པའི་དལ་དུ་དབང་རྒྱུད་གནང་བར་བཤད། །གཤེད་སྐོར་བདུད་དཔུང་འདུལ་ཚེ་གསང་གསུམ་གྱི། །རྡོ་རྗེ་ལས་བྱུང་དཀྱིལ་འཁོར་སྤྲུལ་སོགས་མང་། །དགྱེས་རྡོར་བདུད་འཇོམས་ཚེ་ན་ཆོས་འབྱུང་དུ། །རྩ་བའི་རྒྱུད་བསྟན་བཤད་རྒྱུད་གཞན་དུའོ།། བདེ་མཆོག་ཐོག་མ་མེད་ནས་རྒྱལ་བའི་གསུངས། གཉིས་ལྡན་དུས་སུ་འབྲས་བུ་ཧེ་རུ་ཀས། །འཛམ་བུ་གླིང་དུ་འཁོར་ལ་བསྐྱར་ནས་བཤད། །རྩོད་དུས་དྲག་པོ་ཆུང་མ་འཁོར་བཅས་ཀྱིས། །གནས་ཡུལ་དུར་ཁྲོད་རྣམས་ལ་དབང་བྱེད་ཚེ། །སྤྲུལ་པས་བཏུལ་ནས་དཀྱིལ་འཁོར་བཀོད་དེ་གསུངས། །དུས་འཁོར་མྱ་ངན་འདས་པའི་སྔ་ལོགས་ཀྱི། །ནག་ཉར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི། །འོག་ཏུ་ཆོས་དབྱིངས་གསུང་དབང་སྟེང་མར་ནི། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ལེགས་སྤུལ་ནས། །ཟླ་བཟང་་ལ་སོགས་སྐལ་ལྡན་འཁོར་ལ་གསུངས། །འབྲས་སྤུངས་ཁོ་ནར་རྒྱུད་སྡེ་མ་ལུས་པ། །བསྟན་པར་བཞེད་དང་ཀུན་རྫོབ་དོན་དམ་གྱི། །ཐ་དད་གནས་སུ་འཁོར་ལོའི་མགོན་པོར་སྐུར། བཞེངས་ཏེ་སྨོན་འཁོར་དབྱེར་མེད་བདེ་ཆེན་དང་། །ནཱ་དའི་དབྱངས་ཀྱིས་དུས་ཀུན་བསྒྲགས་པའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཁ་ཅིག་རྒྱལ་པོ་ཟས་གཙང་གི་སྲས་འདི་ཉིད་སྔགས་ཀྱི་ཆོས་འཁོར་མ་སྐོར་རོ་ཞེས་འཆད་ཀྱང་དོ་ལ་དེ་ལྟར་ག་ལ་ཡིན། མདོར་ན་བཤད་མ་ཐག་པ་ལྟར་སངས་རྒྱས་ཞལ་བཞུགས་པའི་དུས་དང་མྱ་ངན་ལས་འདས་རྗེས་གང་གི་གནས་དུས་སྟོན་འཁོར་མ་ངེས་པའི་སོགས་ཀྱིས་གདུལ་བྱའི་ངོར་རིམ་དང་ཅིག་ཆར་གྱི་སྒོ་ནས་གསང་སྔགས་ཀྱི་ཆོས་རྣམས་གསུངས་སྟེ། འཇམ་དཔལ་མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱི་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་གསུངས་པ་སྟེ་ཆོས་ཀྱི་འཁོར་ལོ་སྐོར་བའི་མཛད་པ་སྟེ་བཅུ་གཅིག་པའོ།།

 

༡༢༽  མྱ་ངན་ལས་འདས་པའི་མཛད་པ་ནི།

དེ་ནས་བྱེ་བྲག་བཤད་མཛོད་ཆེན་མོ་ལས། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་གསུངས་ཏེ། འདུལ་བ་ལུང་ཕྲན་ཚེགས་ལས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་བསྩལ་བ། ཀུན་དགའ་བོ་ང་རྒྱབ་མི་བདེ་སྟེ་ངལ་གསོས་དེ་བཞིན་གཤེགས་པའི་བླ་གོས་བཞི་ལྟབ་ཏུ་ལྟོབ་ལ་ཐིངས་ཤིག ཅེས་དང་། ཡང་དེ་ནས་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་ཏེ་གྲོངས་ཁྱེར་རྩྭ་ཅན་དུ་བྱོན་ཅན་དུ་བྱོན་ནས་གྱད་ཀྱི་ཡུལ་དང་ཉེ་བའི་ཤིང་ས་ལ་ཟུང་གི་ཚལ་ན་ཞུགས་སོ། །དེ་ནས་བཅོམ་ལྡན་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ་ཤིང་ས་ལ་ཟུང་གཉིས་ཀྱི་བར་ཁྲི་ཆོས་ལ། ཕངས་བྱང་ཕྱོགས་སུ་སྟོན་ཅིག ཡང་བཅོམ་ལྡན་འདས་ཀྱི་ཀུན་ཏུ་རྒྱུ་རབ་བཟང་ལ་ཚུར་ཤོག་དགེ་སློང་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པས་ཚེ་དང་ལྡན་པ་དེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པར་གྱུར་ཏོ། །ཞེས་སོགས་ནས། དགེ་སློང་དག་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མེད་པའི་འོག་ཏུ་བདག་ཅག་གི་བསྟན་པ་དང་སྟོན་པ་མེད་དོ་སྙམ་དུ་དེ་ལྟར་བལྟ་བར་མི་བྱ་སྟེ། གང་གིས་ཕྱིར་ན་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་བའི་མདོ་འདོན་པར་བསྟན་པ་དང་། སྟོན་པ་ཡིན་ནོ། །ཞེས་འདི་ནི་དེ་བཞིན་གཤེགས་པའི་གསུང་ཐ་མའོ།། ཞེས་གསུངས་ཏེ་བསམ་གཏན་བཞི་ལ་སོགས་ལ་སྙོམས་པར་ཞུགས་ནས་མི་གཡོ་བའི་སྤྱན་དང་ལྡན་པར་བརྙེས་ཤིང་། ཡོངས་སུ་མྱ་ངན་ལས་འདས་ཏེ་འཇིག་རྟེན་གྱི་ཁམས་སུ་ས་གཡོ་བ་དང་། སྐར་མདའ་ལྷུང་བ་སོགས་ལྟས་སྣ་ཚོགས་པ་བྱུང་བའོ། །མྱང་འདས་ཆེན་པོའི་མདོ་ལས། དཔྱིད་ཟླ་ཐ་ཆུང་ས་གའི་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་གུང་ཐུན་ལ་འདས་སོ། །ཞེས་གསུངས་པའི་མྱ་ངན་ལས་འདས་པའི་མཛད་པ་སྟེ་བཅུ་གཉིས་པའོ།།

 

ཐེག་པ་ཐུན་མོང་བའི་བཀའ་བསྡུ་ལ་གསུམ།

༡༽  བཀའ་བསྡུ་དང་པོ་ནི།

དེ་ནས་ཉན་ཐོས་འོད་སྲུང་ཆེན་པོ་གྲོང་ཁྱེར་རྩྭ་ཅན་དུ་ཕེབས་ཏེ་སྐུ་གདུང་ཞུགས་འབུལ་གྱི་ལས་ཐམས་ཅད་ལེགས་པར་བགྱིས་ཤིང་གྲུབ་ཏེ་སྐུ་གདུང་ཆ་བརྒྱད་དུ་བྱས་ནས། དང་པོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན། དེ་ནས་ཡུལ་སྡིག་པ་ཅན། ཡུལ་རྟོགས་པ་ཅན། ཡུལ་རྟོག་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ལ། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་སྡ། ཁྱབ་འཇུག་གླིང་བྲམ་ཟེ། སེར་སྐྱའི་རྒྱལ་རིགས། ཡངས་པ་ཅན་གྱི་རྒྱལ་རིགས་ལི་ཙྭ་བྱི་དང་། ཆ་བརྒྱད་པ་མ་ག་དྷཱའི་སྣ་ཆེན་པོ་སོགས་བྲམ་ཟེ་དབྱར་བྱེད་ལ་བྱིན་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་མཆོད་རྟེན་བརྩེགས་ནས་མེ་ཏོག་དང་། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ཀྱིས་མཆོད་ཅིང་། བཀུར་སྟི་དང་། བླ་མར་སོགས་ཀྱི་བསོད་ནམས་བསགས་པའི་ཞིང་དུ་གྱུར་ཏོ། །ཇི་སྐད་དུ། ཆོས་འཁོར་གནས་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་ལ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །ཞེས་གསུངས་སོ། ཁ་ཅིག་བྲམ་ཟེ་སུ་ག་ཏྲ་དང་ཁྱིམ་བདག་དཔལ་སྐྱེས་གཉིས་ཀྱིས་གསོལ་བ་བཏབ་དོན་དུ་ལོ་གཉིས་ཏེ་བརྒྱད་ཅུ་རྩ་གཉིས་ལ་འདས་སོ་ཞེས་འཆད། སྤྱིར་ངེས་པ་དོན་གྱི་དབང་དུ་བྱས་ན་མདོ་སྡེ་གསེར་འོད་དམ་པ་ལས་གསུངས་པ་བཞིན་ཏེ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཅིང་། །ཡོངས་སུ་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཀའ་ཡི་བསྡུ་བ་རྣམས་ཇི་ལྟར་མཛད་ཚུལ་ལ། སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞེས་ཞུས་པའི་ལན་དུ། ཀུན་དགའ་བོ་དང་། །དགེ་སློང་འོད་སྲུང་ཁྱོད་གཉིས་ཀྱིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ། །ཞེས་སོགས་ལུང་བསྟན། དེ་ལྟར་སྟོན་པ་བཀྲིན་ཅན་འདི་ཉིད་མྱ་ངན་ལས་མ་འདས་པའི་སྔོན་ཙམ་ལ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་བརྒྱད་ཁྲི་དང་། མོང་གལ་གྱི་བུ་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་ཉིད་ཀྱི་ལྷན་དུ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་དང་བཅས་པ་མྱ་ངན་ལས་འདས་པའི་ཚེ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་དབང་ཡོད་པ་རྣམས་མྱ་ངན་ལས་འདས་སོ། །དམ་པའི་ཆོས་ཀྱང་མེ་ཤི་བའི་དུ་བ་ཙམ་དུ་གྱུར་ཏོ་ཞེས་འཕྱ་བ་བྱས་པས། གནས་བརྟན་འོད་སྲུང་ཆེན་པོས་དགེ་སློང་གང་བོ་ལ་གཎྜི་རྡུངས་བར་གྱིས་ཤིག་ཅེས་བཀའ་བསྩལ་ཏེ། །དེའི་ཚེ་དགེ་སློང་གི་དགེ་འདུན་ལྔ་བརྒྱ་ལས་གཅིག་མ་ཚང་བར་གཅིག་ནི་དགེ་སློང་བ་ལང་བདག་སྟེ་དེ་འབོད་པའི་ཕྱིར། གང་བོས། བློ་ལྡན་བསྟན་པ་གནས་བའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །ཞེས་སྨྲས་པས། བ་ལང་བདག་གིས། འགྲོ་བའི་སྒྲོན་མེ་མགོན་པོ་བཞུགས་ན་དེང་། །བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང་། །དེ་ནི་ཕ་རོལ་རབ་ཞིར་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། །ལྷུང་བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་བསམ་པས་འཕགས་ལ་བཟོད་པར་གསོལ། །ཅེས་གསུངས་ཏེ་ཞི་བར་གཤེགས་སོ། །དེ་ནས་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་མྱ་ངན་མི་འདའ་བར་ཁྲིམས་བཅས་ཏེ། ཇི་ལྟར་བསོད་ནམས་ལས་ཀྱིས་ཞི་གྱུར་པ། །ཤི་རི་ཤ་ཀའི་སེམས་མཆོག་བ་ལང་བདག། །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོས་ཕྱིར་ཚོགས་ནས་བློ་གྲོས་བྱ། །ཞེས་བཅས་པ་མཛད་དེ། །དུས་དེ་ཙ་ན་འོད་སྲུང་ཆེན་པོས་ཀུན་དགའ་བོ་དགྲ་བཅོམ་པ་མ་ཐོབ་པར་མཁྱེན་ཅིང་སྤྱོ་ཚིག་རྣམ་པ་བརྒྱད་ཀྱིས་བསྒོས་ཏེ་གནས་ནས་དབྱུང་བ་སོགས་མཛད་དེ་ཐབས་ཟབ་མོས་དགྲ་བཅོམ་པའི་གོ་འཕང་ཐོབ་བར་གྱུར། དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་གནས་བརྟན་འོད་སྲུང་ཆེན་པོས་མངོན་པ་དང་། འཕགས་པ་ཀུནན་དགའ་བོས་མདོ་སྡེ་དང་། གནས་བརྟན་ཉེ་བ་འཁོར་གྱིས་འདུལ་བ་དང་བཅས་ཏེ། ཐུན་མོང་ཐེག་པའི་སྡེ་སྣོད་གསུམ་མ་ལུས་པ་བསྡུས་ཏེ་བཀའ་བསྡུ་དང་པོ་མཛད་དོ། །འདུལ་བ་ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་འདས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །ཞེས་གསུངས་པ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་འོད་སྲུང་ཆེན་པོ་ཀུན་དགའ་བོའི་དྲུང་དུ་ཕྱིན་ཏེ། ཀུན་དགའ་བོས་ཤེས་པར་གྱིས་ཤིག བཅོམ་ལྡན་འདས་ཀྱིས་ནི་བདག་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །ད་ནི་བདག་ཀྱང་ཞི་བ་ལ་འགྲོ་བས་ཁྱོད་ཀྱིས་བསྟན་པ་འདི་ཉིད་སྐྱོངས་ཤིག་ཅེས་བཀའ་བསྩལ་ཏེ་མྱ་ངན་ལས་འདས་ཤིངའཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད། དེ་ནས་རིམ་བཞིན་ཤཱ་ནའི་གོས་ཅན་དང་། ཉེར་སྦས་དང་། འཕགས་པ་དྷི་ཏི་ཀ་དང་། འཕགས་པ་ནག་པོ་དང་། དེས་ལེགས་མཐོང་ཆེན་པོ་ལ་གཏད་དེ་བསྟན་པའི་གཏད་རབས་བདུན་ཞེས་འདུལ་བ་ལུང་ཕྲན་ཚེགས་ལས་འབྱུང་བ་ལྟར་རོ། །ཐེག་ཆེན་མདོ་ལྟར་དུ་འོད་སྲུང་ཆེན་པོ་ནས་གཏདང་རབས་ལྔ་པ་འཕགས་པ་དྷི་ཏི་ཀའི་བར་འདྲ་ཡང་དེ་མན་ཆད་བི་དྷ་ཀ་དང་བུདྷ་ནནྡིའི་སོགས་གནས་བརྟན་དུ་མའི་མཚན་གསུངས་སོ།།

 

 

༢༽ བཀའ་བསྡུ་གཉིས་པ་ནི།

སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་རུང་བ་གཞི་བཅུ་ལ་སྤྱད་ནས། དེ་ཡང་། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་གྱིས་རུང་མིན་གཞི་བཅུ་ཡིན། །ཞེས་མི་རུང་བའི་གཞི་བཅུ་ལ་གནས་ཏེ་འདུལ་བའི་བསྟན་ལ་མི་མཛེས་པ་བྱས་ཤིང་། དེའི་ཚེ་སྦྱིན་བདག་རྒྱལ་པོ་མྱ་ངན་མེད་ཀྱིས་བྱས་ཏེ། དགེ་སློང་གྲགས་པས་གནས་ཡངས་པ་ཅན་གྱི་ཀུཥྨ་པུར་གཙུག་ལག་ཁང་དུ་གཎྡི་བརྡུང་བའི་མོད་ལ་དགེ་སློང་བདུན་བརྒྱ་འདུས་ཤིང་། སྡེ་སྣོད་གསུམ་དག་པར་བཏོན་ནས་རུང་བ་མ་ཡིན་པ་གཞི་རྣམས་སུན་ཕྱུང་སྟེ་བདུན་བརྒྱས་ཡང་དག་པར་བརྗོད་པའམ་བཀའ་བསྡུ་གཉིས་པ་ཞེས་ཆགས་སོ།།

 

༣༽ བཀའ་བསྡུ་གསུམ་པ་ནི།

སངས་རྒྱས་མྱ་ངན་ལས་འདས་ནས། ལ་ལས་ལོ་བརྒྱ་ཕྲག་གཉིས་གསུངས། ལ་ལས་ལོ་བརྒྱ་ཕྲག་གསུམ་ཙམ་ཡང་གསུངས་འདུག་པས་གང་ལྟར་དེ་རྗེས་ཉན་ཐོས་པའི་གྲུབ་མཐའ་ནང་ཕན་ཚུན་ལྟ་སྤྱོད་མ་མཚུངས་པས་ལོ་དྲུག་ཅུ་གསུམ་ཙམ་ལ་རྩོད་པ་བྱུང་བས་སྡེ་བ་སོ་སོར་གྱེས་ཏེ་བཅོ་བརྒྱད་དུ་གྱུར། སྐབས་དར་རྒྱལ་པོ་ཀྲི་ཀྲཱིའི་རྨི་ལམ་ལུང་སབྟན་པའི་མདོ་དེ་བརྙེས་པས། ཁ་ཆེའི་ཡུལ་དུ་ཀུ་ན་ས་ན་དགོན་པའམ་ཛཱལནྡྲ་རིའི་གནས་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར་ཞེས་ཀྱང་གསུངས་འདུག་པས་ཇི་ལྟར་རུང་སྦྱིན་བདག་རྒྱལ་པོ་ཀ་ནིཥྐས་བྱས་ཏེ། གནས་བརྟན་དགེ་སློང་སངྒཻས་མཛད་དེ་པུརྞི་ཀ་ལ་སོགས་དགྲ་བཅོམ་ལ་ལྔ་བརྒྱ་དང་། བ་སུ་མི་ཏྲ་ལ་སོགས་ཐེག་ཆེན་བྱང་སེམས་ལྔ་བརྒྱ་དང་། སོ་སྐྱེས་པནྡི་ཏ་ལྔ་བརྒྱ་སོགས་འདུས་ཏེ་གྱེས་པ་བཅོ་བརྒྱད་པོ་དེ་ལྟར་བཀའ་མ་ཡིན་པ་དྭོགས་པ་བསལ་ཞིང་གསུང་རབ་ཐམས་ཅད་གླེགས་བམ་དུ་ཡི་གེར་བཀོད་པ་སྟེ་བསྡུ་བ་གསུམ་པ་དེ་མཛད་དོ།།

 

ཐེག་པ་ཐུན་མིན་གྱི་བཀའ་བསྡུ་བ་ལ་གསུམ།

༡༽ ཕར་ཕྱིན་ཐེག་པའི་བཀའ་བསྡུ་བ་ནི།

ཡུལ་མ་ག་དྷ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སམྦྷ་ཝའི་གནས་དེར་བྱང་ཆུ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་འདུས་ནས། འཇམ་དོ་གྱི་མངོན་པ་དང་། བྱམས་པས་འདུལ་བ་དང་། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་པར་གསུངས་པ་དང་། ཡང་རྟོག་གེ་འབར་བའི་མདོ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། ཞེས་གསུངས། དེ་ཡང་སངས་རྒྱས་མྱང་ན་ལས་འདས་པའི་རྗེས་ཙམ་ལ། སྤྱིར་ཐེག་པ་ཆུང་ངུའི་བཀའ་བསྡུ་མ་བྱས་པའི་གོང་དུ་འཕགས་པ་འཇམ་དཔལ་འདི་ཉིད་རྟེན་དགེ་སློང་གི་ཚུལ་དུ་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་བྱོན་ནས་ཐེག་ཆེན་གྱི་ཆོས་བསྟན་ནས། གླེགས་བ་ཞིག་ཀྱང་བཞག་པས་ཕར་ཕྱིན་ཐེག་པ་བ་རྣམས་ཀྱིས་ཤེར་ཕྱིན་བརྒྱད་སྟོང་པ་ཡིན་པར་འདོད། གསང་སྔགས་པ་རྣམས་ཀྱིས་དེ་ཉིད་བསྡུས་པ་ཡིན་པར་འདོད། གང་ལྟར་ཀྱང་ཐེག་ཆེན་གྱི་མདོ་དེ་ཉིད་མི་ཡུལ་དུ་དར་བའི་ཐོག་མ་ཡིན་པར་བཞེད་པ་མཐུན་ནོ།།

 

༢༽ གསང་སྔགས་གསར་མའི་བཀའ་བསྡུ་ནི།

སྤྱིར་སྟོན་པ་འཁོར་གྱི་གཙོ་བོར་གྱུར་པའི་སྡུད་པ་པོ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚུལ་ལྟ་བུ་སྣང་སྟེ་རི་རབ་ཀྱི་བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་དྲུག་གིས་གསོལ་བ་བཏབ་པས་ཕྱག་ན་རྡོ་རྗེ་སོགས་བཀའ་བསྡུས་ཏེ་རྒྱུད་སྡེ་མ་ལུས་པ་གསུངས་པའི་ཚུལ་དུ་སྣང་ཡང་ངེས་པ་དོན་དུ་སྡུད་པ་པོ་ཐ་དད་པ་མེད་དེ། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། འཆད་པ་པོ་དེ་སྡུད་པའང་དེ། ཞེས་སོགས་གསུངས་པ་གོང་ནས་ཆོས་འཁོར་བསྐོར་བའི་མཛད་པ་ནང་ན་ལྷན་དུ་བསྟན་པ་ལྟར་རོ།།

 

༣༽ གསང་སྔགས་རྙིང་མའི་བབ་ལུགས།

དེ་ནས་གསང་སྔགས་སྔ་འགྱུར་བའི་རྒྱུད་སྡེ་རྣམས་མི་ཡུལ་དུ་དར་ཞིང་བསྡུ་བའི་ཚུལ་ལ། རྒྱུད་སྡེ་བབ་ལུགས་རྣམ་པ་གསུམ་དང་སྒྲུབ་སྡེ་བཤད་པ་གཉིས་ལས། དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། ཤེས་བྱ་མཛོད་ལས། རང་སྣང་རྣམ་དག་འོག་མིན་ཆོས་དབྱིངས་སུ། །ཀུན་ཏུ་བཟང་པོས་ཡེ་ཤེས་རྒྱ་མཚོ་ལ། །འོད་གསལ་འདུས་མ་བྱས་པའི་དགོངས་པ་ནི། །བསམ་མི་ཁྱབ་དུས་རང་བཞིན་སྣང་བར་མཛད། །སྣང་ཆར་སྟུག་པོ་བཀོད་པར་མཚན་རྫོགས་སྐུས། །རང་སྣང་འཁོར་ལ་དུས་བཞི་མཉམ་ཉིད་དང་། །རྫོགས་པ་ཆེན་པོ་མིང་ཚིག་རང་མཚན་ལས། འདས་པའི་གསུང་གིས་རྒྱུན་མི་འཆད་དུ་འགྲོ །ཞེས་པ་ནས། །རིགས་གསུམ་མཁའ་འགྲོ་ཆོས་ཀྱི་སྤྱན་ཅན་ལ། །བསྟན་པའི་གཉེར་གཏད་མདོར་ན་སྐུ་གསུམ་གྱི། །སྟོན་པའི་གླེང་གཞི་རྒྱལ་བ་དགོངས་བརྒྱུད་དོ། ཞེས་དང་། །གཉིས་པ་རིག་འཛིན་བརྡ་ཡི་བརྒྱུད་པ་ནི། སེམས་ལྷག་ཅན་ལ་རྡོར་སེམས་དབང་སྐུར་སྩལ། །ལྷ་ཡི་གནས་དེར་དེ་ཉིད་མི་ཡུལ་དུ། །སྤྲུལ་པའི་སྐུར་བཞེངས་དགའ་རབ་རྡོ་རྗེ་ཡིས། །དབང་རྒྱུད་མཛོད་ཐོབ་བསྟན་པའི་བདག་པོར་གྱུར། །ཞེས་པ་ནས། དེ་དག་སྲིན་པོ་བློ་གྲོས་ཐབས་ལྡན་གྱི། །ཡི་གེར་བཀོད་ནས་མཁའ་ལ་རྩལ་གྱིས་སྦས། །དེ་ནི་རིག་འཛིན་བརྡ་ཡི་བརྒྱུད་པའོ། ཞེས་དང་། །གསུམ་པ་གང་ཟག་སྙན་ནས་བརྒྱུད་པ་ནི། །རྒྱལ་པོ་ཛཿ ལ་རྨི་ལྟས་བདུན་ཤར་ཏེ། །ཕྱག་རྡོར་སྐུ་དང་ཏནཏྲཱ་སྡེ་བཅོ་བརྒྱད། ཡང་ཐོག་བབས་ཤིང་རིམ་པར་དོ་རྟོགས་ནས། །ཀུ་ཀུ་རཱ་ཛ་སོགས་ལ་བརྒྱུད་དེ་དར། །ཞེས་པ་ནས། །དྷ་ན་ཀོ་ཤར་དགའ་རབ་རྡོ་རྗེ་ལ། །རྡོ་རྗེ་སེམས་དཔས་གསུངས་ཏེ་ཡི་གེར་བཀོད། །གཞན་དང་གཞན་ནས་འབྱུང་བ་ཆེས་མང་ངོ་། །དེ་དག་གང་ཟག་སྙན་ཁུང་བརྒྱུད་པའོ། །ཞེས་གསུངས། བྱེ་བྲག་སྒྲུབ་སྡེ་ནི། སྒྲུབ་སྡེ་ཞི་ཁྲོས་གསུངས་ཤིང་གསང་བདག་བསྡུས། །མཁའ་འགྲོར་གཉེར་གཏད་མཆོད་རྟེན་བུམ་པར་སྦས། །སློབ་དཔོན་བརྒྱད་ཀྱིས་དགུང་བདུན་དགོངས་པའི་ཚེ། །ལས་ཀྱི་དབང་མོས་སྒྲོམ་བུ་སོ་སོར་གཏད། །ཀུན་འདུས་བཀའ་བབས་སློབ་དཔོན་ཆེན་པོའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐེག་པ་ཆེ་ཆུང་གི་བཀའ་བསྡུ་བ་མཛད་ཚུལ་སོགས་མདོ་ཙམ་བྱུང་བ་བསྟན་ཟིན་ཏོ།།

མཆོག་གི་སྤྲུལ་སྐུའི་ཆ་ལུགས་བསྟན་པ་ནི།

ད་ནི་སྟོན་པ་སངས་རྒྱས་མཆོག་གི་སྤྲུལ་སྐུའི་ཆ་ལུགས་ནི། རིན་ཆེན་སེངྒཻའི་ཁྲི་དང་པད་ཉི་ཟླ་བའི་སྟེང་དུ་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན། མཚན་དང་དཔེ་བྱད་ལྡན་པ་ཆོས་གོས་གསུམ་གསོལ་ཞིང་། ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་ཅིང་། ལྷུང་བཟེད་འབྲས་བུ་སྣ་ཚོགས་ཀྱིས་གང་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡང་གནས་བརྟན་སྡེ་པ་སོགས་ཀྱིས་རྟེན་གྱི་གཙོ་བོ་ནི། ཞི་བར་གཤེགས་པའི་སྐུ་གློ་གཡས་པ་ཕབ་ཅིང་། ཕྱག་གཡོན་པས་བརླའི་སྟེང་དུ་བཞག་པའི་ཆ་ལུགས་ཅན་དེ། ཐོབ་བྱ་མཐར་ཐུག་ལྷག་མེད་དགྲ་བཅོམ་འབྲས་བུའི་མཚོན་པར་བྱེད་ཅིང་དེ་གཙོ་བོར་འཇོག་པ་སྟེ། ཐོབ་བྱ་མཐར་ཐུག་ལྷག་མེད་དགྲ་བཅོམ་འབྲས་བུའི་མཚོན་པར་བྱེད་ཅིང་དེ་གཙོ་བོར་འཇོག་པ་སྟེ། དགེ་ཆོས་ཀྱི་སིངྒ་ལའི་ལོ་རྒྱུས་ནང་། མྱང་འདས་ཀྱི་སྐུ་འདི་རྒྱ་ནག་ལ་སོགས་པའི་ཡུལ་གཞན་ན་ཡང་ཤིན་ཏུ་དར་ཆེ་བ་ལ་བོད་ན་ཡེ་མཐོང་རྒྱུ་མེད་པ་ཡ་མཚན། སངས་རྒྱས་གྲོངས་པ་ལྟས་ངན་ཡིན་སྙམ་པ་སེམས་ཀྱི་ཕུག་ན་ཡོད་པར་འདུག ཉན་ཐོས་སྡེ་པ་རྣམས་ནི་ཆོས་ཀྱི་གོ་བ་བཟང་ཞིང་། མྱ་ངན་འདས་ཚེ་གོ་འཕང་མཐར་ཐུག་བརྙེས་པར་འདོད་པས་རྟེན་གྱི་གཙོ་བོ་ཡང་དེ་ལ་བྱེད། ཅེས་ཀྱང་གསུངས་སོ། །དེ་ལྟར་དོན་ལ་གང་ཟག་བྱེད་བྲག་སོ་སོས་ཉམས་སྣང་ལ་ཆ་ལུགས་སྣ་ཚོགས་ཤར་བ་སོགས་འབྱུང་སྲིད་པས་གང་ལྟར་ཡང་འགལ་བར་ག་ལ་སྣང་ཞེས་ཞར་བྱུང་དུ་ཐལ་ལོ།།

སླར་སྨྲས་པ།

བྱང་ཆུབ་མཆོག་ཏུ་ཐུགས་སུ་བསྐྱེད་ཅིང་དཀའ་སྤྱད་དྲག་པོའི་མཉམ་བཞག་སོགས། །ཚོགས་གཉིས་རྒྱ་མཚོའི་ཕ་རོལ་སོན་ཅིང་མཚན་དཔེ་ཡེ་ཤེས་སྐུ་མངལ་སྟེ། །མཚན་མའི་ཀུན་རྟོག་དབྱིངས་སུ་ནུབ་ཅིང་དུས་མཐའི་སྐད་ཅིག་ཕྲ་མོ་ལའང་། །རྒྱུན་ཆད་མེད་པའི་བརྩེ་བའི་འཛུམ་གྱིས་འགྲོ་ལ་བདུད་རྩིའི་ཆབ་སྦྱིན་རྨད།།

 

མ་ལུས་ཡོནྟ་མཚན་དཔེའི་སྐུ། །

མ་འགགས་དབྱངས་སྙན་ཚངས་པའི་གསུང་།།

མ་ཚང་མེད་པ་མཁྱེན་པའི་ཐུགས། །

མ་འདྲེས་ཁྱོད་ལྟར་མཚུངས་པར་ཤོག།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

 

 

གཉིས་པ། པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་པ་ལ།

༡༽ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ནི། དེ་ཉིད་ལས།

 

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན།།

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ།།

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ།།

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར། དེ་ཡང་བསྡུ་བ་གསུམ་པའི་རྗེས་ཙམ་ལོ་བཞི་བརྒྱ་ཟིན་མ་ཟིན་སྐོར་ལ་ཉན་ཐོས་སྡེ་བ་བཅོ་བརྒྱད་པོའི་བསྟན་པ་འདི་ཉིད་ཤིན་ཏུ་དར་ཞིང་རྒྱས་པར་གྱུར་པའི་སྐབས་ལ་ཐེག་ཆེན་གྱི་བསྟན་པ་ནི་ཉག་ཕྲ་མོའི་དུས་ཡིན་ལ་བྲམ་ཟེ་ས་ར་ཧའམ་མདའ་སྣུན་ཞབས་ཞེས་པ་ནི། སྲས་དགྲ་གཅན་འཛིན་ལས་རབ་ཏུ་བྱུང་ཞིང་ཕྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་མདའ་མཁན་གྱི་ཚུལ་འཛིན་ནས་ཕྱག་རྒྱ་མར་བསྟེན་པས་མཆོག་གི་དགོས་གྲུབ་བརྙེས་ཏེ་རྣལ་འབྱོར་ཡོངས་ཀྱི་སྤྱི་མེས་གྲུབ་ཆེན་ས་ར་ཧ་ཞེས་མཚན་དུ་གྲགས། དེའི་སློབ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། རྔ་བོ་ཆེའི་མདོ་ལས། ལི་ཙྭ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་འགྱུར་བྱས་ཏེ། ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །འཕགས་པ་སྤྲིན་ཆེན་མོ་ལས། ཀུན་དགའ་བོ། ལི་ཙྭ་བྱི་གཞོན་ནུ་སེམས་ཅན་ཐམས་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱས་ཏེ། མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བ་འགྱུར་རོ། ཞེས་གསུངས། མདོ་སྡེ་གསེར་འོད་དམ་པ་ལས། ལི་ཙྭ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་རྒྱ་ཆེར་བསྔགས་པ་དེ་ཡང་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་འདི་ཉིད་ཡིན་ཞེས་དང་། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བཻ་དི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ན་ཡང་དག་འཐོབ། །ཅེས་མདོ་རྒྱུད་དུ་མ་ལས་ལུང་གིས་ཟི་པའི་སྐྱེས་བུ་ཆེན་པོ་འདི་ཉིད། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་ནས་འབྱོན་པར་གསུངས་ཤིང་། གང་དུ་འཁྲུངས་པའི་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་ཡུལ་ལྗོངས་སུ་བྲམ་ཟེ་གཙུག་ཕུད་ཅན་གྱི་སྲས་སུ་སྐུ་བལྟམས། མཚན་མཁན་ལ་བསྟན་པས་ཞག་བདུན་ལས་ཚེ་མེད་ཅེས་བརྗོད་པ་ན་འདི་ལ་ཐབས་ཅི་ཡོད་དམ་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་དུ་འཚོ་དེ་ལས་ཐབས་གཞན་མེད་ཟེར། དེ་ནས་ལོ་བདུན་ནུ་ཉེ་བ་ན་ཕ་མས་བུའི་རོ་མཐོང་བ་ལ་མི་བཟོད་པས་གཡོག་དང་བཅས་ཏེ་ཡུལ་གཞན་དུ་འཁྱམས་སུ་བཏང་། དེ་ནས་རིམ་བཞིན་དཔལ་ནལནྡཱའི་གཙུག་ལག་ཁང་དུ་བྲམ་ཟེ་ས་ར་ཧའི་མདུན་དུ་ཕྱིན་པ་དང་བྲམ་ཟེའི་ཞལ་ནས། གཞོན་ནུ་ནང་དུ་ཡོང་བའི་རྒྱུ་མཚན་ཅི་ཡིན་གསུངས་པས། ཇི་ལྟར་བྱུང་བ་རྣམས་གསལ་པོར་ཞུས། རབ་ཏུ་འབྱུང་ནུས་ན་ཐབས་ཡོད་གསུངས་པས་རབ་ཏུ་འབྱུང་བར་ཁས་བླངས། དེ་ནས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བཞེངས་ཏེ་འཆི་མེད་ཚེ་ཡི་དབང་བསྐུར་ནས་གཟུངས་་སྔགས་བསྒྲུབ་ཏུ་བཅུག་ནས་དེ་ནས་རང་ལོ་བདུན་ལོན་པའི་ནུབ་མོར་འཆི་བདག་གི་རྐྱེན་ངན་ལས་གྲོལ། ལོ་བརྒྱད་ལོན་པ་ན་མཁན་པོ་དེ་ཉིད་ལས་རབ་ཏུ་བྱུང་སྟེ་རིག་པའི་གནས་ཐམས་ཅད་དང་ཁྱད་པར་དུ་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐམས་ཅད་ལ་མཁས་པའི་པ་མཐར་སོན། ཕྱིས་སུ་ཉིད་ཀྱི་ཕ་མ་དང་མཇལ་ཏེ་བྲམ་ཟེ་ཆེན་པོ་དེ་ཉིད་ལས་དཔལ་གསང་བ་འདུས་པ་སོགས་སྔགས་ཀྱི་ཆོས་སྐོར་རྣམས་དང་སྙན་བརྒྱུད་ཀྱི་གདམས་པ་སོགས་ཞུས། རང་ལོ་ཉི་ཤུ་ལོན་པ་ན་བསྙེན་པར་རྫོགས་པའི་དངོས་པོ་ཡང་དག་པར་བསྒྲུབས་ནས། །དེ་ལྟར་དཔལ་ལྡན་ཞེས་བྱ་བའི་མཚན་དེ་སྙན་པར་གྲགས་སོ། །དེ་ལྟར་ན་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་སུ་བཟུང་བར་བརྟེན་རྗེ་བཙུན་གྱིས་ལྷའི་བུའི་ཚུལ་འཛིན་པ་བྱང་སེམས་བློ་གྲོས་རིན་ཆེན་ལས་མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་གསན་ཏེ་དེ་དག་ཐུགས་སུ་ཆུབ་པར་མཛད། དེ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ལ་བྱ་བ་མཛད་པ་སྟེ་སྐབས་དེ་ཙ་ན་ནལནྡྷའི་དགེ་འདུན་རྣམས་འཚོ་བས་ཕོངས་ཏེ་མུ་གེ་ཆེན་པོ་ཞིག་བྱུང་བས། དེའི་ཚེ་དགེ་སློང་དཔལ་ལྡན་ཞལ་ཏ་བ་གནང་སྐབས་སུ་གླིང་བར་ནས་གསེར་འགྱུར་རྩི་བླང་ནས་ཟངས་ལྕགས་ཐམས་ཅད་གསེར་དུ་བསྒྱུར་ཏེ་འཚོ་བའི་མཐུན་སྦྱོར་བསྒྲུབས་ཏེ་ལོ་བཅུ་གཉིས་རིང་དགེ་འདུན་ཐམས་ཅད་ལ་འཚོ་བ་སྦྱོར་ཞིང་ཕོངས་པ་སེལ་བར་མཛད། དེ་བཞིན་བསྟན་རྩ་འདུལ་བའི་བསླབ་པའི་གནས་ལའང་ཤིན་ཏུ་གཅེས་སྤྲས་སུ་གནང་ཞིང་བར་དུ་གཅོད་པའི་བསླབ་ཁྲིམས་འཆལ་སྤྱོད་དབང་ཡོད་ཅན་མང་པོ་ཞིག་འཕེལ་བར་དེ་དག་ཐམས་ཅད་ཀྱང་མཐར་གནས་དབྱུངས་སུ་སྤྲད། འདུལ་བའི་བསྟན་པ་པ་ཡང་རྒྱ་ཆེར་སྤེལ་བས་ན་འདུལ་བའི་ཆོས་སྒྲ་སྟོན་པ་པོ་ཞེས་གཏམ་དེ་གྲགས་ཤིང་ཉན་ཐོས་སྡེ་བ་ཀུན་གྱིའང་བདག་པོ་གྱུར་པས། སྐྱེས་བུ་ཆེན་པོ་འདི་ཉིད་རྒྱལ་བསྟན་ཐམས་ཅད་ལ་བཀའ་དྲིན་བསམ་ལས་འདས་པས་མཁའ་ལམ་གྱི་སྒྱུ་སྐར་ཁྲོད་ན་འོད་སྟོང་བཞད་ཤིན་ཏུ་མཛེས་ཤིང་། དེ་ནས་ཀླུ་ཡུལ་དུ་ཕེབས་ཏེ་ཀླུ་རྒྱལ་འཇོག་པོ་སོགས་དང་འཁོར་དཔག་ཏུ་མེད་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དེ་དག་གི་རྒྱུད་སྨིན་པར་བྱས་ཏེ་ཀླུ་རྣམས་ཀྱིས་གྲོགས་བྱས་པས་ན་ཀླུ་སྒྲུབ་ཅེས་མཚན་དེ་ཆགས་སོ། །ཡང་དབུ་ལ་ཚིག་གསལ་ལས། གསུང་རབ་རིན་པོ་ཆེའི་མཛོད་ལ་མངའ་བརྙེས་པ་སོགས་ཁྱད་ཆོས་ལྔས་ཀླུ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྲིད་པའི་དགྲ་སྡེ་མ་ལུས་པ་བཅོམ་པར་མཛད་པས་སྲིད་སྒྲུབ་དང་ཆོས་མཚུངས་པས་ན་ཀླུ་སྒྲུབ་ཏུ་གྲགས་ཞེས་གསུངས་སོ། །

དེ་ནས་ཀླུའི་ཡུལ་ནས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་ཀྱི་གླེགས་བམ་རྣམས་མི་ཡུལ་དུ་གདན་དྲངས་ཀྱང་ཉན་ཐོས་པ་ལ་ལས་ཀླུ་སྒྲུབ་ཉིད་ཀྱིས་བརྩམས་ཆོས་ཡིན་ཟེར། དེ་ལྟར་ནའང་རྒྱལ་བའི་ཤེར་ཕྱིན་ཟབ་མོའི་ཆོས་འཁོར་ལ་བཤད་བྱ་རྩ་བའི་དོན་ཇི་བཞིན་བདེ་བླག་ཏུ་རྟོགས་པའི་ཐབས་དབུ་མ་རིགས་ཚོགས་ལྔ་སོགས་དབུ་མའི་གཞུང་ལ་འཆད་ཉན་མཛད་དེ་ཐེག་ཆེན་གྱི་བསྟན་པ་འདི་ཉིད་ཤིན་ཏུ་དར་ཤིང་རྒྱས་པར་མཛད། ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཡང་ཀླུ་ཡུལ་དུ་བྱོན་པའི་གཏའ་མ་ལྟ་བུར་སྟོང་ཕྲག་བརྒྱ་པའམ་འབུམ་གླེགས་བམ་ན་པའི་གཤམ་དུ་ལེ་ཚན་འགའ་ཞིག་མ་ཕུལ་ཞེས་གཏམ་དུ་གྲགས་ནའང་། ཤེར་ཕྱིན་བརྒྱད་སྟོང་པའི་ནང་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་རྟོགས་བརྗོད་རྣམས་དེང་འགའ་ལ་ལྷན་ཐབས་སུ་བསྣན་པའི་སྲོལ་མཆིས་པས་དེ་མ་ཚང་བའོ་དོགས་མི་དགོས་སོ་སྙམ། དེ་ནས་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་ཆེན་གྱིས་ཐེངས་འགར་གནོད་པ་བྱུང་བས་རྡོ་ཡི་དྲྭམིག་གི་རྭ་བ་དང་ཕྱི་རོལ་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་སོགས་བཞེངས་ཏེ་གླང་པོའི་གནོད་པ་ལས་བཟློག ཡང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱི་རོལ་ལ་ལྕགས་རི་བཏབ་ནས་ནང་དུ་ལྷ་ཁང་བརྒྱ་རྩ་སོགས་མཆོད་གཞི་བཞེངས། དགེ་སློང་བདེ་བྱེད་ཀྱིས་ཐེག་ཆེན་གྱི་མདོ་རྣམས་སུན་འབྱིན་པའི་བསྟན་བཅོས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཤིག་ཤླཽཀ་སྟོང་ཕྲག་བཅུ་གཉིས་ཅན་བྲིས་པ་སློབ་དཔོན་གྱིས་ལུང་རིགས་གཉིས་ཀྱིས་ཚར་བཅད་དེ་ལྟ་བ་ལོག་པར་གནས་པ་ཐམས་ཅད་དགག་པར་མཛད། དེ་བཞིན་མུ་སྟེགས་པའི་རྒོལ་བ་ལྔ་བརྒྱ་རྣམས་རྩོད་པས་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཙུད་པ་དང་། བྱང་སྒྲ་མི་སྙན་སོགས་གླིང་གཞན་ལ་ཡང་ལོ་གྲངས་མང་པོར་རང་རང་གི་མོས་པ་དང་བསྟུན་ནས་ཆོས་བསྟན་པ་དང་། དེ་ནས་རྒྱལ་པོ་བདེ་སྤྱོད་བཟང་པོའི་མཆོད་གནས་སུ་གྱུར་ཏེ་ཤེས་པའི་སྤྲིངས་ཡིག་སོགས་གདམས་པ་མང་པོ་གནང་། ལྷ་མོ་ནོར་རྒྱུན་མ་སོགས་ལ་བསྟན་པའི་ལས་བསྐོས་ནས་མཆོད་ཅིང་བསྙེན་བཀུར་བགྱིས་པ་དང་། ནག་པོ་ཆེན་པོ་སོགས་ཆོས་སྐྱོང་བའི་སྲུང་མ་རྣམས་ལའང་འཕྲིན་ལས་ཀྱི་བྱ་བ་བཅོལ། ནམ་ཞིག་རྗེ་བཙུན་སྒྲོལ་མས་ཐུགས་དམ་བསྐུལ་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་ཐུགས་སྒྲུབ་པ་ལ་མཉམ་པར་བཞག་པས་ས་དང་པོའི་གོ་འཕང་ཐོབ། སྐུ་མཚན་བཟང་སོ་གཉིས་སོགས་འཕགས་པའི་ཡོནྟ་ཇི་བཞིན་བརྙེས། དེ་ལྟར་སློབ་དཔོན་འཕགས་པས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན་དེའི་ཚེ་དེའི་དུས་སུ་བདུད་སྟིག་ཏོ་ཅན་ཕྲག་དོག་གིས་རྒྱལ་པོ་བདེ་སྤྱོད་བཟང་པོའི་བཙུན་མོའི་མངལ་དུ་ཞུགས་ནས་སྲས་ཤིག་བཙས་ཏེ་རྒྱལ་བུ་གཞོན་ནུ་ནུས་ལྡན་ཅེས་བྱ་བར་གྱུར་ཏེ། འཕགས་པ་ཀླུ་སྒྲུབ་ནི་འཆི་མེད་ཚེ་ཡི་བྱིན་གྱིས་བརླབས་ཤིང་མཆོག་གི་དངོས་གྲུབ་ཐོབ་པའི་བླ་མ་དང་རྒྱལ་པོ་ཡང་དད་ཅན་ཐུགས་ཡིད་གཅིག་ཏུ་འདྲེས་པའི་དངོས་སློབ་ཅིག་ཡིན་པས། དེ་ནས་ཉིན་གཅིག་མས་འཇིག་རྟེན་ན་ཐོབ་པར་དཀའ་བ་སྲུབ་མེད་པའི་གོས་རིན་ཐང་ཅན་ཞིག་བུ་ལ་བྱིན་པས། བུ་ན་རེ། ད་ལྟ་མི་དགོས་ནམ་ཞིག་རྒྱལ་སྲིད་ཐོབ་པའི་དུས་སུ་དགོས་ཟེར། མས་བུ་ཁྱོད་རྒྱལ་སྲིད་ལ་དབང་བའི་དུས་མི་ཡོང་། ཡབ་རྒྱལ་པོ་ནི་འཕགས་པའི་ཚེ་ཡི་བྱིན་གྱིས་བརླབས་པའི་ཡུན་རིང་ལ་འདས་དུས་དཀའ་ལ་སྔར་ཡང་ཐུ་བོ་དུ་མ་ཞིག་གྲོངས་ཟེར། དེ་ནས་བུ་མྱ་ངན་སྐྱེས་ཤིང་ངུས་པས། མས་བུ་ཁྱོད་མྱ་ངན་མ་བྱེད་ཐབས་ཡོད་ཀྱི་སློབ་དཔོན་ཀླུ་སྒྲུབ་ནི་འཕགས་པ་ཡིན་པས་དབུ་བསླང་ན་སྦྱིན་ཡོང་། དེས་ན་རྒྱལ་པོ་ཡང་དུས་འདའ་བར་འགྱུར་བས་བུ་ཁྱོད་རྒྱལ་སྲིད་ལ་དབང་དུ་བྱ་བའི་དོན་དེ་འགྲུབ་ཡོང་ཟེར། དེ་ནས་བུ་དེ་འཕགས་པ་ཀླུ་སྒྲུབ་ཀྱི་དྲུང་དུ་སོང་ནས་དབུ་བསླངས་པས་གནང་བར་ཞལ་གྱིས་ཞེས་པར་ཁོས་རལ་གྲིས་བཅད་པས་ཀྱང་མ་ཆོད། སློབ་དཔོན་གྱི་ཞལ་ནས་ངས་མཚོན་གྱིས་བསད་པའི་ལས་སྒྲིབ་ནི་བསྐལ་མང་སྔོན་ནས་དག་ཟིན་པས་མཚོན་གྱིས་གནོད་པ་མི་ཡོང་། སྔོན་རྩྭའི་འཇག་མ་ཞིག་བཅད་སྐབས་སོར་མོའི་བར་ནས་འབུ་ཞིག་ཤི་བས་དེའི་རྣམས་སྨིན་ལྷག་མ་ཡོད་པས་ཁྱོད་ཀྱིས་རྩྭ་ཀུ་ཤས་གཅོད་ན་ཆོད་ཡོང་གསུངས་པ་དང་དེ་ལྟར་བྱས་པས་དབུ་ས་ལ་ལྷུང་བའི་མོད་ལ། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ །ཕྱི་ནི་ལུས་འདི་ལ་ནི་འཇུག་པར་གྱུར། །ཞེས་སྒྲ་གྲགས་ཏེ་ཞི་བར་གཤེགས་སོ། དེ་ནས་རྒྱལ་བུ་དེ་ཉིད་ཀྱིས་དབུ་སླར་ཡང་འབྱར་བར་དྭོགས་ནས་དཔག་ཚད་ཙམ་དུ་དོར། སློབ་དཔོན་ནི་ཚེ་ཡི་བཅུད་མེན་དངོས་གྲུབ་བརྙེས་པས་སྐུ་ལུས་གཉིས་ཀ་རྡོ་རུ་གྱུར་ཏེ་དེང་སང་རྡོ་སྐུ་དེ་ཉིད་མ་ཉམས་པར་མཇལ་རྒྱུ་ཡོད་སྐད། སྐུ་ལུས་སྟོད་སྨད་དེ་ལོ་རེར་ཇེ་ཉེ་རུ་འགྲོ་སྟེ་ནམ་ཞིག་དབུ་དང་སྐུ་ལུས་གཉིས་འབྱར་ནས་སླར་ཡང་ཟབ་མོ་དབུ་མའི་ཆོས་འཁོར་སྐོར་ཞིང་བསྟན་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པར་འགྱུར་རོ། །

དེས་ན་ད་ལྟ་རང་རེས་དབུ་མའི་གཞུང་ལ་ཐོས་བསམ་དཔྱིས་ཕྱིན་པར་གནང་ནས་དབུ་མའི་སྨོན་ལམ་འདི་བཞིན། ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེ། །སྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་སྐོར་ནས། །མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེ་ཚེ་ཤེས་བྱའི་ཆོས་ཉིད་ནམ་མཁའི་མཐའ། །གཞལ་བའི་རྣམ་དཔྱོད་མཚུངས་པ་ཡིས། །ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །འཕགས་པའི་དགོངས་པ་འཁྲུལ་མེད་རྟོགས་པར་ཤོག །ཅེས་མཁན་པོ་གཞན་དགའི་གསུངས། གཞན་ཡང་དབུ་མའི་སྨོན་ལམ་འདི་ལྟ་བུ་སོགས་རྒྱུན་ཆགས་སུ་བཏོན་ན་སྨོ་ལམ་འགྲུབ་ངེས་ཡིན་ཅེས་བཤེས་གཉེན་དམ་པའི་ཞལ་ལས་ཀྱང་ཐོས། དཔལ་གྱི་མགུལ་ནས་བལྟམས་པའི་འཕྲིན་ལས་ཀྱི་ཆོས་ཚན་བརྒྱ་ཕྲག་མང་པོ་བཞུགས་ནའང་རེ་ཞིག་ཁ་བའི་ལྗོངས་སུ་ལོ་པན་གྱིས་བསྒྱུར་བས་བསྟན་འགྱུར་ནང་དུ་བཞུགས་པའི་བཀའ་དང་པོའི་དགོངས་འགྲེལ་དུ་གྱུར་པ་གཏམ་ཚོགས་སྐོར་དང་། བར་པའི་དགོངས་འགྲེལ་དུ་དབུ་མ་རིགས་ཚོགས་སྐོར་དང་། ཐ་མའི་དགོངས་འགྲེལ་དུ་ཆོས་དབྱིངས་བསྟོད་ཚོགས་སྐོར་སོགས་མདོར་ན་ཕྱི་རབས་གདུལ་བྱ་རྣམས་ཀྱི་དོན་དུ་མདོ་རྒྱུད་ཀྱི་དགོངས་འགྲེལ་བསྟན་བཅོས་བརྒྱ་ཕྲག་ལྷག་ཙམ་ཞིག་དུས་ད་ལྟའི་བར་དུའང་རང་རེ་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས། དེས་ན་སློབ་དཔོན་གྱི་གསུང་ལས་སྐྱེས་པའི་དངོས་སློབ་ནམ་མཁའི་སྐར་ཚོགས་བཞིན་བགྲང་ལས་འདས་པ་ཞིག་ཡོད་ནའང་ལམ་སྲོལ་རྒྱུད་འཛིན་གནང་མཁན་གཙོ་བོ་ཐུགས་སྲས་ཆེན་པོ་བཞི། ས་བརྒྱད་ནོན་པ་འཕགས་པ་ལྷ། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ན་ག་བྷོ་དྷི། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྒཱི་དང་བཞིའོ། །ཉེ་བའི་ཐུགས་སྲས་གསུམ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་དང་གསུམ་སྟེ་བདུན་ནོ། དེ་དག་གི་ནང་ནས་ཀྱང་ཨརྻ་དེ་ཝ་ནི་མདོ་སྔགས་གཉིས་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སློབ་དཔོན་གྱི་དགོངས་པ་ཇི་བཞིན་དུ་གཏན་ལ་ཕབ་ཅིང་། ཉིད་ཀྱི་ཀྱང་བསྟན་བཅོས་མང་དུ་མཛད་དེ་ཐུན་མོང་མ་ཡིན་པའི་ཐུགས་སྲས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས་སློབ་དཔོན་ཡབ་སྲས་གཉིས་ཞེས་འཕགས་ཡུལ་དུ་མཚན་སྙན་རླུང་ལྟར་ཁྱབ་བོ། །

དེས་ན་རྒྱལ་བསྟན་གྱི་དགོངས་པ་མཐར་ཐུག་པའི་རྟོགས་བྱ་ནི་ཟབ་མོ་དབུ་མའི་དོན་ཡིན་ཅིང་དེ་ཉིད་འཛིན་སྐྱོང་སྤེལ་གུསམ་གནང་སྟེ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་བཞེས་ནས་འཇིག་རྟེན་གྱི་ཁམས་ལ་ཐེག་ཆེན་གྱི་བསྟན་པ་འདི་ཉི་མའི་སྣང་བ་བཞིན་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པ་དེ་ནི་སློབ་དཔོན་འཕགས་པ་གང་གི་ཐུགས་བསྐྱེད་ཀྱི་འཕྲིན་ལས་འཕོས་པ་གོར་མ་ཆག སློབ་དཔོན་གྱི་གསུང་རབ་ཅི་ཙམ་བཞུགས་ཡོད་པའི་སྐོར་གཤམ་དུ་སྡེ་བསྟན་དཀར་ཆགས་ལས་བཏུས་ཏེ་མཚན་གྲངས་བཀོད་ཡོད་པས་དེར་གཟིགས་འཚལ། འོད་ཏེ་མཁས་དབང་དགེ་ཆོས་ཀྱི་ཞལ་ནས། འོས་ཀྱང་རང་འགྲེལ་ག་ལས་འཇིགས་མེད་དུ་གྲགས་པ་ནི་བོད་དུ་བསྒྱུར་བ་འདི་ཉིད་ཁོ་ནས་ལས་མེད་པར་འདུག འགྲེལ་བ་དེ་ཡང་རང་བྱེད་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པའི་ཕྱིར་རང་འགྲེལ་མི་ཅེས་རྗེ་བདག་ཉིད་ཆེན་པོས་གསུངས། བླ་མ་བྱམས་པ་རིན་པོ་ཆེའི་སྣར་ཐང་བསྟན་འགྱུར་གྱི་དཀར་ཆག་ཏུ་རང་འགྲེལ་ག་ལས་འཇིགས་མེད་ཅེས་བགྲང་བ་ལ་རྗེའི་གསུང་དང་འགལ་ཞེས་མཁས་པ་རྣམས་གསུངས་ཀྱང་། སྣར་ཐང་གི་དཀར་ཆག་དེ་ནི་བུ་སྟོན་གྱི་དཀར་ཆག་ལ་དཔེ་ཞུས་ཏེ་མཐའ་ན་བར་སྐབས་ཀྱི་ཙིགས་བཅད་སོགས་ཀྱང་དེ་ཀར་བཞག་ཡོད་པ་བཀླགས་པས་ཤེས། དོགས་པ་ཤིན་ཏུ་ཆེ་བ་ནི་ག་ལས་འཇིགས་མེད་ཀྱི་ལེའུ་ཐ་མ་ལྔ་ཀ་སངས་རྒྱས་བསྐྱངས་ཀྱ་འགྲེལ་བ་དེ་ཀ་རང་འདུག དེའི་རྒྱུ་མཚན་གྱིས་སངས་རྒྱས་བསྐྱངས་ཀྱི་ལེའུ་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པ་ཡང་ག་ལས་འཇིགས་མེད་དུ་སླེབས་པར་འདུག འོན་ཀྱང་འགྱུར་ཅུང་ཟད་མིའདྲ་བ་རེ་འདུག་པས་གཞུང་དེ་གཉིས་བོད་རང་ནས་བསྲེས་པ་ནི་མིན་པར་འདུག་བོད་དབུ་མ་པ་ལུང་བ་དག་ན་མཁས་པ་བུས་དོགས་སློང་ཙམ་ཡང་ད་ལྟའི་བར་མེད་པ་ནི་ཤིན་ཏུ་ངོ་མཚར་སྙམ། ཞེས་ཀྱང་གསུངས་སོ། །སྐུའི་ཆ་ལུགས་ནི། སྐུ་མདོག་ཅུང་ཙམ་སྨུག་ལ་དབུ་ཙམ་གཡོན་ལ་ཕྱོགས་པ། སྟེང་ནས་ཀླུ་རྒྱལ་འཇོག་པོས་ཕུལ་བའི་་སྦྲུལ་གྱི་གདེང་ཀ་བདུན་གྱིས་བརྒྱན་པ། ཆོས་གོས་རྣམ་གསུམ་གསོལ་ཞིང་། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཞབས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་པད་ཟླའི་གདན་སྟེང་དུ་བཞུགས་པའོ།།

སླར་སྨྲས་པ།

རྒྱལ་བའི་ལུང་གིས་མངོན་པར་བསྟོད་དེ་རྒྱལ་སྲས་ཟུར་ཕུད་ལྔ་པས་ཀྱང་། །དཔལ་གྱི་མགུལ་ནས་ལེགས་བཤད་བཏབ་སྟེ་ང་ཁྱོད་ཁས་ལེན་དམ་བཅའ་བྲལ། །སྟོང་དང་རྟེན་འབྱུང་གླུ་དབྱངས་གྱེར་ཏེ་ས་འོག་ཀླུས་ཀྱང་གར་ལ་རྩེན། །མདོར་ན་རྟེན་འབྱུང་སྨྲ་བ་ཆེན་པོ་དཔལ་མགོན་ཀླུ་ཡི་དབང་པོར་འདུད།།

 

ཆོས་ཀུན་གཤིས་བབས་ཀློང་གྱུར་ཡང་། །

ཆོས་འདུལ་ངུར་སྨྲིག་རྗེས་སུ་འཛིན།།

ཆེས་རྗེ་དབུ་མའི་ཤིང་རྟ་གང་། །

ཆོས་སྨྲ་ཉན་ཐོས་པས་ཀྱང་བསྟོད།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

 

 

 

 

༢༽ སློབ་དཔོན་འཕགས་པ་ལྷའི་རྣམ་ཐར་ནི། དེ་ཉིད་ལས།

 

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག།

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན།།

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ།།

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་རྒྱལ་བའི་ལུང་གི་ཟིན་ཚུལ་ནི། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། འཕགས་པ་མིན་ཡང་འཕགས་པའི་མིང་། །སིངྒ་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་་བཟློག་བྱེད་ཅིང་། །མུ་སྟེགས་རྣམས་ཀྱི་སྔགས་སུ་འབྱིན། །ཞེས་དང་། །ཟླ་གྲགས་ཀྱི་བཞི་བརྒྱ་པའི་ཊིཀ་ཆེན་ལས། སིངྒ་ལ་ཡི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཤིག་སྟེ་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་འབྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར་ཞིང་། ཞེས་གསུངས་པས་ཇོ་ནང་ཏཱ་ར་ན་ཐ་སོགས་མཁས་པ་འགས་མངལ་སྐྱེས་སུ་འདོད་པ་དང་། ཡང་པཎྜི་ཏ་རྡོ་རྗེ་གདན་པས། བླ་མ་ལ་གུས་དངོས་གྲུབ་བརྙེས། །པདྨ་ལས་འཁྲུངས་ལུས་མཆོག་མཛེས། །ཨརྻ་དེ་ཝ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ།།

ཞེས་གསུངས་པས་སིངྒ་ལའི་གླིང་དུ་པདྨ་ལས་བརྫུས་ཏེ་སྐྱེ་ཚུལ་བུ་སྟོན་སོགས་མཁས་པ་འགས་ཀྱང་དེ་ལྟར་འདོད། དེས་ན་ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩཤྲཱིངྒྲ་ཞེས་བྱ་བའི་སྐྱེད་མོའི་ཚལ་ལམ་ལྡུམ་རའི་མེ་ཏོག་རྣམ་པ་སྣ་ཚོགས་པས་ཀུན་ཡིད་དུ་འཔང་བ་ཞིག་པདྨའི་ཚང་ཚིང་གི་ཀློང་དེར་མེ་ཏོག་གཞན་རྣམས་ཉིན་ལ་ཁ་འབྱེད་ཅིང་མཚན་ལ་ཟུམ་ནས་དད་པར་འགྱུར། དེའི་ནང་ནས་མེ་ཏོག་གོང་བུ་གཅིག་ནི་ཡུན་རིང་མོ་ཞིག་ནས་ཁ་ཟུམ་ཞིང་ཁ་འབྱེད་པར་མི་སྤྲོ་བཞིན་འཁྱིལ། ཉིན་གཅིག་ལྡུམ་ར་བས་རྒྱལ་པོའི་དྲུང་དུ་དེ་བཞིན་ཞུས་པད་དང་། རྒྱལ་པོས་ཅི་ཡིན་ནམ་སྙམ་སྟེ་བརྟག་པས་རིགས་སྲས་ངོ་མཚར་ཅན་ཞིག་བལྟམས་པའི་ལྟས་སུ་མངོན་ནོ་དགོངས་ཏེ་ལྡུམ་ར་བ་དེར་ལེགས་པར་དྲན་ཤེས་ཀྱིས་གཉེར་བར་གྱིས་ཤིག་གསུངས། དེ་ནས་ནམ་ཞིག་དུས་སུ་བབས་པའི་སྐབས་ན་པདྨོའི་འདབ་མ་དེ་ཉིད་ཁ་བྱེ་བའི་སྦུབས་ནས་ཁྱེའུ་མཚན་ལྡན་ཡིད་དུ་འོང་བ་ཞིག་བཞད། རྒྱལ་པོའང་དེ་མ་ཐག་དགའ་ཞིང་ངོ་མཚར་ཏེ་རང་ཉིད་ལ་བུ་མེད་པས་བུར་བཟུང་ནས་བརྩེ་ཞིང་གུས་པས་བསྙེན་བཀུར་གྱི་བསྐྱེད་དུ་བསྲིངས་ནས་ཆེར་ལོན་པ་ན་རྒྱལ་སྲིད་ལ་མངའ་གསོལ་ཡང་། དུས་མི་རིང་བ་ཞིག་ན་འཇིག་རྟེན་འདོད་ཡོན་གྱི་གནས་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ཏེ་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་ཧི་མ་དེ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར་ཏེ་མཚན་ལ་ཨརྻ་དེ་ཝ་ཞེས་གསོལ་ཏོ། །

ཡང་ཁ་ཅིག་གིས་མངལ་སྐྱེས་སུ་འདོད་ན་སློབ་དཔོན་ཟླ་བའི་ལུང་དང་འགལ་བས་ཉེས་པ་མི་འགྱུར་རམ་སྙམ་ནའང་ཚིག་ཟིན་ལ་བདེན་མོད་ཀྱང་། དོན་དུ་སིངྒ་ལའི་རྒྱལ་པོ་པཉྩི་ཤྲཱི་གའི་ཁོང་ལ་སྲས་མེད་པའི་སྲས་ཀྱི་ཚབ་ལ་དེའི་སྲས་ཞེས་བརྗོད་ན་མི་འགལ་ཞིང་། མ་ཟད་སློབ་དཔོན་ཟླ་བས་བརྫུས་སྐྱེས་མིན་གསུངས་མེད་པ་དང་། རྟ་དབྱངས་ལ་མངལ་སྐྱེས་ཀྱི་ཟིལ་གྱིས་མི་གནོན་པའི་ཐུན་མོང་གི་དངོས་གྲུབ་ཐོབ་ཡོད་པ་དང་། ཨཱརྱ་དེ་ཝར་བརྫུས་སྐྱེས་ཀྱི་ལུང་གི་ཟིན་པའང་སོགས་རྒྱུ་མཚན་དེ་དག་ལས་བརྫུས་སྐྱེས་སུ་འདོད་ནའང་འགལ་བ་ཆེར་མ་མཐོང་། དེས་ན་གཙུག་ལག་ཕྲེང་བས། པདྨ་ལས་རྫུས་སྐྱེས་སུ་བྱུང་། དེའི་རྒྱལ་པོར་བུར་བཟུང་། ཞེས་གསུངས་སོ། །

དེ་ལྟར་སྔོན་གྱི་སྨོན་ལམ་བཟང་པོས་མཚམས་སྦྱར་དུས་སུ་སྨིན་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ལ་ཡུལ་དུ་ལྟ་བའི་ཕྱིར་དུ་ཡོང་བ་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་སུ་ཕྲད་དེ་སློབ་དཔོན་གྱི་ཉེ་གནས་སུ་གྱུར་ཏེ་བཅུད་ལེན་སོགས་གདམས་པ་མང་པོ་གནང་སྟེ་དངོས་གྲུབ་ཐོབ། རིག་པའི་གནས་ལྔའི་རྩ་ལག་དང་བཅས་པ་ལ་སྦྱང་སྟེ་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་འཆད་རྩོད་རྩོམ་གསུམ་གྱི་བསྙེངས་པ་མི་མངའ་ཞིང་མཁས་པའི་རྩེ་མོར་སོན་ཏོ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་ལས། འདིས་ས་བརྒྱད་པ་མི་གཡོ་བ་བརྙེས་པའི་ཕྱིར་འཕགས་པའོ། །

དེ་ཉིད་རབ་ཏུ་མཛེས་པའི་ལྷ་སྟེ་གང་གི་ཚེ་མཆོག་སྲེད་ལ་སོགས་པ་བཏུལ་ནས། ཞེས་གསུངས་པས། མཆོག་སྲེད་ཅེས་པ་འདི་མུ་སྟེགས་རྟ་དབྱངས་ལ་གོ་དགོས་སོ་སྙམ། རྟ་དབྱངས་དེ་ནི་སྐབས་དེ་ཙ་ན་ལྷོ་ཕྱོགས་ཀྱི་ཡུལ་ཡབ་བྲམ་ཟེ་སྨན་པ་དགེ་འདུན་གསང་བ་དང་། ཡུམ་རཏྣའི་སངྷི་གཉིས་ཀྱི་སྲས་སུ་འཁྲུངས། ལ་ལས་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་འཁྲུངས་པར་འཆད། གང་ལྟར་འཕགས་ཡུལ་གྱི་ལུགས་ལྟར་བྱིས་པ་རྣམས་ཆུང་ངུའི་དུས་མཚན་མཁན་ལ་བརྟགས་པའི་སྲོལ་གྱི་མཚན་མཁན་གྱིས་ལག་རིས་སུ་བུམ་པ་ཨ་རུ་རས་མཚན་པ་མཐོང་ནས། མཛེས་ཅན་སྨན་གྱི་བུམ་པ་ཐོགས། །དྲི་ཞིམ་མདངས་དང་ལྡན་གྱུར་པ། །དགའ་བའི་ཚུལ་གྱི་ལྟ་བྱེད་པ། །ཟུག་རྔུ་སེལ་བྱེད་རྒྱལ་གྱུར་ཅིག །ཅེས་ཤིས་པ་བརྗོད་དེ་མིང་ལའང་བདུད་རྩིའི་བུམ་པ་ཞེས་བཏགས། ཡང་སྐྱེས་མ་ཐག་ཏུ་རྟ་སྐད་འཚེར་བས་བྲམ་ཟེ་རྟ་སྐད་ཅན་ནམ་ཡོངས་གྲགས་བྲམ་ཟེ་རྟ་དབྱངས་ཞེས་འབོད་པ་དང་། ཆེར་ལོན་པ་ན་ཕ་མ་གཉིས་ལ་ཤིན་ཏུ་གུས་བཀུར་བསྒྲུབས་པས་ཕ་ཁོལ་ལམ་མ་ཁོལ་ཞེས་ཀྱང་གྲགས། གང་དེས་འདོད་ལྷ་གཙུག་ན་ཟླ་བའམ་ལྷ་ཆེན་དབང་ཕྱུག་འདི་ཉིད་ཞག་བདུན་དུ་བསྒྲུབས་པས་གྲུབ་སྟེ་ནག་པོ་ཐུབ་རྒྱལ་ཞེས་བཏགས། དེས་གང་དུ་ཞལ་བསྟན་པ་ཙམ་གྱིས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཞུས་ཀྱང་མངལ་སྐྱེས་སུ་གཏོགས་པར་སུས་ཀྱང་ཚར་གཅོད་མི་ཐུབ་པའི་དངོས་གྲུབ་བྱིན།

གཞན་ཡང་འདོད་ལྷས་རང་གི་འཁོར་རྣམས་ལའང་བྱིན་གྱིས་བརླབས་ཏེ། དེའང་ལྷ་མོ་དབྱངས་ཅན་མས་སྲིང་མོ་པཎྜི་ཏར་སྤྲུལ་ཞིང་རྩོད་ལན་ཐམས་ཅད་བརྗེད་པ་དྲན་ནས་འཆད་ནུས་པ་དང་། ཡང་ལྷ་ཚངས་པས་ནེ་ཙོ་པཎྜི་ཏར་སྤྲུལ་ཞིང་རྩོད་ལན་ཐམས་ཅད་གཞན་གྱི་སྨྲ་བའི་སྐྱོན་ལ་རྩོད་ནུས་པ་དང་། ཡང་ལྷ་ཆེན་ཁྱབ་འཇུག་གིས་པྲ་ཎ་པཎྜི་ཏ་ཞེས་ཐོད་ལེ་ཀོར་བསྐྱུར་བས་རྩོད་ལན་ཐམས་ཅད་བྲིས་པའི་རང་བཞིན་དུ་འཆར་བའི་ནུས་པ་སྟེ་མདོར་ན་འཆད་རྩོད་རྩོམ་གསུམ་གྱི་དངོས་གྲུབ་བྱིན་པ་ཞིག་གོ །

དེ་ནས་བཟུང་ཏེ་ཨོ་ཊི་བི་ཤ་དང་། གོ་ར་ཏ་དང་། ཏི་ར་ཧུ་ཏི་དང་། ཀ་མ་རུ་པ་སོགས་ཡུལ་ཕྱོགས་ཀུན་ན་ནང་པའི་བསྟན་པ་ཉུལ་ཏེ་སློབ་དཔོན་མང་པོར་རྩོད་པས་ཕམ་པར་བྱས་ཤིང་། ཕྱི་རོལ་པའི་གྲུབ་མཐའ་ལ་ཞུགས་དགོས་པ་བྱུང་། ད་དུང་ཡིད་མ་ཚིམས་པས་ང་རྒྱལ་ཆེར་སྐྱེས་ཀྱང་རང་གི་མ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཅན་ཞིག་ཡིན་པས། མ་ཡིས་བསམ་པར་ཀླུ་སྒྲུབ་ནི་འཕགས་པ་ཡིན་ཅིང་། ཕྱི་རོལ་པའི་གྲུབ་མཐའ་ལའང་ཤིན་ཏུ་མཁས་པའི་མཚན་སྙན་གྲགས་པ་ཞིག་ཡིན་པས་དེས་འདུལ་བར་ནུས་སོ་སྙམ་སྟེ། བུ་ཁྱོད་བསྟན་པ་ལེན་མི་ཤེས་སོ་ཞེས་སྨྲས། འོ་ན་ཇི་ལྟར་བྱ་ཞེས་དྲིས་པས། རྟ་ཡི་སྤུ་ཙམ་ལ་འཇུས་ན་རྟ་མི་ཐུལ་རྟ་ཡི་མགོ་བོ་འཇུས་ན་ཐུལ་བ་ལྟར། ཡུལ་དབུས་སུ་ནལནྡཱའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཕམ་པར་བྱས་ན་ཡུལ་ཕྲན་གཞན་དུ་གནས་པའི་ནང་པའི་སློབ་དཔོན་ཐམས་ཅད་རང་བཞིན་གྱིས་གུས་འདུད་འོང་ངོ་ཞེས་བསྐུལ། རྟ་དབྱངས་ཀྱིས་རང་གི་མས་སྨྲས་པ་བཞིན་འཁོར་དང་བཅས་ཏེ་ཡུལ་དབུས་སུ་ཕྱིན་ནས་ནལནྡྲའི་གཙུག་ལག་ཁང་དུ་འབྱོར་བ་དང་། ཁོའི་བསམ་པར་ཀླུ་སྒྲུབ་དེ་བདག་གིས་ཐུབ་བམ་མི་ཐུབ་སྙམ་པའི་བློ་དོགས་ཤིག་སྐྱེས། ནང་པའི་པཎ་ཆེན་ལྔ་བརྒྱས་མུ་སྟེགས་རྟ་དབྱངས་འདི་ཉིད་ལ་ཀླུ་སྒྲུབ་མ་གཏོགས་རྩོད་ནུས་པ་སུ་ཡང་མེད་པར་སེམས་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ནས་ཡུལ་དབུས་བར་ཡུན་ཇི་ཙམ་འགོར་བའི་དུས་མཚམས་བཟུང་སྟེ། དེར་ཉིན་ཞག་སུམ་ཅུ་ནས་རྩོད་པའི་དུས་སུ་བསྒྲགས། དེ་ནས་གཙུག་ལག་ཁང་ཆོས་སྐྱོང་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་དོན་དེ་རྣམས་ཡི་གེར་བྲིས་ཏེ། ཇི་སྐད་དུ།

ཤིན་ཏུ་འཁུར་དཀའ་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །ཀྱེ་མ་རྨ་མེད་ཉིད་དུ་རོལ་པ་འབའ་ཞིག་གིས་ནི་འཁྲུགས་བྱེད་དམ། །འདི་ན་ནུས་ལྡན་གནས་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲངས། །བལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་གསུངས་པ་ཞིག་བྲིས་ཏེ་བཅོལ་བའི་འཕྲིན་ལས་གཏད་ནས་བྱ་རོག་གི་རྣམ་པ་ཅན་ཐུགས་ཀ་ནས་བྱུང་བས་སྐབས་དེར་ཀླུ་སྒྲུབ་ཡབ་སྲས་དཔལ་གྱི་རི་ལ་བཞུགས་པར་དེར་འཕྲིན་ཡིག་དེ་བསྐྱལ་ཏེ། འཕགས་པས་གཟིགས་པ་དང་འབྱོན་པར་བརྩམས་ཀྱང་ཨརྻ་དེ་ཝས་འཕགས་པ་འབྱོན་པར་མ་མཆིས་ཁོ་བོས་འདུལ་ནུས་པར་ཁས་བླངས། འཕགས་པས་ཁོང་གིས་འདུལ་བའི་སྐལ་བ་ཡོད་པར་མཁྱེན་ཀྱང་མ་མཁྱེན་པའི་ཚུལ་མཛད་ནས་ངས་མུ་སྟེགས་པའི་གྲུབ་མཐའ་དམ་བཅའ་ཡི། ཁྱོད་ཀྱིས་དེ་ཚར་བཅད་པར་མི་ནུས་ན་མུ་སྟེགས་ཀྱི་རྩོད་པ་ལས་རྒྱལ་བར་མི་ནུས་པས། རིགས་པས་འགྲན་རྩོད་གནང་དགོས་ཞེས་གསུངས་ནས་ཡབ་སྲས་གཉིས་རྩོད་པ་བགྱིས་ཏེ། རིགས་པའི་སྒོ་གང་ནས་ཀྱང་སློབ་དཔོན་ལ་ཨརྻ་དེ་ཝས་ཚར་བཅད་མ་ནུས་པས། བླ་མ་ནི་མུ་སྟེགས་པའི་གྲུབ་མཐའ་ལ་ཤན་ཞུགས་པ་ཡིན་ནམ་སྙམ་སྟེ་བློ་ཐེ་ཚོམ་ཞིག་སྐྱེས། འོན་ཀྱང་བླ་མས་བུ་ཁྱོད་སོང་ཤིག་སྔོན་གྱི་སྨོན་ལམ་ཡོད་པས་རྒོལ་བ་དེ་རྣམས་བཟློག་ནུས་སོ་ཞེས་གསུངས།

དེ་ནས་ནལནྡཱར་ཕེབས་པར་ལམ་བར་དུ་ཤིང་གི་ལྷ་མོས་མིག་བསླངས་པས་སྦྱིན་པར་མཛད་ཀྱང་སླར་བྱིན་གྱིས་བརླབས་མ་ནུས་པས་དེའི་རྣམ་སྨིན་གྱིས་ཡིན་གསུངས་ཏེ་སྤྱན་ཡ་གཅིག་ལས་མེད། མཐར་ནལནྡཱར་བྱོན་ཏེ་གྲལ་དབུས་ན་བཞུགས་པར་རྟ་དབྱངས་འོང་སྟེ་གྲངས་རྩིས་བྱས་ནས་ལྔ་བརྒྱ་དང་གཅིག་འདུག་པས་སྔར་མེད་པའི་དགེ་སྦྱོང་མགོ་རིལ་དེ་གང་ནས་ཡོང་དྲིས་པས་མགོ་རིལ་སྐེའི་སྟེང་ན་ཡོད་ཅེས་ལན་བཏབ། ཡང་བྱིའུ་ཞིག་འཆང་པར་བཟུང་ནས་འདི་ཉིད་ཤིའམ་མི་ཤི་ཟེར། ཁྱོད་རང་ལ་རག་ལས་ཡོད་ཅེས་གསུངས། ཐེམ་པའི་སྟེང་དུ་འདུག་སྟེ་ང་ཕྱིའམ་ནང་དུ་འདུག་ཡོད་དམ་ཟེར། ཁྱོད་རང་སྤྱོད་ལམ་ལ་རག་ལས་ཡོད་ཅེས་གསུངས་སྟེ་ཁོ་ཡིས་ལན་མ་རྙེད་དོ། །དེ་མ་ཐག་ཁོས་མིག་འབུར་ཚུགས་སུ་བལྟས་ཏེ་ཞར་བ་ཞེས་ཚིག་ངན་སྨྲས། སློབ་དཔོན་གྱིས།

དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །

བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །

ཨརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །

སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །

ཞེས་གསུངས་ཏེ་རང་རང་གི་བསྟན་པ་རུ་མཚོན་དུ་བཀོད་དེ་སྒྲུབ་དང་སུན་འབྱིན་པའི་རིགས་ལམ་གྱིས་ཚར་བཅད། དེའི་གྲོགས་སུ་གོང་གི་དངོས་གྲུབ་གསུམ་ཐོབ་པས། དེས་ཀྱང་མཐུབ་ན་དབང་ཕྱུག་རང་ཉིད་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་པས་ཁས་བླང་ཡང་འཕགས་པས་རིམ་པ་ལྟར། འབྲུ་མར་གྱི་བུམ་པ་དང་། དགེ་བསྙེན་སྤྱི་བརྟོལ་སྨྲ་བ་དང་། བྱི་ལ་དང་བཅས་ཏེ་གསུམ་བཞག་སྟེ་དོན་དེ་རྣམས་མ་འགྲུབ། མཐར་ལྷ་ཆེན་དབང་ཕྱུག་ལ་ཞུས་ཀྱང་ཕྱོགས་ཐམས་ཅད་ལ་རིག་སྔགས་ཀྱིས་བཅིངས་ཤིང་ལྷམ་ཀྲད་དང་གོས་ཧྲུལ་སོགས་ཀྱིས་གཡོགས་པས་ལྷ་ཆེན་དེའི་འོག་ཏུ་ཉེ་བར་མ་ནུས། དེ་ནས་ཚངས་པའི་འཇིག་རྟེན་དུ་འགྲོ་བར་སེམས་ཀྱང་བརྫུ་འཕྲུལ་གྱིས་ལམ་བཀཀ དེ་ལྟར་ཕམ་པར་བྱས་པས་སྐྱོ་ཞིང་ཆུ་བོ་གངྒཱར་ལྕེབས་པར་བརྩམས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་རྗེས་སུ་བཟུང་བའི་ཕྱིར་འཕགས་པས་ཐུགས་བསྐྱེད་བྱིན་གྱིས་བརླབས་ཏེ་སྡེ་སྣོད་གསུམ་གྱི་གླེགས་བམ་མང་པོ་ཡོད་པའི་གཙུག་ལག་ཁང་དུ་བཙུད། སྨོན་ལམ་གྱི་དབང་གིས་གླེགས་བམ་རྣམས་བལྟས་པས། འཇམ་དཔལ་རྩ་རྒྱུད་ལས།

དགེ་སློང་མང་དུ་ཐོས་པ་ནི། །དེ་ཡིི་ཚེ་ནི་འབྱུང་འགྱུར་བ། །

མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །

ཇི་ལྟར་ཡོནྟ་བཟང་པོ་ནི། །ཇི་ལྟར་བཞིན་དུ་བརྗོད་པར་འགྱུར། །

ཀུན་ནས་སེམས་ཅན་ནི་རབ་དང་ཞིང་། །

སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །

བསྒྲུབ་དཀའ་སྔགས་ནི་རབ་གྲུབ་ཅིང་། །

འཇམ་དཔལ་དབྱངས་ཀྱི་དེ་བཞིན་ནོ། །

ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །

ཞེས་གསུངས་པ་སྟེ་རང་ཉིད་རྒྱལ་བའི་ལུང་གིས་ཟིན་ཡོད་པ་མཐོང་ནས་སངས་རྒྱས་དེ་ཐམས་ཅད་མཁྱེན་པ་ཡིན་པར་ངེས་ཤེས་སྐྱེས་ཤིང་། རང་ཉིད་ཀྱི་ལྟ་བ་ནོར་བ་དང་རྒྱུ་འབྲས་ལ་བསྐུར་འདེབས་བྱས་པ་སོགས་ལ་འགྱོད་པ་དང་། དེ་ནས་བསྟན་པའི་སྒོར་ཞུགས་ཤིང་ཨརྻ་དེ་ཝའི་དྲུང་ལས་རབ་ཏུ་བྱུང་སྟེ་སྡོམ་པ་ལ་གནས། ཡང་དག་པའི་གདམས་ངག་ཉམས་སུ་བླངས་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལ་ཡན་ལག་བརྒྱད་པ་ཆེན་པོ་དང་། དེ་ལ་འཇུག་པ་དང་། དེའི་བསྡུས་པ། སྙིང་པོ་བསྡུས་པ་སྟེ་བཞི། སངས་རྒྱས་ཀྱི་སྐྱེས་རབས་སོ་བཞི་པ། སངས་རྒྱས་ཀྱི་མཛད་པ་ལ་སྙན་དངགས་ཆེན་པོས་སྦྱར་བ། བྱང་ཆུབ་སེམས་བསྒོམ་པའི་མན་ངག དགེ་མི་དགེ་བཅུ་བསྟན་པ། རྩ་ལྟུང་བཞི་པ། བླ་མ་ལྔ་བཅུ་པ། སྤྱི་བཤགས། བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སོགས་པ་མཛད་དེ་རྒྱལ་བའི་བསྟན་པ་ལ་ཤིན་ཏུ་བྱ་བ་རྒྱ་ཆེར་གནང་བའོ། །

ལྷ་སའི་བཀའ་འགྱུར་དཀར་ཆག་ནང་དུ། སྟོན་པ་འཁོར་མང་པོ་ལ་ཆོས་གསུངས་པའི་ཚེ་དབུ་ལ་བྱ་རོག་གིས་བྱ་ཐལ་བཏང་བས་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ་ཅིའི་ལྟས་ལགས་ཞེས་ཞུས་པས། སྟོན་པས་བྱ་རོག་འདི་མ་འོངས་པའི་དུས་ཕྱི་རོལ་པའི་སྟོན་པ་རྟ་དབྱངས་ཞེས་པར་གྱུར་ནས། བསྟན་པ་གནོད་པ་ཆེན་པོ་བྱེད་པའི་ལྟས་སོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ལག་ན་པདྨ་ཅན་ཞེས་བྱ་བ་ཞིག་གིས་ཕྱི་རོལ་པ་དེ་བདག་གིས་བཏུལ་ནས་ནང་པའི་བསྟན་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་། སྟོན་པས་ཀྱང་དེ་ལྟར་གནང་སྟེ་དེ་ནི་སློབ་དཔོན་འཕགས་པ་ལྷ་དེ་ཡིན་ནོ། །ཞེས་གསུངས་སོ། །

དེ་ལྟར་གསུང་ལས་སྐྱེས་པའི་སྐལ་ལྡན་སློབ་བུ་རྣམས་ཀྱང་རྒྱལ་བའི་ལུང་གིས་ཟིན་པ་དང་། བཅུ་ཕྲག་རིགས་པའི་གནས་ལ་མཁས་པའི་རྩལ་རྫོགས་པ་བགྲང་ལས་འདས་ཀྱང་། གཙོ་ཆེ་བའི་ཐུགས་སྲས་ནི་སློབ་དཔོན་རྟ་དབྱངས་སོགས་ཡིན། མཐར་སློབ་དཔོན་ཞི་བར་གཤེགས་པ་དང་དུས་མཚུངས་ཁོང་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྕི་དང་ཉེ་བའི་རམ་ག་ནཱཐ་ཞེས་བྱ་བར་སྐུ་མྱ་ངན་ལས་འདས་སོ། །

དེ་ནས་སློབ་དཔོན་འཕགས་པས་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པའི་ཚུལ་ལ། མཐའ་བྲལ་གྱི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ་དང་། བསྡུས་ཏེ་སྟོན་པ་དབུ་མ་ལག་པའི་ཚད། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། ཤེར་ཕྱིན་ཚིགས་བཅད་ཆེན་མོ། དབུ་མ་རྟེན་འབྲེལ་སྙིང་པོ་སོགས་དང་། དུག་ལྔ་སྦས་པའི་ལམ་མཆོག་གསང་བ་བསམ་གྱིས་མི་ཁྱབ་པ། སྒྲོན་མ་གསལ་བྱེད་ལེའུ་དང་པོའི་འགྲེལ་བཤད་སོགས་མདོ་སྔགས་ཀྱི་ཆོས་སྐོར་དཔག་ཏུ་མེད་པ་མཛད་དོ། །

སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་བའི་ཞལ་གྱི་རྣམ་འགྱུར་ཅུང་ཙམ་གཏུམ་པོའི་ཚུལ། སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་ཞིང་། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ས་གནོན་བཞིན་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པ། དེའི་དྲུང་དུ་བྲམ་ཟེའི་ཆ་ལུགས་ཅན་དང་། བུད་མེད་ཅིག་དང་། ནེ་ཙོ་དང་། མེ་ལོང་གི་དངོས་པོ་བཞི་འགོད། ཟུར་དུ་བྱི་ལ་དང་། བུམ་པ་དང་། བུ་ཆུང་བརྟུལ་ཞུགས་ཅན་འགོད་དེ་རྣམ་པའོ།།

སླར་སྨྲས་པ།

གང་ལ་མངལ་གྱི་དྲི་མ་མེད་ལ་འཕགས་པ་མིན་ཀྱང་འཕགས་པའི་མཚན། །གང་གི་བཤེས་གཉེན་ལྟ་ལོག་མིན་ལ་མུ་སྟེགས་མིན་ཀྱང་ཚུལ་བཞིན་འགྲན། །གང་ཁྱོད་རང་དོན་ཕྱོགས་འཛིན་མེད་ལ་སྤྱན་གཅིག་མེད་ཀྱང་རྒོལ་ངན་འཇོམས། །གང་གི་ལེགས་བཤད་དོན་ལ་སེམས་ན་རྣལ་འབྱོར་ས་ཐོབ་མིན་ནམ་ཅི།།

 

རྒྱལ་སྲིད་སྒྱུ་མའི་འཕྲུལ་འཁོར་བོར། །

རྒྱལ་དབང་ཀླུ་ཡིས་གཅེས་པའི་བུ།།

རྒྱལ་བསྟན་ཆོས་འཁོར་རབ་བསྐོར་བའི། །

རྒྱལ་སྲས་ཁྱེད་ཀྱི་རྗེས་འཛིན་ཤོག།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༣༽  སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་ནི། དེ་ཉིད་ལས།

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་ཤེས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་ནི་རྒྱ་གར་ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་བརྩེ་བ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་ཡུན་རིང་བསྟེན་ནས་མདོ་སྔགས་ཆོས་ཀྱི་གདམས་པ་མ་ལུས་པ་གསན་ཏེ་མདོར་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་སོགས་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱིས་དམ་པའི་ངང་ཚུལ་དགུ་དང་ལྡན་ཞིང་རང་གཞན་གྱི་གྲུབ་མཐའ་ལ་མཁས་པའི་ཕ་མཐར་སོན་ཏེ་སློབ་དཔོན་གྱི་ཉེ་བའི་ཐུགས་སྲས་གྲས་སུ་གྱུར། དེ་ནས་ཐུགས་མཉམ་པར་བཞག་པའི་སྒྲུབ་པ་ཁོ་ནར་ལྷུར་བླང་སྟེ་བཞུགས་བཞིན་པར་རྗེ་བཙུན་འཇམ་དཔལ་དབྱངས་ལྷག་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་ཏེ། ལམ་རིམ་གྱི་དྲོད་རྟགས་མངོན་རྟོགས་འཕེལ་ཞིང་འཕགས་པའི་ས་ལ་ཞུགས་པའི་སྐྱེས་བུ་ཆེན་པོ་འདི་ཉིད་དམ་པའི་འབྲས་རྟགས་ཡང་དག་པ་ཚང་བའོ། །ཕྱི་རབས་གདུལ་བྱའི་དོན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱིན་ཅི་ལོག་པའི་དྲི་མ་ཐམས་ཅད་སེལ་བར་བྱེད་པ་ཐེག་པ་ཆེན་པོའི་ཟབ་གནས་མཐར་ཐུག་པའི་ངེས་དོན་གྱི་དགོངས་པ་ལྟ་བའི་གཞུང་ཆེན་མོ་དབུ་མ་རྩ་བ་ཤེས་རབ་བྱ་བའི་བསྟན་བཅོས་དེ་ལ་རིགས་པའི་རྣམ་གྲངས་བརྒྱ་ཕྲག་མང་པོས་གསལ་བར་བསྟན་པའི་རྩ་ཤེར་འགྲེལ་བར་བུ་དྷ་པ་ལི་ཏ་ཞེས་བྱ་བའི་རང་ཉིད་ཀྱི་མཚན་ལས་དྲངས་ནས་བཏགས་པར་མཛད་པ་དེ་རྗེས་འཇུག་རྣམས་ཀྱི་ནང་ནས་རྒྱ་ཆེར་བཤད་པ་དང་པོ་ཡིན། དེས་ན་ཉིད་ཀྱི་རྩ་ཤེའི་ཊིཀ་ཆེད་དུ། གྲངས་ཅན་པས་བདག་སྐྱེ་འདོད་པ་འགོག་པའི་སྐབས་དེ་ཉིད་ལས། དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་སྐྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། གལ་ཏེ་ཡོད་ཀྱང་ཡང་སྐྱེ་ན་ནམ་ཡང་མི་སྐྱེ་བར་འགྱུར་བས་དེ་ཡང་མི་འདོད། དེའི་ཕྱིར་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ། །གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་འགྱུར་བའི་ཕྱིར་རོ། །བདག་དང་་གཞན་གཉིས་ལས་ཀྱང་སྐྱེ་བ་མེད་དེ་གཉིས་ཀའི་སྐྱོན་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་ཐལ་བར་འགྱུར་བའི་ཕྱིར་དང་། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་སྐྱེ་བ་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་སྐྱེ་བ་མེད་པས་སྐྱེ་བ་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་གསུངས་པའི་ངག་དོན་ལ། མྱུ་གུ་ཆོས་ཅན། ཡང་སྐྱེ་བ་ལ་དོན་མེད་དུ་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་དང་། ཡང་། མྱུ་གུ་ཆོས་ཅན། ཁྱོད་ཐུགས་མེད་དུ་སྐྱེ་བ་ཐལ། རང་གི་བདག་ཉིད་གྲུབ་ཟིན་པས་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར་སོགས་བཤད་མ་ཐག་པའི་གཏན་ཚིགས་ཐལ་འགྱུར་གྱིས་བདག་སྐྱེ་འགོག་པར་བྱས་སོ། །

དེས་ན་སྤྱིར་ཐལ་རང་གི་སློབ་དཔོན་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་གཉིས་འཇོག་པ་ཡོངས་སུ་གྲགས་ཀྱང་། ཐོག་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་དུ་འགྲེལ་བའི་སྲོལ་ཙམ་ཞིག་བཏད། ཡང་དེ་ནས་སློབ་དཔོན་ཟླ་བ་གྲགས་པས་དེའི་སྐྱེན་སྤོང་དང་ལེགས་ལྡན་འབྱེད་གྱི་ལུགས་དེར་དགག་པ་མཛད་ཐལ་འགྱུར་གྱི་ལུགས་དེ་ཤིན་ཏུ་གསལ་བར་མཛད་དོ། །ཞེས་མཁས་དབང་ལ་ལས་དབུ་མ་ཐལ་འགྱུར་བའི་ཐོག་མའི་སྲོལ་དེ་བྱུང་བ་ཡིན་ཞེས་བརྗོད་ནའང་ཐུགས་མད་དོ། །

དེས་ན་རྒྱ་གར་ལྷོ་ཕྱོགས་ཀྱི་དནྚ་པུ་རི་གཙུག་ལག་ཁང་དུ་བཞུགས་ནས་ཆོས་འཁོར་མང་པོ་བསྐོར་བར་མཛད་དེ། དམ་པ་གང་གི་ཐུགས་སྲས་ནི་སློབ་དཔོན་ཀ་མལ་བུ་དྷི་སོགས་མཁས་དང་གྲུབ་པའི་བདག་ཉིད་ཅན་དམ་པ་མང་པོ་བྱོན་པ་ཡིན་ཏེ། མཐར་རིག་སྔགས་འཆང་གྲུབ་པའི་གནས་སུ་གཤེགས་པར་མཛད་དོ། །

སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་ཞིང་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། ཕྱག་གཡས་ཆོས་འཆད་དང་གཡོན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། གདན་འབོལ་བརྩེག་སྟེང་དུ་གདིང་བའི་སྟན་དུ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་རྣམ་པར་བཞུགས་པའོ།།

སླར་སྨྲས་པ།།

ལེགས་པར་སྨྲ་བའི་བདུད་རྩིའི་དགའ་སྟོན་ལེག་ས་པར་འདོམས་མཁས་ཡབ་སྲས་རྗེའི། །ལེགས་པར་གསུངས་པའི་ཟབ་མོའི་དོན་ལ་ལེགས་ཉེས་ཕྱི་ནང་གྲུབ་མཐའ་ཕྱེ། །ལེགས་པའི་རྣམ་དཔྱོད་ཡང་ཡང་དཔྱད་ནས་ལེགས་ཉེས་ཕྱི་ནང་གྲུབ་མཐའ་ཕྱེ། །ལེགས་བཤད་སྣང་བའི་སྐྱ་རེངས་དང་པོས་ལེགས་བཤད་བུདྡྷ་པ་ལིཏ་བཞད། །

 

རྣམ་དག་དགོངས་འགྲེལ་མན་ངག་ལས། །

རྣམ་པར་ལྟོས་དེ་མཉམ་པར་གནས།།

རྣམ་དག་སློབ་དཔོན་སངས་རྒྱས་བསྐྱངས། །

རྣམ་པ་ཀུན་ཏུ་བདག་ཀྱང་གུས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

 

 

 

༤༽  སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་ཐར་ནི། དེ་ཉིད་ལས།

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་།།

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི།།

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ།།

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་སྐུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་མ་ལྱ་རར་གྱི་རྒྱལ་པོའི་རིགས་ལས་མཚན་དཔེའི་མྱུ་གུ་འཛིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། མཚན་ལ་ལེགས་ལྡན་འབྱེད་ཅེས་གསོལ། སྡེ་སྣོད་གསུམ་ལ་མཁས་པའི་ཕ་མཐར་སོན་ཞིང་ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་དགོངས་དོན་གྱི་ལུགས་བཟང་གསལ་བར་བྱས་ཏེ་རྩ་ཤེར་འགྲེལ་བ་ཤེས་རབ་སྒྲོན་མེའི་འཕྲེང་བ་ཞེས་མཛད། དེའི་ནང་དུ་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་དེ། གཞན་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་བདག་གི་སྐྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང་། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཏེ། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས་ཏེ། སངས་རྒྱས་བསྐྱངས་ཀྱི་ངག་དེས་བདག་སྐྱེ་འགོག་པར་གཏན་ཚིགས་དང་། དཔེ་ཡང་དག་མ་བརྗོད་པའི་ཕྱིར་རམ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བ་དང་། རང་རྒྱུད་ཀྱི་རྟགས་སམ་གཏན་ཚིགས་མ་བཀོད་པ་སོགས་ཞེས་གསུངས་ཏེ་འགོག་པར་མཛད་ལ། མདོར་ན་རང་ཉིད་རྣམ་གྲགས་པའི་དོན་དམ་རྩལ་དུ་བཏོན་ནས་དབུ་མ་རང་རྒྱུད་པའི་སྲོལ་དེ་ནས་བྱུང་། དེས་ན་མཐའ་བྲལ་ཟབ་མོའི་དོན་རྒྱལ་བའི་དགོངས་པ་མཐར་ཐུག་པ་འདི་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བའི་རང་བཞིན་ཡིན་པ་ལ་ཐོག་མར་གདུལ་བྱ་རྣམས་རིམ་གྱིས་ཁ་དྲངས་པའི་ཕྱིར་དུ་རང་རྒྱུད་པའི་གཞུང་ལ་བརྟེན་ནས་མཐར་ཐལ་འགྱུར་དགོངས་པ་ཇི་བཞིན་རྟོགས་པ་ལ་ཐབས་མཁས་ཀྱི་ཚུལ་མཛད་པ་ཡིན་པས། མཐར་ཐུག་དབུ་མ་ཐལ་རང་གཉིས་ཀྱི་དགོངས་པ་འགལ་མེད་གཅིག་ཏུ་གྲུབ་པ་རྒྱུ་མཚན་སོགས་སྐབས་འདིར་སྤྲོ་བར་བྱ་བ་མིན་པས་རྒྱན་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་སོགས་ལས་རྟོགས་པར་བྱས་ན་རྨད། མདོར་ན་སློབ་དཔོན་འདི་ཉིད་ནི་དྲི་བ་ལ་མཁས་པའི་མཆོག་གནས་བརྟན་རབ་འབྱོར་གྱི་སྤྲུལ་པ་ཡིན་ཅེས་གསུངས་པ་དང་མཐར་རིལ་བུའི་དངོས་གྲུབ་གྲུབ་ཅིང་རིག་སྔགས་འཆང་གི་གནས་སུ་ཞི་བར་གཤེགས་སོ། །གསུང་འཕྲིན་ལས་ཀྱི་བསྟན་བཅོས་ལའང་འདི་ལྟར་ཏེ། དབུ་མའི་ཆོས་སྐོར་དང་རྒྱུད་གསང་བ་འདུས་པའི་སྒྲོན་གསལ་དཀའ་འགྲེལ་སོགས་མདོ་སྔགས་ཀྱི་ཆོས་ཚན་དུ་མ་བཞུགས་སོ། །སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་སྐུ་མདོག་དཀར་དམར་གྱི་མདངས་དང་ལྡན་པའི་ཆོས་གོས་རྣམ་གསུམ་གསོལ་ཞིང་། ཕྱག་གཡས་བྱང་ཆུབ་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། ཞབས་གཉིས་སྐྱིལ་ཀྲུང་དུ་གདན་འབོལ་རྩེག་སྟེང་གདིང་བའི་སྟན་དུ་བཞུགས་པའི་རྣམ་པའོ།།

 

སླར་སྨྲས་པ།

མཐའ་བྲལ་ཟབ་མོའི་དབྱིངས་ཀྱི་ངོ་ན་སྤྲོས་པའི་ཆུ་འཛིན་བྲལ་ན་ཡང་། །ཚུལ་བཞིན་སྣང་བའི་དངོས་པོའི་གནས་ལ་ཕྱི་དོན་འཇུག་སྒོའི་ལམ་གྱི་སྲོལ། །སྨྲ་བའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡབ་སྲས་གཅིག་པའི་ཆོས་མཐུན་གྲོགས། །སྨྲ་བའི་ལྕེ་རྩེ་ཅུང་ཙམ་བསྡམས་ཏེ་ཤེས་རབ་སྒྲོན་འཕྲེང་གླེགས་བམ་བརྩེགས། །

 

རང་བཞན་ཆོས་རྣམས་སྟོང་ཉིད་དུ། །

རང་རང་རྒྱུ་མཚན་གྱི་བཟུང་སྟེ། །

རང་རྒྱུད་ཐལ་འགྱུར་སློབ་དཔོན་སོགས། །

རང་རེས་འགལ་ཟླར་ཅིའི་ཕྱིར་འཛིན། །

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༥༽ སློབ་དཔོན་ཟླ་བ་གྲགས་པའི་རྣམ་ཐར་ནི། དེ་ཉིད་ལས།

 

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས།།

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ།།

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ།།

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་ཐོག་མར་རྒྱལ་བའི་ལུང་གི་ཟིན་ཚུལ་ནི། དེ་ཡང་བླ་མ་རྡོ་རྗེ་ལྡན་པས། འཇམ་དཔལ་སྐུ་ཡི་སྤྲུལ་པ་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །ཞེས་གསུངས་ཤིང་སྐྱེས་བུ་དམ་པ་འདིའི་འཁྲུངས་པའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་ས་མནྡར་དུ་བྲམ་ཟེའི་རིགས་ལས་སྐུ་འཁྲུངས་ཏེ། ཆུང་ངུའི་དུས་སྐུ་གཟུགས་བཟང་ཞིང་འཇིག་རྟེན་ཀུན་གྱིས་ལྟ་ན་སྡུག་པ་དང་། སྐྱེ་བ་ལྔ་བརྒྱ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པས། ནར་སོན་པ་དང་དཔལ་ལྡན་ནལནྡཱར་བྱོན་ཏེ་མཁན་པོ་ཟླ་བ་མགོན་པོའི་དུང་ལས་རབ་ཏུ་བྱུང་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང་མཚན་ལ་ཟླ་བ་གྲགས་པ་ཞེས་གསོལ་ཏེ་མདོ་རྒྱུད་ཀྱི་གཞུང་རྣམས་ལ་ཐོས་བསམ་དཔྱིས་ཕྱིན་པར་གནང་ཞིང་མཁས་པའི་ཕུལ་དུ་ཕྱིན། དེ་ནས་ལ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་ཚེ་སྨད་ཀྱི་དུས་སུ་ཞབས་རྡུལ་སྤྱི་བོར་བླངས་པའམ། ལ་ལས་དེའི་སློབ་མའི་དྲུང་ནས་མདོ་རྒྱུད་ཀྱི་མན་ངག་ཡོངས་སུ་ནོད་པར་གསུངས། གང་ལྟར་ཡང་སྒོམ་སྒྲུབ་ཀྱི་གནད་ལའང་བརྩོན་པ་ལྷུར་བླངས་ཤིང་གྲུབ་པའི་ས་མཐོར་གཤེགས་པའི་མངོན་རྟགས་ཀྱི་མཚན་མ་ཅིར་ཡང་བསྒྱུར་ཐུབ་པའི་མཆོག་གི་དངོས་གྲུབ་ཟབ་མོ་དང་ལྡན། མདོར་ན་ཉིན་དང་མཚན་དུ་གཡེལ་པ་མེད་པས་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ནའི་དོན་དུ་གཞོལ་ནའང། རང་རེ་ཐུན་མོང་གི་སྣང་ངོར་བཟའ་བཏུང་དང་བཤང་གཅི་འདོར་བའམ་དགེ་འདུན་གྱི་ལས་ལ་བརྩོན་པར་མི་མཛད་ཅིང་ཉལ་བ་ཁོ་ནའི་དུས་འདའ་བཞིན་པ་སྣང་བར། དགེ་འདུན་རྣམས་ཡིད་མ་རངས་ནས་འདི་ནི་སྔར་མུ་སྟེགས་པ་ཡིན་པས་སླར་མུ་སྟེགས་པར་འགྱུར་ཉེན་འདུག་པར་རང་རེ་ལ་གནོད་པ་སྐྱེལ་ཡོང་སྙམ་སྟེ་གནས་ནས་འདོན་པར་བྱ་དགོས་ཞེས་གླེང་། མཁན་པོས། དམ་པ་འདིའི་ངང་ཚུལ་ཇི་བཞིན་དུ་རྟོགས་ཤིང་གནས་ནས་དབྱུངས་བར་མི་རིགས་ཞེས་འདོམས་པར་མཛད། དེ་རྗེས་མཁན་པོས་ཞལ་ཏ་གནང་སྟེ་དགེ་འདུན་གྱི་ཁྲོད་ནའང་ཐ་མལ་པ་འགས་ཉིད་ཀྱི་རང་བཞིན་ནམ་དོན་དེ་ཆ་མ་འཚལ་བས་དོན་མེས་ལས་ངན་བསགས་པར་འདུག་པས། ཁྱོད་དགེ་འདུན་གྱི་སྤྱི་གཉེར་ལ་བསྐོས་ཏེ་ཉི་མ་གྲགས་པ་ཞེས་གྲོགས་དན་ལ་བཏང་ཡོད་གསུངས་པས། དེ་ནས་སྤྱི་གཉེར་མཛད་དེ་མ་ཧེ་དང་བ་ལང་ལ་སོགས་པ་ནགས་བ་བརྒྱབ་ནས་ད་འདིས་ཅི་བྱེད་བལྟའོ་སྨྲས། རི་མོའི་བ་ཞིག་བྲིས་ཡོད་པ་ལས་འོ་མ་བཞོས་ཏེ་གྲོགས་དན་པ་ཉི་མ་གྲགས་པ་ལ་གནང་བས། དེས་འོ་མ་མང་པོ་འཁྱེར་འོང་བས་གཞན་གྱིས་ཁྱོད་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས་ཞོ་དང་འོ་མ་མི་ཟད་པ་འདི་ཅི་ཡིན་ཞེས་དྲིས། ཉི་མ་གྲགས་པས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོའི་བ་ལས་བཞོ་བཞོས་ནས། དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །ཞེས་བརྗོད། མཁན་པོ་ཟླ་བ་མགོན་པོས། སློབ་དཔོན་ཟླ་གྲགས་སེམས་ལ་དབང་ཐོབ་འདུག་པས་རི་མོའི་བ་ལས་འོ་མ་འཇོ་བས་གཞན་རྒྱུད་ཀྱི་བདེན་ཞེན་བཟློག་པ་ཡིན་ན་ངོ་མཚར་ཆེའོ་གསུངས། ཡང་རང་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་ནི་གཙང་ཞིང་ཉེས་བྱས་ཕྲ་མོ་ཙམ་གྱིས་མ་གོས་པས་རྣམ་པར་དག་པའི་མཐུས་སོལ་བས་ཀྱང་ལྗོན་ཤིང་རྫོགས་ཏེ་ཡལ་ག་དང་མེ་ཏོག་འབྲས་བུ་སྨིན་པར་བྱེད་པ་ངོ་མཚར་བ་བྱུང་བ་དང་། ཡང་ནལནྡཱར་དུ་རུ་ཀ་ཡི་དམག་ཟླ་བ་ཕྱེད་ཀྱི་ལམ་ནས་འབྱུང་ཉེན་ཆེ་ཞེས་ཐོས་པ་དང་སློབ་དཔོན་དང་པཎྜི་ཏ་རྣམས་ཀྱི་དམག་བཟློག་ཐབས་ཀྱི་ནུས་པ་སུ་ལ་ཡོད་དམ་བསྒྲགས་པས། ཟླ་བའི་ཞལ་ནས་ཐབས་ཡོད་གསུངས་ཏེ་ནང་པ་དང་ཕྱི་པ་རང་རང་སོ་སོའི་སྐྱབས་གནས་ལ་གསོལ་བ་ཐོབས་ཤིག་གསུངས་ཏེ་ནལནྡཱའི་བྱང་ཕྱོགས་སུ་དཔག་ཚད་བཅོ་ལྔའི་བར་རྡོ་ཡི་སཻངྒ་ཞིག་བཞག་པས། དེར་དམག་རྣམས་འབྱོར་བ་ན་དམག་སླེབས་བྱུང་བྱས་ཀྱང་སཻངྒ་འགྲོ་མ་འདོད་པར། དགེ་འདུན་རྣམས་དངངས་ཏེ་འདིས་བསླུས་སོ་ཕུང་ངོ་ཟེར་ཞིང་བསྡད་ཙ་ན། སློབ་དཔོན་ཟླ་གྲགས་ཀྱིས་ཙནྡན་གྱི་དབྱུག་པ་འདོམ་གང་བ་ཞིག་ཁྱེར་ནས་སཻངྒའི་མགོ་ལ་བརྒྱབ་པས་གཡུལ་དུ་སོང་ནས་དམག་ཐམས་ཅད་ཡུལ་གཞན་དུ་བསྐྲད་པར་བྱས་སོ། །དེའི་དུས་རྒྱལ་པོ་སྟོབས་ལྡན་ཟླ་བས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སཻངྒ་བསྐུལ། །དུ་རུ་ཀ་ཡི་དམག་བཟློག་ཀྱང་། །ཤི་རྨས་མེད་པར་ངོ་མཚར་ཆེ། །ཞེས་བརྗོད་ཀྱང་དགེ་འདུན་རྣམས་ཀྱིས་འདི་ཟླ་བ་གྲགས་པའི་ནུས་པ་ཡིན་རྡོ་ཡི་སངྒཻའི་ནུས་པ་ཡིན་ཟེར་ནས། དགེ་འདུན་རྣམས་ཀྱིས་རབ་གནས་བྱ་དགོས་ཟེར་ནས་རབ་གནས་བྱས་པ་དང་སངྒཻ་སའི་ནང་དུ་ནུབ་སྟེ་མི་སྣང་བར་གྱུར། དེ་ནས་མཁན་པོ་ཟླ་བ་མགོན་པོས། འདི་ཡང་སློབ་དཔོན་ཟླ་བ་གྲགས་པའི་སེམས་ལ་དབང་ཐོབ་པའི་ནུས་མཐུ་ཡིན་པས་ངོ་མཚར་ཆེ་གསུངས། དེ་ནས་སློབ་དཔོན་འདི་ཉིད་པཎྜི་ཏའི་ནང་ནས་མཁས་པའི་ཁྱུ་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་ནལནྡཱའི་པཎ་ཆེན་རྣམས་ཀྱིས་མུ་སྟེགས་ཀྱི་རྒོལ་བ་ཚར་གཅོད་མི་ནུས་ན་ཕྱི་ལ་ཆོས་འཆད་མི་ཆོག་པ་ལ་སློབ་དཔོན་འདིས་ཕྱི་ལ་ཆོས་འཆད་ཅིང་བཞུགས་པ་ན། ཉིན་ཅིག་རྒྱ་གར་ལྷོ་ཕྱོགས་ནས་མཧཱ་པཎྜི་ཏ་ཙནྡྲ་གཽ་མི་འོང་སྟེ་གུས་འདུད་མི་བྱེད་པར་འགྲེངས་ཏེ་གནས་པར། ཟླ་བའི་ཐུགས་དགོངས་ལ་རྩོད་དམ་ཡང་ན་བགྲོ་བར་འདོད་པ་ཅན་ཡིན་ནམ་སྙམ་སྟེ། ཕྱོགས་གང་ནས་ཡོང་ངམ། ཆོས་ཅི་ཤེས་དྲིས་པས། སྒྲ་པ་ནི་པ་དང་། འཇམ་དཔལ་མཚན་བརྗོད་གཉིས་གསུངས་པའམ་ལ་ལས་ཤིང་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་སྟེ་གསུམ་གསུངས་འདུག་པས་གང་ལྟར་ཡང་དོན་ལ། སྒྲ་དང་། མཚན་ཉིད་དང་སྔགས་བཅས་ཀྱི་རྩ་བ་སྨྲ་བ་སྨྲས་པས་དོན་ལ་ལུང་རིགས་ལ་མཁས་པར་བླངས་ཀྱང་ཚིག་ཁེངས་པ་སྐྱུངས་པར་འདུག་པས་ཙནྡྲ་གཽ་མི་མིན་ནམ་དྲིས་པས། གཞན་རྣམས་ནས་དེ་ལྟར་འདོགས་སོ་གསུངས། ཆོས་འཆད་འཕྲོ་མཚམས་བཞག་ཅིང་གཎྜོ་བརྡུངས་ནས་པཎྜི་ཏ་རྣམས་འདུས། མཁས་པ་ཙནྡྲ་གཽ་མི་བྱོན་པས་བསུ་དང་འདུད་པ་བྱ་དགོས་ཞེས་བསྒོས་ཏེ་ཤིང་རྟ་གཉིས་འཆོས་ཤིག་གསུངས། དེ་བཞིན་བགྱིས་པའི་ཚེ་ན་གཅིག་ལ་འཇམ་དཔལ་གྱི་སྐུ་བཞུགས་སུ་གསོལ་བ་དང་། གཅིག་ཏུ་ཙནྡྲ་གཽ་མི་བཞུགས་ལ། །འཇམ་དཔལ་དབྱངས་ཀྱི་སྐུ་དེར་ཙནྡྲ་གཽ་མིས་བསྟོད་དེ། སྐུ་དེ་ཐུགས་དགྱེས་ཚུལ་གནང་སྟེ་སློབ་དཔོན་ལ་ཞལ་ཕྱིར་གཟིགས་ཏེ། འཇམ་དབྱངས་ཀྱི་སྐུ་འཇིང་ཡོན་དུ་གྲགས་པ་ནལནྡཱར་དུས་ཕྱིས་བར་བཞུགས་ཡོད་པར་བརྗོད་སྲོལ་དང་།་སློབ་དཔོན་རྣམ་གཉིས་ཕན་ཚུན་ཆོས་ཀྱི་བགྲོ་བ་དང་རྩོད་པ་མཛད་ཅིང་སློབ་དཔན་ཟླ་གྲགས་ཀྱིས་དྲོས་པའི་ལན་ཐོགས་མེད་དུ་བཏབ་ནུས་ཀྱང་། ཙནྡྲས་སྤྱན་རས་གཟིགས་རྡོ་སྐུ་ལ་དྲིས་ཤིང་ལན་ཐོགས་བཅས་སུ་འདེབས་ཞིང་སྤྱན་རས་གཟིགས་ཀྱི་རྡོ་སྐུ་བཞུགས་ཁང་ནས་ཚུར་བྱོན་པ་དང་། ལན་གཅིག་ཕག་ནས་ཉན་པས་རྡོ་སྐུ་ཉིད་སྤྲུལ་སྐུར་བཞུགས་ཏེ་ཙནྡྲར་ཆོས་འཆད་ཅིང་སློབ་འདུག་པར་གཟིགས་ནས་ཞལ་ལྟ་དགོས་དགོངས་ཏེ་ནང་དུ་ཕྱིན་པ་དང་སྤྲུལ་སྐུ་ཞལ་སྐྱེངས་བར། ཟླ་གྲགས་ཀྱིས་འཕགས་པ་ལ་ཉེ་རིང་མཆིས་སལ་ཞུས་ཏེ། འཕགས་པས་ཕྱག་མཛུམ་བསྐུམ་པ་མ་བྱུང་བར་དེ་མུར་ལུས་པས་དེང་སང་ཡང་ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ་ཞེས་གྲགས། ཁོང་ལ་ཞལ་བསྟན་པ་ལྟར་བདག་ལ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་སྟེ་ཐུགས་རྗེ་ཆེན་པོ་མཛུབ་ཀེར་གྱི་བསྟོད་པ་ཞེས་བྱ་བའི་བསྟོད་ཚིག་ཅིག་ཡོད་པར་བཤད་སྲོལ་མཆིས། དེ་ནས་ཐོངས་རྨི་ལམ་དུ་བྱོན་ཏེ་ཁྱོད་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ཡིན་པས་ངས་བྱིན་གྱིས་བརླབས་མི་དགོས། ཙནྡྲ་གྷཽ་མི་ལས་ངས་ཅུང་ཟད་བྱིན་གྱིས་བརླབས་པ་ཡིན་གྱིས་དེ་ལྐད་མ་ཟེར་གསུངས། གཉིད་སད་ནས་དེ་ལྟར་ལགས་ཀྱང་ཞལ་སྟོན་པར་ནན་ཞུས་བྱས། མཐར་ཞལ་མངོན་སུམ་བསྟན་པ་ན་བདག་གི་སྤྱི་བོར་བཞུགས་པ་ལ་སེམས་ཅན་ཐམས་ཅད་མཐོང་བར་མཛོད་ཅིག་ཅེས་ཞུས་པས། རང་རང་གི་ལས་སྒྲིབ་ཀྱིས་མཐོང་བར་མི་འགྱུར་གསུངས་ཀྱང་། ཅིས་ཀྱང་བཞུགས་ཤིག་ནས་སྤྱི་བོར་ཁྱེར་ཏེ་གྲོང་ཁྱེར་དུ་ཡོད་པའི་སྐྱེ་བོ་རྣམས་ཕྱག་དང་མཆོད་པ་གྱིས་ཤིག་གསུངས་ཀྱང་། ལ་ལས་ཅི་ཡང་མ་མཐོང་། ལ་ལས་ཁྱིའི་རོ་མཐོང་། ཕལ་ཆེ་བས་འདི་ནི་ཆོས་མང་པོ་བཤད་པས་རླུང་སྨྱོན་ཡིན་ཟེར། ཆང་ཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་དོངས་གྲུབ་ཐོབ་པ་ཞིག་བྱུང་ཞེས་གྲགས་སོ། ཇི་སྐད་དུ། དཔལ་ལྡན་ཟླ་བ་གྲགས་པ་ལ། །མཁས་པ་ཙནྡྲ་གཽ་མི་ཡིས། །ལོ་བདུན་བར་དུ་བརྩོད་བྱས་ཀྱང་། །རྒོལ་བར་མ་ནུས་ངོ་མཚར་ཆེ། །ཞེས་སོ། །གཞན་ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པའི་མཐིལ་ཇི་བཞིན་རྟོགས་ཤིང་སྙིང་པོ་གསལ་བར་བྱེད་པའི་གཞུང་ལུགས་དབུ་མ་རྩ་བའི་ཚིག་གི་འགྲེལ་བ་ཚིག་གསལ་དང་དོན་གྱི་འགྲེལ་བ་འཇུག་པ་མཛད་ཅིང་ངེས་དོན་མཐར་ཐུག་པའི་དབུ་མ་ཐལ་འགྱུར་བའི་གཞུང་འཛམ་གླིང་ཀུན་ཏུ་འོད་སྣང་འབྱེད་པར་མཛད་དོ། །དེ་ལྟར་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་གཏན་ཚིགས་དང་དཔེ་མ་བརྗོད་པ་སོགས་ཀྱིས། གཞན་གྲངས་ཅན་པའི་འདོད་པ་ཉེས་པ་མ་བསལ་བའི་ཕྱིར་ཞེས་སོགས་རྒྱ་ཆེར་གསུངས་པར། སློབ་དཔོན་ཟླ་བས་དབུ་མ་ཚིག་གསལ་ལས་དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །ཅི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང་། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང་ཐུག་པ་མེེེད་པར་ཡང་མི་འདོད་དོ། དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང་། རང་ག་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན། ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། འོན་ཏེ་ཕ་རོལ་པོ་རང་གི་ཁས་བླངས་པ་དང་འགལ་བས་བརྩད་པས་ཀྱང་མི་ལྡོག་ན་ནི་དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །ཞེས་སོགས་གསུངས་ཏེ་རིགས་པའི་རྣམ་གྲངས་དུ་མས་སུན་འབྱིན་པར་བྱས་སོ། །ཇི་སྐད་དུ། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །དངོས་པོ་སྟོབས་ཤུགས་རིགས་པའི་ལམ། །མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། །རྗེས་སུ་འབྲང་བ་ངོ་མཚར་ཆེ། །ཞེས་པ་བཞིན་ནོ། །ཡང་སློབ་དཔོན་འདི་ཉིད་ལ་མཁྱེན་པའི་མངོན་ཤེས་དང་ལྡན་ཚུལ་ནི། མུ་སྟེགས་པ་ཀུ་མ་རི་ཀ་ཞིག་གིས་སློབ་དཔོན་ལ་མངོན་ཤེས་ཡོད་མེད་ཀྱི་ཚོད་བགམ་སྟེ། བརྒྱ་བྱིན་ད་ལྟ་ཅི་བྱེད་དམ་དྲིས་པས། བརྒྱ་བྱིན་དངོས་ནི་སུམ་ཅུ་རྩ་གསུམ་ན་བཞུགས་ཡོད་སྤུལ་པ་དགའ་ལྡན་ན་བྱམས་པའི་མདུན་ནས་ཆོས་ཉན་བཞིན་ཡོད་གསུངས། སློབ་དཔོན་གྱིས་ཕྱག་གཡབ་ཅིག་མཛད་པས་བརྒྱ་བྱིན་དངོས་འོངས་ཀྱང་ཁོ་ཡིད་མ་ཆེས་པས་མ་མཐོང་། ཡང་ཕྱག་ཡབ་ཅིག་མཛད་པས་སྤུལ་པ་དེ་འོངས་ཏེ་ཁོས་མཐོང་ནས་ཁྱོད་བརྒྱ་བྱིན་ཡིན་ནམ་དྲིས་པས། དངོས་ནི་མིན་སྤྲུལ་པའོ་ཞེས་སྨྲས་ཤིང་། ཀུ་མ་རི་ཡིད་ཆེས་བརྙེད་དེ་བློ་ཐེ་ཚོམ་གྱི་མུན་པ་ཐམས་ཅད་སྒྲོལ་བར་མཛད་དོ། །ཇི་སྐད་དུ། །དཔལ་ལྡན་ཟླ་བ་གྲགས་པ་ཡིས། །ཕྱོགས་རིས་མེད་པའི་ཐུགས་རྗེ་ཡི། །ཕྱི་མའི་མུ་མཐའ་ཐུག་པ་རུ། །འགྲོ་བ་སྒྲོལ་བར་ངོ་མཚར་ཆེ། །ཞེས་སོ། །ཡང་ཉིན་ཅིག་སློབ་དཔོན་ནགས་ན་ཐུགས་མཉམ་པར་བཞག་ཅིང་སྒོམ་པ་ལ་རྩེ་གཅིག་ཏུ་གནས་པར། སྐབས་དེར་ནགས་ལ་མེ་ཤོར་བའི་ཚེ་ནལནྡཱའི་གྲོང་གི་ཡུལ་མི་ཐམས་ཅད་བལྟར་སོང་བས་སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་ལ་མེས་མ་འཚིག་པར་ཞབས་སྐྱིལ་མོ་ཀྲུང་བཅས་ཏེ་བློ་ཉམ་ང་མེད་པར་བཞུགས་པས། །སློབ་དཔོན་གྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་བ་མེད་པའི་མེས་དངོས་པོའི། །བུད་ཤིང་ཐམས་ཅད་བསྲེགས་པ་ཡིན། །ངས་ཀྱང་སྐྱེ་བ་མེད་པའི་མེས། །དངོས་པོ་བུད་ཤིང་བསྲེགས་པ་ཡིན། །དངོས་པོའི་མི་ཡིས་ག་ལ་ཚུགས། །ཞེས་དང་། ཤིང་གི་ལྷ་མོས། བྱམས་མགོན་སྙིང་རྗེའི་བློ་ཅན་ཉིད། །མེ་ཡིས་མ་འཚིག་ཆུས་མི་འཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །ཞེས་སྨྲས་སོ། ཁ་ཅིག་སློབ་དཔོན་འདི་ཉིད་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ཞིང་ཞབས་མ་ཟིན་ཏེ། འཇུག་པ་རང་འགྲེལ་ས་ཡི་ཡོནྟ་བཤད་པའི་མཇུག་ཏུ། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས། ཡང་དོ་ཧ་མཛོད་ཀྱི་འགྲེལ་བ་ལས། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལས་མན་ངག་དངོས་སུ་ཐོབ་ཅིང་། མཐར་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་པའི་ཚེ་ཀླུ་བྱང་དང་། ཨརྻ་དེ་ཝ་དང་། ཟླ་གྲགས་གསུམ་གྱིས་གསོལ་བ་བཏབ་པས། སྐུ་ཅི་འདྲ་བའི་འོད་ཀྱིས་ལུས་སྣང་བར་བྱས་ནས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་པར་ཞེས་སོགས་ཀྱི་གདམས་པ་གནང་བ་དང་། དེའི་ཚེ་ཨརྻ་དེ་ཝས། འགྲོ་འོ་ཨརྻ་དེ་ཝ་འགྲོ། །འོད་ལུས་དག་པའི་ཞིང་དུ་འགྲོ། །སོང་ཅིག་ནཱ་ག་བོ་དྷི་སོང་། །བྱ་རྐང་ཅན་དུ་འཕུར་ཏེ་སོང་། །སོང་ཅིག་ཟླ་བ་གྲགས་པ་སོང་། །དཔལ་གྱི་རི་ལ་རྟོག་མེད་སོང་། །ཞེས་དང་། ཟླ་བ་གྲགས་པས། ཆད་དོ་ཟླ་བ་གྲགས་པ་ཆད། །ཀླུ་སྒྲུབ་གཤེགས་པས་ལམ་མཁན་རྒྱུན་ཐག་ཆད། །མ་བཅོས་སྐྱེ་མེད་ཆོས་ཀྱི་རྒྱུན་ཐག་ཆད། །ཡིད་ལ་མི་བྱེད་ཆོས་ཀྱི་རྒྱུན་ཐག་ཆད། །ཅེས་སྡེ་བསྟན་དཀར་ཆག་ལས་ལུང་དེ་ལྟར་བཀོད་ཀྱང་ཁོ་བོས་དོ་ཧའི་འགྲེལ་བ་སོགས་འགའ་མཇལ་ཡང་མ་བརྙེད་པས་དེ་ངེས་པར་དུ་གཟིགས་པར་འཚལ། ཇོ་བོ་རྗེའི་ལམ་སྒྲོན་དཀའ་འགྲེལ་ལས། འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩིའི་དེས། །ཨརྻ་དེ་ཝ་ཟླ་གྲགས་བྷ་བྱས་དང་། །ཞི་བ་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམས་པར་གྱུར་པ་བདག་ལའང་ཅུང་ཞིག་མཐོར། །ཞེས་དང་། ཡང་དེ་ཉིད་ལས། སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨརྻ་དེ་ཝ་དང་། སློབ་དཔོན་ཟླ་གྲགས་དང་། སློབ་དཔོན་བྷ་བྱ་སྣང་བྲལ་དང་། སློབ་དཔོན་ཞི་བ་ལྷ་ལ་སོགས་པའི་བསྟན་བཅོས་ཏེ། ཞེས་པ་སྟེ་ལུང་གི་ཚིག་ཟིན་དེ་ལྟར་མངོན། ཡང་ཟླ་གྲགས་སློབ་དཔོན་གྱི་དངོས་སློབ་ཡིན་ཚུལ་གསང་འདུས་འགྲེལ་བ་སྒྲོན་གསལ་ལས་ལུང་གི་ཚིག་ཟིན་ཚུལ་བཤད་ཀྱང་དེར་གསལ་ཁ་དེ་ཙམ་དཀའ། སྒྲོན་གསལ་དབུའི་དམ་བཅའི་ཚིག་ཟིན་ལ། སངས་རྒྱས་རིམ་གཉིས་གནས་ཀྱི་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་བརྙེས་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །ཅེས་དང་། མཇུག་ཏུ་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ནཱགརྫཱུ་ནའི་མན་ངག་ལ་བརྟེན་ནས་སློབ་དཔོན་ཟླ་གྲགས་པས་མཛད་པ་རྫོགས་སོ། །ཞེས་དང་། སློབ་དཔོན་སྙན་གྲགས་བཟང་པོས། གསང་འདུས་རྒྱ་ཆེར་འགྲེལ་ནང་ནས། སྒྲོན་མ་གསལ་བའི་རྗེས་འབྲང་ནས། །ཀླུ་སྒྲུབ་མན་ངག་བཤད་པ་འདི། །གསང་བ་ཐམས་ཅད་པ་ཡི་འགྲེལ། །སློབ་དཔོན་ཀླུ་སྒྲུབ་འཕགས་པ་ལྷ། །ཀླུའི་བྱང་ཆུབ་ཤཱཀྱ་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བྲིས་པའི་དགེ་བ་ཡིས། །ཞེས་གསུངས་འདུག་པས་ཁོ་བོས་མཐའ་གཅིག་ཏུ་འདི་ཡིན་མིན་གྱི་ཁ་ཚོན་ཆོད་པའི་སྨྲ་བ་ཤིན་ཏུ་དབེན་ནོ། །

དེས་ན་སློབ་དཔོན་འདི་ཉིད་སྐུ་ལུས་མ་སྤང་བར་རྡོ་རྗེའི་སྐུ་བརྙེས་ཤིང་རི་བོ་པོ་ཏ་ལའི་ཞིང་དུ་གཤེགས་སོ་ཞེས་གྲགས། སློབ་དཔོན་འདི་ཉིད་ཀྱི་ཐུགས་སྲས་རིག་པའི་ཁྱུ་བྱུག་སོགས་མདོར་ན་མདོ་སྔགས་གཉིས་ལ་མཁས་གྲུབ་མཐར་སོན་པའི་སྐྱེས་ཆེན་དུ་མ་བྱོན་ཡོད་པ་དང་ཉིད་ཀྱི་གསུང་གི་འཕྲིན་ལས་གཙོ་བོ་གནས་ལུགས་སྟོང་པ་ཉིད་དོན་རྒྱ་ཆེར་བསྟན་ཡོད་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཞེས་འཇུག་པ་ལས་གསུངས་པ་ལྟར་རོ། །རྩ་ཤེར་འགྲེལ་བ་ཚིག་གསལ་དང་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གཉིས་ལ་སྔོན་གྱི་མཁས་པའི་དག་རྒྱུན་ལས། སྟེང་ལ་ཉི་ཟླ་རྣམ་གཉིས། ས་ལ་གསལ་བ་རྣམ་གཉིས་ཞེས་སྐབས་དེར་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་དེར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་གྱུར་ཏོ། །གཞན་ཡང་བསྟན་བཅོས་མཛད་པའི་མཚན་གྱི་རྣམ་གྲངས་ལ། །སྐྱབས་གསུམ་བདུན་ཅུ་པ། །དབུ་མ་བརྒྱ་པའི་འགྲེལ་བ། རིགས་པ་དྲུག་ཅུ་པའི་འགྲེལ་བ། དབུ་མ་ཕུང་ལྔའི་རབ་བྱེད་སོགས་མདོ་སྔགས་སོགས་ཀྱི་གཞུང་དུ་མ་བཞུགས་སོ། །སློབ་དཔོན་འདིའི་སྐུ་ཡི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་ཞིང་སྐུ་མདོག་མདངས་དང་ལྡན་པའི་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཡས་ནམ་མཁར་ཕྱར་བ་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ། གདན་འབོལ་རྩེག་སྟེང་དུ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་དང་། སྐུའི་རྒྱབ་ཏུ་ལྗོན་ཤིང་རྒྱས་པའི་ཡལ་ག་འབྲས་བུ་སྣ་ཚོགས་པའི་བཀྲ་བ་དང་། གྱང་ངོས་སུ་རི་མོ་བྲིས་པའི་བ་དང་། རྡོའི་སངྒཻ་འགྱིང་བའི་རྣམ་པ་ཅན་བཀོད་པ་བཞུགས་སོ།།

སླར་སྨྲས་པ།

ཀླུ་སྒྲུབ་ཡབ་སྲས་མན་ངག་དཔྱིད་འཇོས་སློབ་དཔོན་ཀླུའི་ལྟ་སྒོམ་གཞུང་། །ལུང་རིགས་ཟབ་མོ་ཡོངས་སུ་རྫོགས་ཏེ་ཡང་དག་དོན་དཔྱོད་རིག་པའི་ངོར། །རྡུལ་དང་སྐད་ཅིག་ཕྲ་མོ་ཙམ་དང་ཐ་སྙད་དུ་ཡང་བློས་བཏགས་བྲལ། །ཐལ་འགྱུར་རིགས་པ་རྒྱས་པར་བྱས་ཏེ་སློབ་དཔོན་ལེགས་ལྡན་འཁུམས་པར་བྱས།།

 

ཙནྡྲ་ཀིརྟིའི་རྣམ་དཔྱོད་གང་། །ཙནྡྲ་གོ་མིའི་པཎྜི་ཏར།།

ཙནྡྲའི་དགྲ་གཅན་སེལ་བྱས་ཏེ། །ཙནྡྲའི་འོད་སྣང་ཁྱོད་མིན་སུ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

 

 

༦༽ རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་ནི། དེ་ཉིད་ལས།

 

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ།།

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས།།

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ།།

རྒྱས་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་ནི་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ན་མིའི་བདག་པོ་འཇམ་དཔལ་གོ་ཆའམ་དགེ་བའི་གོ་ཆ་ཞེས་རྒྱལ་རིགས་ལས་འཁྲུངས། མཚན་ལ་ཞི་བའི་གོ་ཆ་གསོལ། གཞོན་ནུའི་དུས་སུ་རིག་པའི་གནས་མང་པོ་ལ་སྦྱང་པ་མཐར་ཕྱིན་ཏེ། མི་རིང་བའི་སྐབས་ཤིག་ན་ཡབ་རྒྱལ་པོ་འདས་གྲོངས་ཕྱིན་ཞིང་། དེ་ནས་ཡུལ་ཁམས་དེའི་འཁོར་འབངས་ཐམས་ཅད་ཀྱིས་རྒྱལ་སྲིད་མངའ་དབང་དེ་བཞེས་པར་མཛད་དུ་གསོལ་ཞེས་ནན་ཞུ་བྱས་ཏེ་རེ་ཞིག་འབངས་ཀྱི་ངོ་མ་བཟློག་པར་ཞལ་བཞེས་གནང་ཡང་། སང་རྒྱལ་སྲིད་ཀྱི་ཁྲི་ལ་མངའ་གསོལ་རྒྱུ་ཡིན་པ་ལ་དེ་ནུབ་རྨི་ལམ་ན་ནངས་པར་རང་ཉིད་སྡོད་པར་འགྱུར་བའི་ཁྲི་དེ་ལ་རྗེ་བཙུན་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་རྨིས་སད་ཅིང་། ཕྱི་ཉིན་རྗེ་བཙུན་སྒྲོལ་མས་རང་གི་མའི་ཚུལ་དུ་བསྟན་ནས་ཆུ་དྲོན་མོ་ལ་ཁྲུས་བྱེད་དུ་བཅུག་པ་ན་ཆུའུ་ཚ་བ་ལ་མ་བཟོད་ནས་འདི་ཅི་ཡིན་དྲིས་པས། རྒྱལ་སྲིད་བཟུང་ན་མི་དགེ་བར་སྤྱོད་ཅིང་ཕྱི་མ་ངན་སོང་དུ་འདི་ལས་ཀྱང་སྡུག་བསྔལ་ཆེ་བ་ཡིན། ཞེས་སྨྲས། ད་ནི་རྒྱལ་སྲིད་གནས་ལ་སྙིང་པོ་མི་འདུག་སྙམ་སྟེ་རྒྱལ་པོའི་ཁབ་ལས་བྲོས་ནས་ཤར་ཕྱོགས་བྷ་ངྒ་ལའི་ནགས་སུ་བསླེབས་ཏེ་ཆུ་མཐུང་བར་བརྩམ་པ་ན་གློ་བུར་དུ་བུད་མེད་ཅིག་འོངས་ཏེ་དེ་ནི་དུག་ཆུ་ཡིན་པས་མ་འཐུང་ཞེས་སྨྲས། ལག་ཏུ་ཡོད་པའི་བདུད་རྩིའི་ཆུ་དེ་ངོམས་པར་བྱིན་ཏེ། བུད་མེད་དེ་ལ་གང་ནས་འོངས་ཞེས་དྲིས་པས། དེས་ནགས་ཚལ་འདིའི་ཉེ་བ་ཞིག་ན་བདག་གི་བླ་མ་འཇམ་པའི་རྡོ་རྗེའི་ལྷ་སྔགས་གྲུབ་པ་ཞིག་བཞུགས་ཤིང་དེའི་མདུན་ནས་འོངས་སོ་སྨྲས། དེ་ཐོས་པའི་མོད་ལ་ཡིད་སྤྲོ་བ་བརྟས་ཏེ་བདག་ལ་སྟོན་ཅིག་ཞུས། དེར་སོང་བ་དང་གུས་ཕྱག་དང་བཅས་ཏེ་རྗེས་སུ་འཛིན་པར་ཞུས་པས། བླ་མ་དེས་འཇམ་པའི་རྡོ་རྗེའི་དབང་དང་གདམས་ངག་མ་ལུས་པ་གནང་སྟེ་སྙེན་སྒྲུབ་བསྒྲུབས་ནས་འཇམ་དབྱངས་ཀྱི་ཞལ་མཐོང་ཞིང་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་ཐོབ། དེ་ནས་འཇམ་དབྱངས་ཀྱི་ཞལ་མཐོང་ཞིང་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་ཐོབ། དེ་ནས་འཇམ་དབྱངས་ཀྱི་ཕྱག་མཚན་ཤིང་གི་རལ་གྲི་ཤུབ་དང་བཅས་པ་བསྣམས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འབྱོན་པར་མཛད། དེ་ནས་འགྲོ་བ་ལ་ཕན་པའི་བྱ་བ་ཞིག་བྱེད་དགོངས་ནས་མ་གྷ་དྷའི་རྒྱལ་པོའི་སྐུ་སྲུང་མཛད་ནས་རྒྱལ་པོ་འཁོར་འབངས་ཐམས་ཅད་ལ་གནོད་བྱེད་རྣམས་ཟིལ་གྱིས་མནན་ནས་བདེ་བ་ལ་འགོད་པར་བྱས་ཏེ་རྒྱལ་བློན་ཐམས་ཅད་དད་དེ་བཀུར་སྟི་ཕུན་སུམ་ཚོགས་པའི་མཆོད་བཞིན་པར། གྲོགས་ཕྲག་དོག་ཅན་་གྱི་བློས་མ་བཟོད་ནས་རྒྱལ་པོར་འདི་ནི་སྐྱེས་བུ་གཡོན་ཅན་ཞིག་འདུག་པས་མཚོན་ཡང་ཤིང་གི་རལ་གྲི་ལས་མེད་པས་རྒྱལ་པོའི་སྐུ་ལ་སྲུང་བར་མི་ནུས་ན་བརྟག་པར་འཚལ་ལོ་ཞེས་ཞུས། རྒྱལ་པོ་དེ་མ་ཐག་ཁྲོས་ཏེ། ཁྱོད་ཀྱི་རལ་གྲི་དེ་ཕྱིར་ཕྱུངས་ཤིག་སྨྲས་པ་དང་། རྒྱལ་པོ་ཉིད་ལ་གནོད་པར་འགྱུར་རོ་ཞེས་ཞུས་ཀྱང་མ་ཉན། གནོད་ཀྱང་བླ་ཡིས་རལ་གྲི་ཕྱིར་ཐོན་ཅིག་ཟེར། འོ་ན་རྒྱལ་པོའི་སྤྱན་ཡ་གཅིག་བཀབ་སྟེ་ཡ་གཅིག་གིས་གཟིགས་ཤིག་ཞུས་ཏེ་རལ་གྲི་ཕྱུང་བ་དང་དེའི་འོད་ཟེར་གྱིས་བལྟ་མ་བཟོད་པས་མིག་ཡ་གཅིག་ཞར་སོང་བ་དང་། དེ་ནས་བཟོད་གསོལ་ཞུས་ཤིང་སྐྱབས་སུ་སོང་སྟེ་དམ་པའི་ཆོས་ཀྱི་ལམ་ལ་བཙུད་པར་མཛད། སླར་ཡང་མིག་སྔ་མ་བཞིན་དུ་སྦྱར་ནས་ཇི་བཞིན་མཐོང་བར་བྱིན་གྱིས་བརླབས་པས་མཛད་ནས་སྐྱེ་བོ་ཐམས་ཅད་ངོ་མཚར་ཤིང་དད་པའི་གནས་སུ་གྱུར་ཏོ། དེ་ནས་དཔལ་ནལནྡཱར་ཕེབས་ཏེ་དུས་དེའི་ཚེ་པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་ཡོད་པ་ལས་ཁྱད་པར་དུ་འཕགས་པ་སློབ་དཔོན་རྒྱལ་བའི་ལྷའོ། །དེའི་མདུན་ནས་རབ་ཏུ་བྱུང་སྟེ་མཚནང་ཞི་བ་ལྷ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་ལ་ཐོས་བསམ་མཛད་ནས་མཁས་པའི་ཕ་མཐར་ཕྱིན། གསང་བའི་ཚུལ་དུ་རྗེ་བཙུན་འཇམ་པའི་དབྱངས་ལས་ཆོས་ཉན་ཏེ་མདོ་རྒྱུད་ཀྱི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་ཅིང་ཕྱི་ནང་གི་བསམ་གཏན་གྱི་ཚེར་མ་ཡོངས་སུ་དོར་ཞིང་། བློ་ནང་དུ་ཡང་དག་པར་འཇོག་སྟེ་རྩེ་གཅིག་ཏུ་དོན་དམ་པར་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་ཅིང་གྲུབ་པའི་ས་མཐོར་གཤེགས་པ་སྦས་པའི་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་སེམས་ཀྱི་བསླབ་པ་རྒྱས་པར་སྟོན་པའི་བསླབ་པ་ཀུན་ལས་བཏུས་པ་དང་། བསྡུས་ཏེ་སྟོན་པ་མདོ་ཀུན་ལས་བཏུས་པ་དང་། ཚིག་ཉུང་ལ་དོན་རྒྱས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སྟེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པེ་ཆེའི་བརྗོད་བྱ་སྟོན་པའི་གཞུང་མཛད་དེ་མཁས་པའི་བྱ་བ་རྣམ་གསུམ་གྱི་ངང་ལ་དུས་འདའ་ཡང་ཕྱི་རོལ་འཇིག་རྟེན་མཐོང་སྣང་དུ་དམ་པ་མ་ཡིན་པའི་ཚུལ་ལ་རྒྱུ་བར་མཛད་དེ་ཟ་བ་དང་ཉལ་བ། བཤང་གཅི་འདོར་བ་གསུམ་མ་གཏོགས་ཐོས་བསམ་སྒོམ་གསུམ་སོགས་ཆོས་ཀྱི་བྱ་བ་ལ་མི་བརྩོན་པས་ན་གཞན་རྣམས་ཀྱི་བྷུ་སུ་ཀུ་སྟེ་འདུ་ཤེས་གསུམ་པ་ཞེས་མིང་འདོགས་པར་བྱས། ལ་ལས་རབ་ཏུ་བྱུང་བའི་བྱ་བ་ནི་འཁོར་ལོ་གཉིས་ཀྱི་ལས་ལ་དུས་འདའ་དགོས་པས་འདི་ནི་གང་ཡང་མི་ལྡན་པས་དགེ་འདུན་གྱི་དཀོར་ལ་རང་དགར་ལོངས་སྤྱོད་མི་རུང་བས་གནས་དབྱུངས་སུ་གཏོང་དགོས་སམ། ཡང་ན་ཆོ་འཕྲུལ་ཟླ་བའི་དུས་སུ་མདོ་འདོན་རེས་བྱ་དགོས་པས་དེའི་དུས་མི་ནསུ་པས་རང་བུད་དུ་འགྲོའོ་སྙམ་ནས་ཐམས་ཅད་ཀྱིས་མདོ་འདོན་བསྐུལ་ཞུས་པས། རྒྱལ་སྲས་ཀྱིས་ཐོག་མར་དེ་ལྟར་བདག་གིས་མི་ནུས་ཞེས་གསུངས། སླར་ཡང་ནན་བསྐྱེད་དེ་ཞུས་པས་མཐར་ཞལ་བཞེས་མཛད་དེ། ནངས་པར་དཔལ་ནལནྡཱའི་གཙུག་ལག་ཁང་གི་ཕྱི་རོལ་ཏུ་དགེ་འདུན་དང་སྐྱེ་བོ་མང་པོ་དབུས་སུ་ཆོས་ཀྱི་ཁྲི་མཐོན་པོ་བཤམས་པས་ན་དེར་བག་ཚ་བ་མེད་པར་བཞུགས་ཏེ། སྡོན་དྲང་སྲོང་གི་གསུང་གྲགས་ཟིན་པ་ཞིག་འདོན་ནམ། གྲགས་མ་ཟིན་པ་ཞིག་འདོན་གསུངས་པས། དེར་བཞུགས་པ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་སྔར་མ་གྲགས་པ་ཞིག་གསུང་བར་ཞུས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོ་བསྡུས་མས་ནི་བརྗོད་པར་བྱ། །ཞེས་པ་ནས། ཤེས་རབ་ལེའུ་ལས། གང་ཚེ་དངོས་དང་དངོས་མེད་མེད་དག །བློ་ཡི་མདུན་ན་མི་གནས་པ། ཞེས་པའི་བར་དངོས་སོ་གསུངས། དེ་ནས་གསུངས་མ་འགག་བཞིན་དུ་སྐུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་གཤེགས་ཤིང་མཐར་སྐུ་མི་མངོན་པར་གསུང་ཁོ་ནར་ཐོས་ཏེ་མཇུག་ལེགས་པར་རྫོགས་སོ། །དེ་ནས་ནལནྡཱའི་པཎྜི་ཏ་རྣམས་ཀྱིས་གཞུང་དེ་བཏུས་པ་མཛད་དེ་ཡི་གེར་བཀོད་པའི་ཚེ། ཁ་ཆེ་བ་རྣམས་ཀྱིས་ཤླཽཀ་བདུན་བརྒྱ་ཡོད་པར་འདོདོ་པ་དང་། ཡུལ་དབུས་པ་རྣམས་ཀྱིས་ཤླཽཀ་སྟོང་ཡོད་པར་འདོད་པ་སྟེ་མཐུན་པ་དང་། ཡང་དེའི་ནང་དུ། བསླབ་པ་ཀུན་བཏུས་པ་ཡང་། །ངེས་པར་ཡང་ནས་ཡང་དུ་བལྟ། ཞེས་དང་། ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་སྡེ་ཀུན་ལས་བཏུས་པ་ལྟ། །ཞེས་གསུངས་པའི་བསྟན་བཅོས་གཉིས་པོ་ཡང་ཇི་ལྟར་ཡིན་མིན་ཐེ་ཚོམ་དུ་གྱུར་པ་ན། ནམ་ཞིག་ན་རྒྱལ་སྲས་ལྷོ་ཕྱོགས་སུ་མཆོད་རྟེན་དཔལ་ཡོན་དུ་བཞུགས་པར་ཐོས་ཏེ། དགེ་སློང་གཉིས་སྤྱན་འདྲེན་དུ་སོང་སྟེ་དེ་ལྟར་གསོལ་བས་མ་བྱོན་ཀྱང་གཞུང་ཚད་ཤླཽཀ་གྲངས་དེ་ཡུལ་དབུས་པའི་དགེ་སློང་རྣམས་ཀྱིས་བསྡུས་པ་ལྟར་ཡིན། བསླབ་བཏུས་གཉིས་པོའི་གཞུང་དེ་ནི་ཁོ་བོའི་སྤོང་ཁང་གི་གདུང་གསེབ་ན་པཎྜིཏའི་ཡི་གེ་ཕྲ་མོ་བྲིས་ནས་ཡོད་ཅེས་གསུངས་ཏེ་མཐར་སྤྱོད་འཇུག་དང་མདོ་བཏུས་བསླབ་བཏུས་གཉིས་པོའི་ཁྲིད་དང་མན་ངག་བཅས་རྫོགས་པར་གནང་ངོ་། །ཡང་རྒྱལ་སྲས་ཆེན་པོས་མངོན་ཤེས་ཀྱིས་གཟིགས་ཏེ་བསྟན་ལ་འཁུ་བའི་མུ་སྟེགས་མང་པོ་འདུལ་བར་དགོངས་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ལ་གཤེགས་པར། རྒྱལ་པོ་ཞིག་གི་བྲན་མོས་ཁུད་མ་ཕོ་བའི་ཆུའི་ཟེགས་མ་སློབ་དཔོན་གྱི་ཞབས་ལ་ཕོག་པས་ལྕགས་བསྲེགས་ལ་བྲན་པ་ལྟར་ཁོལ་བར་མཐོང་། སྐབས་དེར་མུ་སྟེགས་ཀྱི་སྟོན་པ་ཤང་ཀར་དེ་ཝ་ཞེས་བྱ་བས། ཕྱི་ནང་གཉིས་ཀྱི་མཁས་པ་དང་གྲུབ་པ་རྣམས་ཁོ་བའི་སར་རྩོད་པ་དང་རྫུ་འཕྲུལ་འགྲན་ནས་སུ་རྒྱལ་ན་དེའི་བསྟན་པ་ལ་འཇུག་དགོས་ཞེས་མིའི་བདག་པོ་ཁྱོད་ཀྱིས་བཀའ་གནང་བར་མཛད་ནས་དྲང་པོར་བཞུགས་སུ་གསོལ་ཞེས་གསོལ་བ་ལྟར། དེ་མ་ཐག་རྒྱལ་པོས་ཕོ་ཉ་མངགས་ཏེ་ནང་པའི་དགེ་འདུན་རྣམས་བསྡུས་ཤིང་དོན་དེ་ལྟར་བསྒྲགས་ཀྱང་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་གྱིས་མནར་ཅིང་། བྲན་མོ་དེས་སྔར་རྒྱལ་སྲས་དེ་མཐོང་བས་དོན་རྣམས་གསོལ་པ་དང་རྒྱལ་པོས་དེ་ལྟ་བུའི་སྐྱེས་བུ་དེ་ནི་གང་དུ་ཡོད་མེད་འཚོལ་ཤིག་གསུངས་ནས་བཙལ་བས་ཞལ་མཇལ་ཏེ། མུ་སྟེགས་པར་རྩོད་པ་དང་རྫུ་འཕྲུལ་འགྲན་དགོས་ཚུལ་གསོལ་པས། ཞལ་བཞེས་གནང་སྟེ་ཐོག་མར་ཆུ་བུམ་པ་གང་། རས་ཡུག་གཉིས། མེ་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། །དེ་ནས་སྐྱེ་བོ་མང་པོ་འདུས་པའི་དབུས་སུ་ཆོས་ཁྲི་མཐོན་པོར་བཤམ་སྟེ་རྒྱལ་པོ་བཞུགས། གཡས་གཡོན་གཉིས་ལ་མུ་སྟེགས་ཀྱི་སྟོན་པ་དེ་དང་རྒྱལ་སྲས་ཆེན་པོ་རྣམས་འཁོད་ནས་ཕན་ཚུན་རྩོད་ལན་གནང་བས་ལུང་རིགས་ཀྱི་མཐུ་ཕུལ་དེ་དང་རྒྱལ་སྲས་ཆེན་པོ་རྣམས་འཁོད་ནས་ཕན་ཚུན་རྩོད་ལན་གནང་བས་ལུང་རིགས་ཀྱི་མཐུ་ཕུལ་དུ་བྱུང་བས་ཚར་བཅད་པར་མཛད། དེ་ནས་རྫུ་འཕྲུལ་འགྲན་པས་བར་སྣང་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲིས་པ་ན། རྒྱལ་སྲས་འདི་ཉིད་ཀྱིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་རླུང་ཚུབ་མ་ཞིག་རྒྱབ་སྟེ་དཀྱིལ་འཁོར་འཐོར་བ་དང་རྩྭ་ཤིང་དང་གྲོང་རྣམས་ཀྱང་འགྱེལ་ལ་ཉེ་བར་སོང་སྟེ་མུན་ནག་ཆེན་པོར་གྱུར། རེ་ཞིག་མཚམས་ནས་དབུའི་སྨིན་མཚམས་ནས་འོད་ཕྱུང་སྟེ་སྣང་བ་འབྱེད་ནས་ཐམས་ཅད་བློ་བདེ་བའི་ངང་ལ་གནས་ཤིང་། །དེ་ནས་མུ་སྟེགས་ཀྱི་སྟོན་པ་འཁོར་དང་བཅས་པ་ནང་པའི་ཆོས་སྒོར་ཞུགས་པར་བྱས་སོ། །ཇི་སྐད་དུ། ལྷག་པའི་ལྷ་མཉེས་ནལནྡཱའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག།།ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །ཞེས་པ་ལྟར་རོ། །སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་བསླབ་སྤྱོད་ཀྱི་གཞུང་དེ་རྣམས་ལ་ཉམས་ལེན་གནང་མཁན་ལྟ་བུ་འཕགས་ཡུལ་དུ་དེ་ལྟར་མ་བྱུང་སྟེ། སྤྱོད་འཇུག་ལྟ་བུའི་གཞུང་གཅིག་ལའང་འགྲེལ་བ་བརྒྱ་རྩ་སོགས་ཡོད་པ་གྲགས་ཀྱང་བོད་དུ་རྒྱ་འགྲེལ་བརྒྱད་ལས་མ་གྱུར། བསླབ་པ་ཀུན་ལས་བཏུས་པ། མདོ་ཀུན་ལས་བཏུས་པ། ཡི་གེ་བརྒྱ་པའི་ཆོ་ག ལྟུང་བཤགས་ཆོ་ག་སོགས་མདོ་སྔགས་ཀྱི་དགོངས་འགྲེལ་དུ་མ་བཞུགས་སོ། །བི་བྷུ་ཏི་ཙནྡྲའི་ཞལ་སྔ་ནས། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲའི། །ཉམས་དང་དགོངས་པ་ཅན་མི་བརྙེད། ཞེས་གསུངས་པ་ལྟར་རོ། །སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་ཞིང་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། ཕྱག་གཉིས་མཉམ་བཞག་དང་ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་ཆོས་ཀྱི་་གདན་འབོལ་རྩེག་ཏུ་གདིང་བའི་སྟེང་དུ་བཞུགས་པའི་རྣམ་པའོ། །ཡང་གྲུབ་ཆེན་བརྒྱད་ཅུ་ཞལ་ཐང་དུ་སྐུ་ཁྲི་སྟན་ལས་ཁྲུ་གང་ཙམ་མ་རེག་པའི་ཚུལ་དུ་བཞུགས་པའི་རྣམ་པ་ཅཅན་ཡང་མཆིས་སོ།།

སླར་སྨྲས་པ།

རྨད་བྱུང་བྱམས་དང་སྙིང་རྗེའི་གཏེར་ཆེན་མངོན་དུ་མེད་ཅིང་རིང་མོ་ནས། །བྷུ་སུ་ཀུ་ཡི་སྤྱོད་ཚུལ་བསྟེན་ཀྱང་ཐུགས་ནི་རྟག་ཏུ་མཉམ་བཞག་སྟེ། །མངོན་པར་བསྔགས་པའི་དུས་སུ་དགོངས་ཏེ་རྒྱལ་སྲས་ལྟ་སྤྱོད་ཀུན་བཏུས་པའི། །ལེགས་བཤད་འདོམ་པས་སྐལ་ལྡན་ཚོགས་ཀྱང་དང་བའི་སྤུ་ལོང་རབ་ཏུ་གཡོས།།

 

བློ་གྲོས་སྨྲ་བའི་ཞི་བ་ལྷས། །བློ་སྒོ་འབྱེད་པའི་སེམས་དཔའི་གཞུང་།།

བློ་ལྡན་བུང་བས་མེ་ཏོག་བཞིན། །བློ་གསར་བདག་ཀྱང་ཤིན་ཏུ་དད།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༧༽ མཁན་ཆེན་ཞི་བ་འཚོའི་རྣམ་ཐར་ནི། དེ་ཉིད་ལས།

 

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ།།

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་།།

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ།།

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་མཁན་ཆེན་བོ་དྷི་ས་ཏྭའམ་རྣམ་སྣང་མཛད་ཅེས་བྱ་བ་ཐོག་མར་རྒྱལ་བས་ལུང་གི་ཟིན་ཚུལ་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། །བདེ་བར་གཤེགས་པའི་བསྟན་པའི་ཆོས་མཆོག་འདི་སྲུང་བ། དེ་དག་ང་ཡི་སྲས་ཏེ་ཕྱི་དུས་ཆོས་སྐྱོང་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད། །ཅེས་བོ་དྷི་ས་ཏྭ་རཀྵི་ཏ་ཞེས་པའི་མཚན་ཚང་བར་བསྟན་ཏེ། །མཁན་པོའི་མཚན་རྒྱ་སྐད་སོར་གཞག་ཏུ་ཀློག་པ་དེ་ལྟར་ན་འདིར་ཡང་། ཟད་དུས་མི་བཟད་པ་ལ་བོ་དྷི་ས་ཏྭ་གང་། ཞེས་བཀླགས་ན་བདེའོ། །རཀྵི་ཏའི་སྒྲ་འཚོ་བའམ་སྲུང་བ་ལ་འཇུག་པས་སྒྲ་དེའང་བརྗོད་བྱའི་དོན་དང་ལྷན་ཅིག་ཏུ་འཐོན་པར་མཛད་པ་སྟེ། དངོས་ཤུགས་ཟུར་གྱི་རྣམ་པ་དུ་མ་འདྲེན་དུ་རུང་བ་ནི་སངས་རྒྱས་ཀྱི་བཀའི་ཁྱད་ཆོས་སོ། །ཞེས་དབུ་མ་རྒྱན་འགྲེལ་ནང་དུ་གསུངས། པདྨ་བཀའ་ཐང་ལས། ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་ལྔ་བརྒྱ་ལྔ་བཅུ་ན༔ ཟ་ཧོར་གནྡུ་ཞེས་བྱ་བར༔ རྒྱལ་པོ་གོ་མི་དེ་བྱིའི་བུ༔ བོ་དྷི་ས་ཏྭ་ཞེས་བྱ་འབྱུང༔ ཞེས་དང་། གཏེར་གླིང་མ་ལས། ཐུབ་པའི་བཞུགས་གནས་རྡོ་རྗེ་གདན་བྱ་ཡོད༔ དེའི་ཤར་ཕྱོགས་ན་བྷངྷཱ་ལའི་གླིང་ཞེས་བྱ་བ་ཡོད། ཞེས་གསུངས། རྒྱ་གར་ཤར་ཕོགས་བྷངྒཱ་ལེའི་རྒྱལ་པོ་གོ་་དེ་བྱའི་སྲས་སུ་འཁྲུངས་ཏེ་ནར་སོན་པ་ན་དཔལ་ན་ལནྡྲའི་མཁན་པོ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ནས་མཚན་ལ་བོ་དྷི་ས་ཏྭ་ཤཱནྟ་རཀྵི་ཏ་ཞེས་གསོལ། སློབ་དཔོན་འདི་ཉིད་དབུ་མ་རང་རྒྱུད་པའི་ཚུལ་བཞུགས་ཏེ་ཤར་གསུམ་མཁན་པོའི་གྲས་ཡིན། བསྟན་རྩ་དམ་ཆོས་འདུལ་བའི་བསླབ་ཁྲིམས་ལ་གནང་བཀག་ཕྲ་མོ་མཚུན་ཆད་ལའང་མིག་འབྲས་བཞིན་གཅེས་པར་འཛིན་ཅིང་འཕགས་ཡུལ་དུ་འདུལ་འཛིན་གསེར་རིའི་འཕྲེང་བ་བཞིན་བཞུགས་ཡོད་པའི་ནང་ནས་སྡོམ་བརྩོན་གྱི་ཚད་དུ་འཛིན་ཞིང་ཆེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་གྱུར་ཏེ། མི་ཕམ་ཞི་འཚོའི་བསྟོད་པ་ལས། བསྟན་པའི་རྩ་བ་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་ངུར་སྨྲིག་རྒྱལ་མཚན་འཆང་། །སྡོམ་བཙུན་སྡེ་སྣོད་འཛིན་པ་རྒྱལ་པོར་བསྔགས། །ཤཱཀྱའི་སྲས་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་གསུངས་པ་ལྟར་རོ། །དེས་ན་ཐུན་མོངས་རིག་པ་དང་ཐུན་མོང་མ་ཡིན་པ་སྡེ་སྣོད་གསུམ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱིས་བརྩོན་པ་མཛད་ཅིང་དཔལ་ནལནྡཱར་སློབ་དཔོན་དུལ་བའི་སྡེ་ལས་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གསན་ཏེ་ཤེར་ཕྱིན་མདོ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད་པ་སོགས་མདོར་ན་དཔལ་ནལནྡཱའི་གཙུག་ལག་ཁང་ནས་མ་ཧཱ་པཎྜི་ཏའི་གནས་སུ་གྱུར་ཅིང་། དེའི་ཚེ་ཕྱི་རོལ་མུ་སྟེགས་པའི་རྒོལ་བ་ངན་པ་ཞིག་བྱུང་བས་ཐམས་ཅད་རིགས་ལམ་གྱི་སྒོ་ནས་ཚར་བཅད་ཅིང་མཁས་པའི་བ་དན་ཕྱོགས་ཀུན་ལ་ཁྱབ་ཅིང་བཞུགས་པ་སྟེ། དེ་ཉིད་ལས། གཞལ་བྱ་བདེན་པ་གཉིས་ཀྱི་ཆོས་ཚུལ་ཀུན། །ཡང་དག་རགི་པའི་ལམ་ནས་གསལ་མཛད་པའི། །ཤེས་རབ་ཉི་ཟླའི་འོད་ཀྱིས་ས་སྟེང་ཁྱབ། །མཁས་པའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡང་ལྷོ་ཕྱོགས་ནས་མུ་སྟེགས་ཀྱི་སྟོན་པ་ཞིག་གིས་ཕྱི་ནང་གི་རྒོལ་བ་ཐམས་ཅད་ཕམ་པར་བྱས་ཀྱང་ད་དུང་འགྲན་སེམས་ཀྱིས་ནལནྡཱར་མཁན་ཆེན་ཞི་བ་འཚོ་དེ་ཉིད་ཕམ་པར་བྱས་ན་ད་ལྟའི་དུས་སུ་སྟེང་ན་ང་ལས་ལྷག་པའི་མཁས་པ་ཟླ་མེད་དོ་སྙམ་སྟེ། ནལནྡཱར་མཁན་པོའི་བཞུགས་སར་སོང་ནས་བལྟས་ཞིང་མཁན་པོ་མི་སྣང་བར་འཇམ་དབྱངས་ཀྱི་སྐུ་གསེར་བཙོ་མ་ཞིག་བཞུགས་པར་མཐོང་། གཞན་ལ་བྲིས་པས་མཁན་པོ་དེ་ཉིད་ན་བཞུགས་ཡོད་ཟེར་སླར་བལྟས་པས་མཁན་པོ་བཞུགས་ཡོད་པར་མཐོང་བའི་མོད་ལ་ཤིན་ཏུ་དད་པར་གྱུར་ཏེ་རྩོད་པའི་བློ་རང་བཞིན་གྱི་ཡལ་ཏེ་ལྷག་པའི་ལྷའི་ཉིད་དུ་བཟུང་ཞིང་མཉེས་པ་གསུམ་གྱི་སྒོ་ནས་བླ་མར་བརྟེན་ཏེ་བསྟན་པའི་སྒོར་བཞུགས་པར་བྱས་སོ། །

དེ་ལྟར་གྲུབ་དོན་ཡང་དག་པའི་གཞུང་ཁྱད་པར་ཅན་དེ་ནི་མཐར་ཐུག་རྣམ་གྲངས་མ་ཡིན་པ་དོན་དམ་པར་སྤྲོས་མཐའ་བརྒྱད་དང་བྲལ་བའི་མཁའ་ལྟར་ཞི་བའི་ཐུགས་སུ་མངའ་བ་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུ་དེ་དང་། ཐ་སྙད་དུ་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་འཇའ་མཚོན་ལྟར་མ་འདྲེས་གསལ་བར་གཟིགས་པ་སློབ་དཔོན་ཆོས་གྲགས་ཀྱི་བཞེད་པ་གཉིས་པོ་དེ། རིགས་པའི་རྒྱ་མཚོར་གཅིག་ཏུ་བསྐྱིལ་ཏེ་ཚད་མ་གཉིས་ཀྱིས་བདེ་བླག་ཏུ་གཞལ་བའི་གཞུང་དབུ་མ་རྒྱན་ཞེས་བྱ་བ་འདི་ནི་ཟབ་རྒྱས་ཟུང་འཇུག་གི་གཞུང་ངམ་དབུ་ཚད་སངྒཻའི་མཇིང་སྣོལ་གྱི་བསྟན་བཅོས་ཞེས་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཡང་ཡང་མཛད་པས་མདོར་ན་རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་ཡངས་པོར་ཕྱེ་བར་མཛད་དེ། དབུ་མ་རྒྱན་རྩ་འགྲེལ་ལས་རིམ་པར་བསྟན་པ་སྟེ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཞེས་སེམས་ཙམ་གྱི་ཚུལ་ལ་བརྟེན་ནས། མཚུངས་པར་ལྡན་པ་དང་བཅས་པའི་སེམས་ལས་ཕྱི་རོལ་དུ་འདོད་པ་དང་བདག་གི་དཔེ་གཟུང་བ་དང་འཛིན་པ་ལ་སོགས་པར་རང་བཞིན་མེེད་པར་ཚེགས་མེད་པར་ཁོ་ནར་རྟོགས་སོ། །ཞེས་གསུངས་ཏེ་ཐ་སྙད་པའི་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་ལས་བྱུང་བའི་སེམས་ཙམ་དུ་ཁས་བླང་བའོ། ཡང་དེ་ཉིད་ལས། ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་བདག་མེད་ཤེས་པར་བྱ། ཞེས་ཚུལ་འདི་ནི་རང་འབྱུང་བ་མེད་པས་སེམས་དེ་རང་བཞིན་རྟོགས་ཟིན་ཀྱང་།  མཐའ་ཐམས་ཅད་སྤངས་པ་དབུ་མའི་ལམ་འདི་རྟོགས་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་མེེད་པར་ཤིན་ཏུ་རྟོགས་སོ། །ཞེས་གསུངས་པའི་སེམས་ཀྱང་རང་བཞིན་མ་གྲུབ་པ་སྤྱིར་དབུ་མའི་དོན་གཏན་ལ་ཕབ་ཅིང་དོན་དམ་པར་བསྟན་ནོ། །ཡང་། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱོར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཞེས་གསུངས་ཏེ་རྣམ་གྲངས་པའི་དོན་དམ་དང་། དེ་ཉིད་ལས། སྐྱེ་ལ་སོགས་པ་མེད་པའིཕྱིར། སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སྐྱེ་བ་ལ་སོགས་མེད་ན་དེ་བརྗོད་པའི་སྒྲའི་སྦྱོར་བ་མི་འཐད་དོ། དེ་བས་ན་ཡུལ་མེད་པ་ལ་དགག་པའི་ཕྱིར་སྐྱེ་བ་ཡང་མེད་པས་སྐྱེ་བ་མེད་པ་ལ་སོགས་མི་སྲིད་དོ། །ཞེས་གསུངས་པའི་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་བསྟན་ཏོ། །དེས་ན་ཞི་འཚོའི་བསྟོད་པ་ལས། རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །དབུ་སེམས་ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེ། །འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས། བསྟན་པའི་རྒྱན་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་ནའང་སྤྱིར་ནས་སྔོན་སངས་རྒྱས་འོད་སྲུང་བཞུགས་པའི་དུས་སུ་བལ་པོའི་ཡུལ་དུ་བྱ་རྫི་མ་བདེ་མཆོག་གསལ་བྱ་བས་མོས་བྱ་རྫིའི་གླས་མཆོད་རྟེན་བྱ་རུང་ཁ་ཤོར་བརྩེག་བཞིན་པར་ཚེའི་དུས་བྱས། མོ་ལ་རིགས་ངན་བཞི་ལས་བཤུས་པའི་བུ་བཞི་ཡོད་པ་སྟེ། བྱ་རྫི། ཁྱི་རྫི། རྟ་རྫི། ཕག་རྫིའི་བུ་སྟེ་བཞི་པོ་དེ་རྣམས་ཀྱིས་དགེ་བའི་ལས་འཕྲོ་བླངས་ཏེ་མཆོད་རྟེན་འཕྲོའི་བྱ་བ་ཡོངས་སུ་རྫོགས་པར་བྱས་ཏེ་སྨོན་ལམ་རེ་རེ་བཏབ་སྟེ་གཅིག་ནི་ཆོས་ཀྱི་རྒྱལ་པོ་ཞིག་དང་། གཅིག་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ། གཅིག་ནི་བསྟན་སྲུང་རིག་སྔགས་འཆང་བའི་མཐུ་སྟོབས་ཅན། གཅིག་ནི་དེ་ལྟར་ཕུ་བོ་གསུམ་གྱི་བསྟན་པ་སྐྱོང་བ་ལ་དེའི་ཕྲབ་བྱེད་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ནམ་ཞིག་དུས་སུ་སྨིན་ཅིང་བོད་མུན་པའི་གླིང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་མཁན་ཆེན་བྱང་ཆུབ་སེམས་དཔའ་དང་། སློབ་དཔོན་པདྨ་འབྱུང་གནས། སྦ་གསལ་སྣང་ཡེ་ཤེས་སྟེ་བཞིའོ། །དེ་ནས་མཁན་པོས་ས་འདུལ་མཛད་དེ་བསམ་ཡང་བཞེངས་པའི་ཚེ། ཉིན་མོ་མིས་བརྩེགས་པ་རྣམས་མཚན་མོ་ལྷ་འདྲེས་བཤིག་སྟེ་ས་རྡོ་ཐམས་ཅད་ས་ས་མལ་དང་རྡོ་རྡོ་མལ་དུ་བསྐྱལ་ཏེ་བཞེངས་སུ་མཐུབ་པས། སླར་མཁན་པོས་ལུང་བསྟན་ཏེ་སྣང་སྲིད་དབང་དུ་འདུས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་ཞིག་ཡོད་དེ་གདན་དྲོངས་པར་མཛོད་ཅེས་གསུངས། སློབ་དཔོན་ཆེན་པོ་གདན་དྲངས་ཏེ་ལྷ་འདྲེ་རྣམས་བཏུལ་ཞིང་ས་གཞི་བྱིན་གྱིས་བརླབས། དེ་ནས་མཁན་སློབ་རྣམས་ཞལ་འཛོམས་ཏེ་རིམ་བཞིན་ས་འདུལ་སོགས་མཛད་ནས་རྒྱ་གར་ཨོ་ཏནྟ་པུར་གྱི་གཙུག་ལག་ཁང་དཔེར་བླང་སྟེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེངས་ཏེ་རབ་གནས་སོགས་ལེགས་པར་གྲུབ་བོ། །དེ་ནས་ཆོས་རྒྱལ་སེམས་དཔའ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ལ་མོས་གུས་ཆེན་པོའི་ངང་ནས་བསྙེན་བཀུར་ཚད་མེད་པས་མཆོད་པ་བྱས། དེ་ནསང་གངས་རིའི་ཁྲོད་འདིར་མཁན་ཆེན་ཞི་འཚོའི་མཁན་རྒྱུད་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ལུགས་ཡིན་ཅིང་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་ཐུགས་རྗེས་བསྐྱངས་ཏེ། ཤཱ་རིའི་བུ་དང་། རྒྱལ་རིགས་སྒྲ་གཅན་འཛིན། བྲམ་ཟེ་བཙུན་པ། འཕགས་མཆོག་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། སློབ་དཔོན་ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ་རྣམས་ཏེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་གྱང་རིས་ལའང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འགོད་པར་མཛད་དོ། དེ་ནས་མཁན་ཆེན་གྱིས། སྦ་གསལ་སྣང་། འབའ་ཁྲི་བཞེར་སང་ཤི་ཏ། པ་གོར་བཻ་རོ་ཙ་ན་རཀྵི་ཏ། ངན་ལམ་རྒྱལ་བའི་མཆོག་དབྱངས།་འཁོན་ཀླུའི་དབང་པོ། རྨ་ཨཱཙརྻ་རིན་ཆེན་མཆོག གཙང་ལེགས་གྲུབ་སྟེ་སད་མི་མི་བདུན་རབ་ཏུ་བྱུང་བས་བསྟན་རྩ་དམ་ཆོས་འདུལ་བ་ཐོག་མར་སྲོལ་གཏོད་དེ་ངུར་སྨྲིག་དགེ་འདུན་གྱི་སྡེ་བཙུག་པར་མཛད། བསྟན་པ་འདི་ཡི་ཕྱི་རོལ་ཏུ་གྱུར་པའི་བོན་གྱི་ཚོགས་རྣམས་རིགས་པས་ཚར་བཅད། རྒྱལ་བའི་བཀའ་དང་དགོངས་འགྲེལ་འཆད་ཉན་གྱི་གྲྭ་བཙུན་སྟེ་སྒྲ་བསྒྱུར་གླིང་དུ་མཁན་སློབ་རྣམས་ཀྱིས་མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར་ནས་འཆད་ཉན་གྱིས་གཏན་ལ་ཕབ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་འདི་ནི་ཁ་བ་གངས་ཅན་གྱི་ལྗོངས་སུ་དར་ཞིང་རྒྱས་པར་མཛད་དེ་བོད་མུན་པའི་གླིང་དུ་འོད་སྟོང་འབྱེད་པའི་ཉི་མ་ལྟ་བུ་ཞིག་གྱུར་པས་མཁན་ཆེན་འདི་རྣམས་བཀྲིན་བསམ་ཡུལ་ལས་འདས་པའོ། །དེ་ཉིད་ལས། གངས་ཅན་མུན་པའི་ཁྲོད་དུ་རྒྱལ་བསྟན་མཆོག །སྣང་བའི་སྒོ་ཆེན་ཐོག་མར་ཁྱོད་ཀྱིས་ཕྱེ། །ཡང་དག་ལུང་དང་རིགས་པའི་རྒྱལ་རྔ་བསྒྲགས། །མཁན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །ཞེས་སོ། །དེ་བཞིན་རྒྱ་ནག་སོགས་ཡུལ་ཕྱོགས་གཞན་དང་ལྷག་པར་དུ་བོད་མུན་པའི་གླིང་འདིར་ཐུགས་བརྩེ་བ་ཆེན་པོའི་འཕྲིན་ལས་རྒྱ་ཆེན་ཞིག་མཛད་དེ་སྐུ་ཚེ་ལྷག་འདུ་བྱེད་ཀྱི་བྱིན་གྱིས་བརླབས་ཤིང་དགུང་ལོ་དགུ་བརྒྱ་གོ་དགུ་བར་བཞུགས་ཡོད་པར་གྲགས། ནམ་ཞིག་ན་བོད་དུ་མུ་སྟེགས་པ་དངོས་མི་འབྱུང་ཡང་ལྟ་བའི་རྩོད་པ་ཅན་དུ་འགྱུར་བས་དེའི་ཚེ་རྒྱ་གར་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཤིག རྩོད་པ་བྱེད་དགོས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ་ཞེས་མ་འོངས་ལུང་བསྟན་སོགས་ཕྱག་དམ་བསྩལ་བ་དང་། ཏ་མ་སྐུ་མྱ་ངན་ལས་འདའ་ཁར་ཡང་སྐུ་གདུང་ཞལ་ཕྱོགས་གཏད་ཚུལ་ཙམ་ལ་རྟེན་འབྲེལ་གཟིགས་ཏེ་བོད་ན་རབ་བྱུང་གི་སྡེ་ལེགས་ཉེས་ཇི་ལྟར་འབྱུང་ཚུལ་སྐོར་ཞལ་འཆེམས་ཀྱང་མཛད་དེ། མཐར་བྲག་དམར་ཕོ་བྲང་དུ་རྟས་བརྡབས་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་ཧས་པོ་རིའི་རྒྱབ་ཏུ་རྟས་བརྡབས་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་ཧས་པོ་རིའི་རྒྱབ་ཏུ་ཞལ་རས་བོད་ཕྱོགས་སུ་བསྟན་ཅིང་སྐུའི་གདུང་རྟེན་མཆོད་སྡོང་ཞིག་བཞེངས་པར་མཛད་དོ། །དེ་ཉིད་ལས། བགྲང་བྱ་བརྒྱ་ཕྲག་དགུ་ཡི་གྲངས་བཞུགས་ཏེ། །འཕགས་ཡུལ་རྒྱ་ནག་གངས་ཅན་ལ་སོགས་པར། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བསྒྲགས། །བསྟན་པའི་རྒྱལ་མཚན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཁན་ཆེན་འདི་ཉིད་ཀྱིས་རྒྱ་བོད་ཐམས་ཅད་ལ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ་སྐུ་ཚེ་སྟོད་སྨད་ཀྱི་སློབ་མའི་ཚོགས་བགྲང་སལ་འདས་པ་ཞིག་བཞུགས་ཡོད་ནའང་ཐམས་ཅད་བརྗོད་པར་མི་ནུས་ཀྱང་འཕགས་པའི་ཡུལ་དུ་སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བའི་སློབ་དཔོན་སངྒཻ་བཟང་པོ་དང་། སློབ་དཔོན་ཀཱ་མ་ལ་ཤཱི་ལ་གཉིས་སོ། །ཁ་བའི་ལྗོངས་སུ་སློབ་མ་ཐོག་མ་ནི། སྦ་གསལ་སྣང་ཡེ་ཤེས་དང་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན། སད་མི་མི་བདུན་སོགས་དང་། གཞན་ཡང་བསྟན་དང་འགྲོ་བའི་མགོན་པོ་གནས་བརྟན་འདུལ་བ་འཛིན་པ་རྒྱུན་མི་ཆད་པའི་དུས་ད་ལྟའང་འབྱོན་ཅིང་དེ་ནི་མཁན་ཆེན་འདི་ཉིད་ཀྱི་ཐུགས་བསྐྱེད་ཁོ་ཡིན་པ་གོར་མ་ཆག་གོ །ཇོ་བོ་རྗེ་ཡིས། བོད་དུ་བསྟན་པ་འཛུགས་པའི་མཁན་ཆེན་ཉིད་དང་། མཁན་རྒྱུད་དང་། མ་འོངས་པ་བསྟན་པ་གནས་པ་དེ་སྲིད་དུ་མཁན་རྒྱུད་ལ་སྤྲུལ་པ་བྱོན་པ་དེ་ཀུན་ཇོ་བོ་ཉིད་དང་ངོ་བོ་གཅིག་པར་གསུངས་པ་བཞིན་ནོ། དེ་ཉིད་ལས། བོད་འདིར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར། སྤྲུལ་པའི་བསྟན་འཛིན་ཡང་ཡང་འབྱོན་པ་དང་། །བསྟན་ལ་བྱ་བ་བྱེད་པར་ཞལ་གྱིས་བཞེས། །གངས་ཅན་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་གསུངས། དེ་བཞིན་ཆོས་རྗེ་ཙོང་ཁ་པ་ཆེན་པོས། འཇམ་པའི་དབྱངས་ཀྱི་རྗེས་བཟུང་ཞིང་། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བསྒྱུར་བའི། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །མགོན་འདི་གངས་ཅན་ཁྲོད་འདིར་རྒྱལ་བའི་བསྟན། །ཐོག་མར་ལེགས་པར་བཙུགས་ཚེ་ཀླུ་སྒྲུབ་ལུགས། །ཕྱོགས་འདིར་དར་བའི་རྟེན་འབྲེལ་ལེགས་བསྒྲིགས་ནས། །ད་དུང་ཡང་ཟབ་མོའི་དབུ་མ་ལ། །མོས་པའི་ཕྱོགས་འཛིན་རྒྱུན་མི་ཆད་པར་བྱུང་། །རྣམ་དཔྱོད་ནམ་མཁའི་ཁྱོན་ལྟར་མཐའ་ཡས་ཤིང་། །དམིགས་མེད་བརྩེ་བའི་སྟོབས་ཀྱི་ཤུགས་དྲགས་པས། །ཡོངས་སུ་དྲངས་པའི་གཞུང་མཆོག་དབུ་མ་རྒྱན། །ཞེས་དང་། འཇམ་མགོན་ས་པཎ་གྱིས། སྡོམ་རྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་སམ་བྷ་ཝ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་དང་། དཔའ་བོ་གཙུག་ལག་འཕྲེང་བས། དེ་ཚོ་རྒྱ་གར་་ཟ་ཧོར་རྒྱལ་པོའི་སྲས། ཛམྦུའི་གླིང་ནས་མཁས་ཤིང་བཙུན་པའི་མཆོག།།ཤཱནྟ་རཀྵི་ཏ་ཞེས་ཞི་བ་འཚོ། །བོད་ཡུལ་འདུལ་སྐལ་ཁོ་ནར་སྐུ་བལྟམས་པ། ཞེས་སོགས་གསུངས་སོ། །ཁྱད་པར་དུ་ངུར་སྨྲིག་རྒྱན་གྱིས་མཛེས་པའི་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་མཁན་ཆེན་བྱང་ཆུབ་སེམས་དཔའ་འདི་ཉིད་ཡིད་ལ་བཅང་སྟེ་གསོལ་བ་བཏབ་ན་བསླབ་སྡོམ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ཡོད་ཅེས་དམ་པའི་ཞལ་རྒྱུན་ལས་ཐོས་པ་དང། སྔ་མ་ལས་ཀྱང་། གང་སྐུ་སྒོམ་པས་བསྟན་པའི་མངའ་ཐང་འཕེལ། །ཚུལ་ཁྲིམས་རྣམ་དག་ཏིང་འཛིན་ཤེས་རབ་རྒྱས། །མཐར་གྱིས་རྡོ་རྗེ་འཛིན་རྒྱལ་འགྱུར་རོ་ཞེས། །དཔག་མེདང་ཐུགས་རྗེ་གཏེར་ལ་ཕྱག་འཚལ་ལོ། ཞེས་གསུངས་སོ། །ཞར་བྱུང་དུ་མཁན་ཆེན་གཤེགས་ཚར་ནས་དེའི་རྗེས་ཐོག་ལ་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ཤིང་ལྷ་བཙན་པོས།སློབ་དཔོན་ཀ་མ་ལ་ཤཱི་ལར་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ཡིན་ཚུལ་བསྟན་བཅོས་ཤིག་མཛད་པར་ཞུས་པས་སྒོམ་རིམ་ཏོག་ཐ་བར་གསུམ་དང་དབུ་མ་སྣང་བ་ཞེས་བྱ་བ་བརྩམས་ཏེ་གནང་བའོ། །ཞེས་འབྱུང་བས་དེ་ལྟར་དོན་ལ་སེམས་ན་ཀ་མ་ལ་ཤཱི་ལས་དབུ་མ་རྒྱན་གྱི་དཀའ་འགྲེལ་དེ་བོད་ལ་མཛད་པའི་གསལ་ཁ་གཏན་ནས་མི་སྣང་བས། ཀ་མ་ལ་ཤཱི་ལས་དཀའ་འགྲེལ་དེ་འཕགས་ཡུལ་དུ་མཛད་ཡོད་པ་དེ་ཤུགས་ལ་རྟོགས་ནུས། དེས་ན་ཞི་འཚོའི་དབུ་མ་རྒྱན་དེ་ཡང་འཕགས་ཡུལད་མཛད་ནས་སློབ་དཔོན་འདི་ཉིད་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་ཤིང་རྟའི་གསོལ་འབྱེད་ཅེས་འཕགས་ཡུལ་དུ་གྲགས་པར་མངོན། དོན་དེ་ལ་དགོངས་ནས་མི་ཕམ་གྱིས། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །དབུ་སེམས་ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེས། འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས། ཞེས་གསུངས་པ་དང་། ཡང་དབུ་མ་རྒྱན་འགྲེལ་ལས། དེ་ལྟ་བུའི་སློབ་དཔོན་འདི་ཉིད་ཀྱིས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་། པཎྜི་ཏ་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་གསལ་བར་བླ་ན་འཕགས་པ་ནི་མཁས་པའི་རྣམ་ཐར་མདོ་ཙམ་སྟེ། ཤིང་རྟ་ཆེན་པོ་འདིའི་རིང་ལུགས་སྐྱོང་བ་ཡང་སློབ་དཔོན་སཻངྒ་བཟང་པོ། ཀ་མ་ལ་ཤཱི་ལ། ཞེས་སོགས་གསུངས་པས་འཕགས་ཡུལ་དུ་གཞུང་འདིིའི་རྒྱུད་འཛིན་དང་བཅས་པའང་བཞུགས་འདུག་པར་སེམས་སོ། །ཅི་སྟེ་མཁན་ཆེན་གྱི་དབུ་མ་རྒྱན་རྩ་འགྲེལ་གཉིས་པོ་དེ་བོད་དུ་ཆོས་རྒྱལ་ལ་གདམས་པ་གནང་སྐབས་སུ་གསར་དུ་མཛད་པ་ཞིག་ཡིན་ན། འཕགས་ཡུལ་དུ་ཕྱག་ཆེན། ཚད་མ། བསྟོད་ཚོགས། དབུ་མ་བདེན་གཉིས་སོགས་དང་། སྔགས་ཀྱི་ཆོས་སྐོར་བཅས་ཡིན་ན་དེ་དག་ལ་བརྟེན་ནས་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་ཅེས་འདོགས་དགོས་སམ་ཅི། གཞན་ཡང་ལ་ལས་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་གསུམ་པ་ཞེསང་བོད་དུ་གྲགས་པ་ཞིག་ལས་རྒྱ་གར་དུ་མ་བྱུང་བར་འདོད་པ་ལའང་རྒྱུ་མཚན་མཚུངས་པས། དེས་ན་ཁོ་བོས་ཞུས་མ་ཐག་པའི་དོན་ལྟར་མཁན་ཆེན་གྱིས་དབུ་མ་རྩ་འགྲེལ་གཉིས་པོའི་གསུང་གི་གདམས་པ་གནང་ནས་ཆོས་རྒྱལ་གྱི་ཐུགས་རྒྱུད་ལ་ཤེར་ཕྱིན་གྱི་རྟོགས་པ་འཁྲུངས་ཡོད་པ་ངེས་ཀྱང་བསྟན་བཅོས་འདི་ཉིད་ནི་སྔོན་འཕགས་ཡུལ་དུ་བརྩམས་ཟིན་ནམ་སྙམ་པས་བརྟག སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་ཞིང་དབུ་ཐོད་ལ་རི་མོ་གོང་འོག་གསུམ་མམ་ཞལ་རས་ཅུང་ཙམ་བགྲེས་པའི་ཚུལ་དུ་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཁོ་ར་འཁོར་ཡུག་གི་ཞིང་ཁམས་བཀོད་དེ་གདན་འབོལ་རྩེག་སྟེང་དུ་སྟན་གདིང་བར་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའོ།།

སླར་སྨྲས་པ།

ལེགས་བཤད་མཁས་པའི་རྩེ་མོར་སོན་ཏེ་ཆོས་འདུལ་བཙུན་པའི་ལྷ་གོས་ངོགས། །རྨད་བྱུང་དབུ་ཚད་སངྒཻའི་མཇིང་སྣོལ་ཟབ་རྒྱས་ཟུང་འཇུག་ཤིང་རྟ་ཞེས། །སྔོན་མེད་དམ་པའི་སྲོལ་ཆེན་འདི་ནི་ཁ་བའི་ལྗོངས་ཀྱི་བསོད་ནམས་ཀྱི། །གྲུབ་པའི་དཔལ་གྱི་མཐུ་ལས་ཡིན་ཏེ་གངས་ཅན་རྣ་བར་ད་དུང་སྙན།།

 

བོད་དུ་ཐོག་མར་རྒྱལ་བསྟན་བསྒྲེངས། །

བོད་དུ་རྒྱལ་བསྟན་ནམ་གནས་བར།།

བོད་དུ་བསྟན་འཛིན་འབྱོན་གསུངས་ཏེ། །

བོད་དུ་མཁན་ཆེན་བྱོན་པས་རྨད།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༨) སློབ་དཔོན་ཀཱ་མ་ལ་ཤཱི་ལའི་རྣམ་ཐར་ནི། དེ་ཉིད་ལས།

 

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་།  

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས།  

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ།།

པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས།

ཞེེས་གསུངས་པའི་སློབ་དཔོན་འདི་ཉིད་ནི་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ཡུལ་ལྗོངས་སུ་སྐུ་འཁྲུངས་ཏེ་མཁན་ཆེན་ཞི་བ་འཚོའི་ཞབས་ཀྱི་པདྨོར་བརྟེན་ཏེ་དབུ་མ་རྒྱན་གྱི་དགོངས་དོན་ཇི་བཞིན་རྙེད་ནས་རྣལ་འབྱོར་སྤྱོད་པ་དབུ་མའི་སློབ་དཔོན་གྱི་གྲས་ཏེ།    །ཡོངས་གྲགས་ལ་ཤར་གསུམ་མཁན་པོ་ཞེས་བྱ་བ་ལས་གཅིག་ནི་ཁོང་ཉིད་ལ་ཞུ་སྲོལ་ཡོད།   དེས་ན་མཁན་ཆེན་ཞི་བ་འཚོ་སྐུ་མྱ་ངན་ལས་འདས་རྗེས་རྒྱ་ནག་ཧྭ་ཤང་མ་ཧྭ་ཡ་ནས་ཏོན་མུན་ཅིག་ཆར་བ་འཇུག་པའི་ཆོས་མ་གཏོགས།   ཙེན་མུན་རིམ་གྱིས་པའི་ཆོས་ཏེ་ཕྱག་མཆོད་སོགས་ལུས་ངག་གི་དགེ་བ་གང་སྤྱད་ན་ཐར་པ་མི་ཐོབ་ཟེར་བས།    བོད་འགའ་དེ་ལ་དགའ་སྟེ་དེའི་རྗེས་སུ་འབྲངས།    དཔལ་དབྱངས་དང་བྷ་རཏྣ་ལ་སོགས་སྔར་མཁན་ཆེན་ཞི་འཚོའི་སྐབས་སུ་གསུངས་པའི་ལས་འབྲས་དང་རྟེན་འབྲེལ་གྱི་རྣམ་གཞག་སོགས་ལ་ཉམས་ལེན་མཛད་དེ་བོད་ཀྱི་ཆོས་ལུགས་ལ་ལྟ་སྤྱོད་ཕྱོགས་གཉིས་སུ་གྱེས་ཏེ་རྩོད་པ་བྱུང་ངོ་།    །ཏོན་མུན་དང་ཙེན་མུན་ཞེས་པ་དེ་ནི་རྒྱ་ཡི་སྐད་ཡིན་ནོ།   །དེ་ནས་ཡེ་ཤེས་དབང་པོ་ན་རེ།    མཁན་ཆེན་གྱིས།   བོད་ལ་མུ་སྟེགས་པ་དངོས་མི་འབྱུང་ཡང་སངས་རྒྱས་པའི་ལྟ་སྤྱོད་ཉིད་ལ་མི་མཐུན་པའི་རྩོད་པ་འབྱུང་ངེས་པས།   དེ་ལྟར་བྱུང་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་ཞེས་བྱ་བ་དེ་གདན་དྲོངས་ཤིག    ཅེས་གསུངས་པའི་ཞལ་ཆེམས་དེ་ཆོས་རྒྱལ་ལ་ཞུས་པ་དང་།   དེ་རྣམས་ཐུགས་ལ་དྲན་ཞིང་བསམ་ཡས་དཀོར་མཛོད་ཀྱི་ཟངས་མའི་གླེགས་བུ་ལ་བྲིས་ཡོད་པ་གཟིགས་ཤིང་།   དེ་ལྟར་བསྒྲུབས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས།    བསམ་ཡས་སུ་ཕེབས་ནས་བྱང་ཆུབ་གླིང་དུ་ཁྲི་བཤམས་ཏེ།    ཆོས་རྒྱལ་དབུས་ཀྱི་ཁྲིའི་སྟེང་དུ་བཞུགས།    གཡས་གྲལ་དུ་ཧྭ་ཤང་དང་།    གཡོན་གྲལ་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་བྱས་ཏེ་འཁོད།    ཆོས་རྒྱལ་གྱིས།    ཧྭ་ཤང་དང་།   སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་པོ་ལ་མེ་ཏོག་གི་འཕྲེང་བ་རེ་རེ་གནང་སྟེ་ཁྱོད་གཉིས་པོ་རྩོད་པ་གྱིས་དང་།    སུ་རྒྱལ་ན་དེ་ལ་མེ་ཏོག་འདི་ཉིད་ཕུལ་ཅིག    ཕམ་པ་དེ་འདིར་མ་སྡོད་པར་གནས་གཞན་དུ་སོང་ཞིག་ཅེས་བཀའ་བསྩལ།   དེ་ནས་ཧྭ་ཤང་ན་རེ།    ལས་དགེ་མི་དགེའི་དབང་གིས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ལ་འཁྱམས་ཏེ།    འཁོར་བ་ལ་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པ་ཡིན་ནོ།    །གང་ཅི་ཡང་མི་སེམས་པ་དེ་འཁོར་བ་ལས་ཐར་བར་འགྱུར་བས།    སྦྱིན་པ་ལ་སོགས་པ་དཀར་པོའི་ཆོས་རྣམས་ནི་བློ་གྲོས་དམན་པ་ལ་བསྟན་པ་ཡིན་སྨྲས་ཏེ།    དབུ་མའི་སྒོམ་རིམ་ཐ་མ་ལས།    དེ་ལྟ་བས་ན་ཅི་ཡང་མི་བསམ་མོ།   །སྦྱིན་པ་ལ་སོགས་པ་དེ་སྤྱད་པར་ཡང་མི་བྱའོ།   །སྦྱིན་པ་ལ་སོགས་པ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་ཀྱང་སྨྲ་བ་དེས་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན།    ཞེས་གསུངས་སོ།   །ཡང་།    སྤྲིན་དཀར་ནག་གང་གིས་ཀྱང་ཉི་མ་བསྒྲིབས་པ་ལ་ཁྱད་པར་མེད་དོ།   །དེས་ན་ཁྱེད་ཀྱི་ལུགས་ནི་སྤྲེའུ་ཤིང་རྩེར་འཛེགས་པ་དང་འདྲ་བས་རིམ་གྱིས་པ་ཞེས་བྱ།   ངེད་ཀྱི་ཆོས་ལུགས་འདི་བྱ་ཁྱུང་ཆེན་ནམ་མཁའ་ནས་ཤིང་རྩེར་འབབས་པ་དང་འདྲ་བས།    ཅིག་ཅར་བ་ཞེས་བྱ་བ་ཡིན་ཟེར་རོ།    །དེས་ན་དཔེ་དོན་དགག་པར་བྱ་བ་ལ།   དང་པོ་དཔེ་མི་འཐད་ཚུལ་ཏེ་ཁྱུང་ཆེན་ནམ་མཁའ་ནས་གློ་བུར་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་བམ།    ཡང་ན་བྲག་ལ་ཚང་བཅས་ནས་རིམ་གྱིས་འདབ་གཤོག་རྒྱས་ཏེ་ཤིང་རྩེར་འབབ་ཅེས་རྟོག་གྲངས།    དང་པོ་དེ་ནི་འཇིག་རྟེན་ན་མངོན་སུམ་དུ་མི་སྲིད་པའི་ཕྱིར།    ཕྱི་མ་ལྟར་ན།    ཅིག་ཅར་དཔེ་མི་རུང་བ་ཐལ།    རིམ་གྱིས་པའི་དཔེར་འགྱུར་བའི་ཕྱིར་རོ།   །གཉིས་པ་དོན་ལའང་འཁྲུལ་བ་བྱུང་སྟེ།   ཅི་ཡང་མི་རྟོག་པ་བསྒོམ་པ་དེ་ནི་རྣམ་རྟོག་ཕྱོགས་གཅིག་བཀག་པ་ཟེར་རམ།    ཡང་ན་རྣམ་རྟོག་ཐམས་ཅད་བཀག་པ་ལ་ཟེར།    དང་པོ་ལྟར་ན་གཉིད་དང་བརྒྱལ་བ་སོགས་ལའང་མི་རྟོག་པ་བསྒོམ་པ་ཡིན་པར་ཐལ།    ཕྱོགས་གཅིག་རྣམ་རྟོག་བཀག་པ་ཙམ་ཡིན་པའི་ཕྱིར་ཏེ།    དབུ་མའི་སྒོམ་རིམ་ཐ་མ་ལས།    ཅི་སྟེ་དྲན་པ་དང་།    ཡིད་ལ་བྱེད་པ་མེད་པ་ཙམ་ལ་དྲན་པ་མེད་དང་།   ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱ་ན།    དེའི་ཚེ་དེ་གཉིས་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ།    མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ།   གང་གིས་མཚན་མ་མེད་པ་དང་ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་ཟིན་ན་ནི་བརྒྱལ་བ་ཡང་དྲན་པ་དང་།   ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ།    །ཞེས་གསུངས་སོ།    །ཕྱི་མ་ལྟར་དུ་རྟོག་པ་ཐམས་ཅད་བཀག་པ་ཡིན་ཟེར་དགོས་ན།    མི་རྟོག་པ་སྒོམ་པའི་ཚེ་མི་རྟོག་པ་སྒོམ་སྙམ་པའི་བློ་སྔོན་དུ་བཏང་དགོས་སམ་མི་དགོས།    དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་སོ།    །མི་དགོས་ན་ཁམས་གསུམ་སེམས་ཅན་ཐམས་ཅད་ལའང་མི་རྟོག་པའི་བསྒོམ་སྐྱེ་བར་ཐལ་བ་དང་།   ཁྱོད་བསྒོམ་སྙམ་པའི་བློ་རྩད་ནས་མེད་ན་ཡང་མི་རྟོག་པའི་སྒོམ་སྐྱེ་བའི་ཕྱིར་རོ།    དེས་ན་སྒོམ་རིམ་ཐ་མ་ལས།     མདོར་ན་འདི་ལྟ་སྟེ།    ཐབས་དང་ཤེས་རབ་ནི་ཐེག་པ་ཆེན་པོའོ། །དེ་སྐབས་འཕགས་པ་གཱ་ཡ་གོ་རི་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ་ཐབས་དང་ཤེས་རབ་བོ་ཞེའོ། འཕགས་པ་དེ་བཞིན་གཤེགས་པའི་གསང་བ་ལས་ཀྱང་བཀའ་སྩལ་ཏེ། ཐབས་དང་ཤེས་རབ་འདི་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བསྡུས་པར་འགྱུར་རོ་ཞེས་འབྱུང་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་སྤོང་བ་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་པར་འགྱུར་རོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བ། ཐོས་པ་ཉུང་བ། བདག་ལྟ་བ་མཆོག་ཏུ་འཛིན་པ། སྐྱེ་བོ་མཁས་པ་ལ་བསྙེན་བཀུར་མ་བྱས་པ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་མ་རྟོགས་པ། བདག་ཕུང་བར་བྱས་ནསགཞན་ཡང་ཕུང་བར་བྱེད་པ། རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་ལ་ལེགས་སུ་འདོད་པས་ཟས་དུག་ཅན་བཞིན་དུ་རྒྱང་རིང་དུ་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཅི་ཡང་མི་རྟོག་པའམ་མི་སེམས་པའི་ལམ་དེ་ནི་སྐྱོན་ཁོ་ན་གནས་ཏེ། དངོས་སུ་ཐེག་ཆེན་གྱི་ཐབས་སྤངས་པ་དང་། ཤུགས་ལ་ཤེས་རབ་སྤངས་པ་སྟེ། མདོར་ན་ཐེག་ཆེན་གྱི་ལམ་མཐའ་དག་སྤངས་པའི་སྐྱོན་ཁོ་ནར་བབས་སོ། །དེས་ན་སློབ་དཔོན་གྱིས་ལུང་དང་རིགས་པས་སུན་ཕྱུང་སྟེ། ཧྭ་ཤང་ལན་སྨྲ་བའི་སྤོབས་པ་མེད་པར་གྱུར་ནས་མེ་ཏོག་ཕྲེང་བ་དེ་སློབ་དཔོན་ལ་ཕུལ་ཏེ་ཧྭ་ཤང་རྒྱ་ཡུལ་དུ་ཕྱིན་ཏོ། །དེ་ལྟར་ཧྭ་ཤང་ལ་སྤྱིར་ཐུན་མོང་གི་མངོན་ཤེས་ཡོད་པས་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་ཡུལ་དུ་སྤྲན་འདྲེན་པར་ཤེས་ནས། དེའི་སྔོན་ནས་ཅི་ཡང་ཡིད་ལ་མི་བྱེད་པའམ་མི་སེམས་པར་ཉལ་བས་ཆོག་གོ་ཞེས་སྒོམ་ཡིག་བསམ་གཏན་ཉལ་ཆོག་གི་འཁོར་ལོ། །དེའི་གནད་སྟོན་པ་ལ་བསམ་གཏན་གྱི་ལོན། གེགས་སེལ་བ་ལ་བསམ་གཏན་གྱི་ཡང་ལོན། རིགས་པས་བསྒྲུབ་པ་ལ་ལྟ་བའི་རྒྱབ་ཤ།། ལུང་གི་བསྒྲུབ་པ་ལ་མདོ་སྡེ་བརྒྱད་ཅུའི་ཁུངས་ཞེས་བྱ་བའི་བསྟན་བཅོས་ལྔ་བརྩམས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་བོད་ཁམས་སུ་བསྟན་པ་དག་ཐེར་གནང་ཞིང་ལྟ་བ་ལོག་པར་སྨྲ་བ་ཐམས་ཅད་སུན་ཕྱུང་བ་མཛད། དེ་ནས་ལྷ་བཙན་པོས། སལོབ་དཔོན་ཀ་མ་ལ་ཤཱི་ལར་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ཡིན་པའི་བསཏན་བཅོས་ཤིག་མཛད་པར་ཞུས་པས། སྒོམ་རིམ་དང་པོ་དེ་བརྩམས། སྟན་ཐོག་གཅིག་ཏུ་བསྒོམ་ཚུལ་ཇི་ལྟར་ལགས་ཞུས་པས། སྒོམ་རིམ་བར་པ་མཛད། དེ་ལ་འབྲས་བུ་གང་དང་གང་འབྱུང་ཞུས་པས་སྒོམ་རིམ་ཐ་མ་བརྩམས། དེ་ལ་རྒོལ་བ་བཟློག་པའི་ཕྱིར་ལུང་དང་རིགས་པས་སྒྲུབ་པའི་དབུ་མ་སྣང་བ་བརྩམས་ཏེ། པྱི་རབས་གདུལ་བྱའི་དོན་དུ་བསྟན་བཅོས་དེ་རྣམས་ཡི་གེ་ལ་བཀོད་པར་མཛད་པ་དེ་ལྟ་བས་ན་སློབ་དཔོན་འདི་ནི་ཁ་བའི་ལྗོངས་སུ་བཀའ་དྲིན་ཤིན་ཏུ་གཞལ་དཀའ་བ་ཡིན་ནོ། །དེ་ནས་བཙན་པོས། ད་ནས་བཟུང་ལྟ་བ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་དང་། སྤྱོད་པ་ནི་རྨད་བྱུང་ཟ་ཧོར་མཁན་པོའི་ལུགས་བཞིན་སྐྱོང་དགོས་ཞེས་གསུངས་ཏེ། ཏོན་མིན་ལུགས་དེ་སུ་གང་གིས་བཟུང་བར་མི་བྱའོ་ཞེས་བསྒྲགས་སོ། །བདུད་འཇོམ་རྒྱལ་རབས་ལས། དེ་ནས་མི་རིང་བར་ཧྭ་ཤང་གིས་མངགས་པའི་རྒྱའི་བཤན་པ་མི་བཞིས་ཀ་མ་ལ་ཤཱི་ལ་ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ། །ཞེས་གསུངས་ཏེ་སྐུ་མྱ་ངན་ལས་འདས་སོ་འདི་ཉིད་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་ནི། །རིག་ཐིགས་ཕྱོགས་སྔ་མ། ཚད་མེད་པ་དེ་ཉིད་བསྡུས་པའི་འགྲེལ་བ་སྟོང་ཕྲག་བཅོ་བརྒྱད་པ། སྒོམ་རིམ་ཐོག་མཐའ་བར་གསུམ། ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ། ཤེར་ཕྱིན་བདུན་བརྒྱ་པའི་འགྲེལ་པ། རྡོར་གཅོད་འགྲེལ་བ། ཤེར་སྙིང་འགྲེལ་བ། དབུ་མ་སྣང་བ། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ། དེ་ཁོ་ན་ཉིད་རབ་བྱེད། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་བ་སོགས་མཛད་དོ། །སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། སྐུ་མདོག་མདངས་དང་ལྡན་པའི་ཆོས་གོས་རྣམ་གསུམ་གསོལ་བ་ཕྱག་གཡས་ནམ་མཁར་ཕྱར་ཞིང་ཕྱག་འཁྱེར་སྐོར་བའི་རྣམ་པ། གཡོན་ཆོས་ཀྱི་གླེགས་བམ་བསྣམ་ཞིང་། ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་རྣམ་པའོ།།

སླར་སྨྲས་པ།

རྒྱལ་བའི་མདོ་རྒྱུད་བསྟན་བཅོས་ལས་བཏུས་རྒྱལ་སྲས་གཞུང་ལམ་ཞི་ལྷག་རྒྱན། །རྒྱལ་བའི་བསྟན་དང་འགྲོ་བའི་དོན་དུ་རྒྱལ་སྲས་སེམས་དཔའི་ཐུགས་བསྐྱེད་དེ། །རྒྱལ་བསྟན་འཁུ་བའི་ཝ་ཚོགས་བཅོམ་སྟེ་རྒྱལ་བསྟན་སྤེལ་མཁས་གངས་ལྗོངས་སུ། །རྒྱལ་བསྟན་རྣམ་དག་རྗེས་སུ་སྐྱོང་ཞིང་རྒྱལ་བསྟན་དར་བྱེད་ཀཱ་ཤཱིས་དྲིན།།

 

སློབ་དཔོན་ཞི་འཚོའི་བཀའ་ལུང་དེ། །

སློབ་བུ་ཀཱ་མས་ཇི་བཞིན་བསྒྲུབས།།

སློབ་སྟོན་དབུ་མའི་སྒོམ་རིམ་སོགས། །

སློབ་བུའི་ཆོས་རྒྱལ་ཅོད་པན་རྒྱན།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༩༽  སློབ་དཔོན་ཐོགས་མེད་ཀྱི་རྣམ་ཐར་ནི། དེ་ཉིད་ལས།

 

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན།།

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་།།

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ།།

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས།།

སློབ་དཔོན་ཐོགས་མེད་འདི་ཉིད་ཐོག་མར་རྒྱལ་བའི་ལུང་གིས་ཟིན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་ལོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །འདི་རྐང་པ་གཉིས་པོ་རྒྱུད་ན་མེད་དོ། །འོན་ཀྱང་རྒྱ་ཡི་སློབ་དཔོན་རྫོགས་གསལ་གྱི་དགོངས་འགྲེལ་གྱི་འགྲེལ་བ་ལ་བྲིས་པའོ། །ཞེས་བུ་སྟོན་གྱིས་གསུངས་སོ། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པར་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ན་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་བསྡུས་དོན་བྱེད། །ལོ་ནི་བརྒྱ་དང་ལྔ་རུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། ཞེས་གསུངས་སོ། དེ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གྲངས་བརྒྱ་ཕྲག་དགུ་ཡས་མས་ཙམ་ལ་ཐོགས་མེད་འདི་ཉིད་སྐུ་འཁྲུངས་ཞེས་གསུང་སྲོལ་མཆིས། སྐབས་དེ་ཙ་ན་རྒྱལ་བསྟན་རིན་པོ་ཆེ་སྤྱིའམ་བུ་སྟོན་གྱིས་ཆོས་མངོན་པ་ཡང་གསུངས་པའི་མདོར་ན་བསྟན་པ་འདི་ཉིད་ལ་དགྲ་ལན་གསུམ་བྱུང་སྟེ། གཅིག་ནི། བདུད་སྡིག་ཅན་གྱིས་བརླམས་པའི་མུ་སྟེགས་ཀྱི་རྒན་མོ་ཞིག་ནང་པའི་གཙུག་ལག་ཁང་དུ་ཆོས་ཀྱི་གཎྜིས་བརྡུང་བའི་སྒྲ་ལས་མུ་སྟེགས་རྣམས་ཀྱི་མགོ་བོ་འགེམས་ཞེས་པའི་སྒྲར་སྣང་བས། རང་རེའི་མུ་སྟེགས་རྣམས་ལ་འདིས་གནོད་མི་གནོད་ངེས་པར་དུ་བརྟག་པར་བྱ་དགོས་ཞེས་སྨྲས་སོ། །ཇི་སྐད་དུ། ལྷ་དང་ཀླུ་དང་གནོད་སྦྱིན་གྱི་མཆོད་པའི། དཀོན་མཆོག་གསུམ་གྱི་ཏོག་འདིས་འདི་བརྡུངས་པས། །མུ་སྟེགས་འཆལ་པའི་ཀླད་པ་རྣམ་པར་འགེམས། །ཞེས་གསུང་རབ་ནང་ནས་དོན་འདི་ལྟར་རིག་ནས་བསྟན་པ་བསྣུབས། ཡང་བསྟན་པ་ཅུང་ཙམ་དར་བའི་ཚེ་ཡུལ་དབུས་ཀྱི་རྒྱལ་པོས་རས་སྲུབ་མེད་པའི་ན་བཟའ་ཞིག་ལེགས་སྐྱེས་སུ་སྟག་གཟིག་གི་རྒྱལ་པོ་ལ་བསྐུར་བས་གོས་དེའི་ངོས་སུ་རྐང་རྗེས་འདྲ་བའི་རི་མོ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་ཡུལ་དབུས་སུ་དམག་དྲངས་ནས་བསྟན་པ་བསྣུབས་པར་བྱས། །ཡང་དེ་ནས་བསྟན་པ་ཅུང་ཟད་དར་བའི་དུས་དེའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་མུ་སྟེགས་ཀྱི་སྤྲང་པོ་གཉིས་སློང་བའི་དུས་དེའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་མུ་སྟེགས་ཀྱི་སྤྲང་པོ་གཉིས་སློང་དུ་འོངས་པ་ན་དགེ་ཚུལ་ཞིག་གིས་བཀྲུ་ཆུ་གཏོར་བས། ཁོང་གཉིས་ཤིན་ཏུ་ཁྲོས་ཤིང་ཉི་མ་བསྒྲུབས་ནས་གྲུབ་པའི་མངོན་རྟགས་ཀྱིས་གང་དུ་བལྟས་པ་ཙམ་གྱིས་མེས་ཚིག་པར་བྱེད་པས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་པར་བྱས་ཏེ་བསྣུབས་སོ། །དེ་ནས་ཏཱ་ར་ནཱ་ཐས་ཞལ་སྔ་ནས། སྔོན་རྒྱལ་པོ་གཽ་ཊ་འཕེལ་བྱེད་ཀྱི་དུས་དགེ་སློང་སྡེ་སྣོད་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་བྱེད་པ་ཞིག་ཡོད་པས་དུས་ལམ་གཅིག་དགེ་སློང་གཞན་ཞིག་དང་གལ་བཟུང་བ་དང་། གཞུང་གཟུངས་པ་དང་བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས། དེ་ལ་བུད་མེད་ཀྱི་རེག་པ་ཅན་འདི་ཞེས་སྨད་དོ། །དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱེ་དགེ་བའི་བཤེས་གཉེན་ང་ཡིན་ནོ་ཞེས་གསུངས་སོ། །དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་བ་བླངས་པ་ནི། བྲམ་ཟེ་མོ་པྲ་ཀཱས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཡིན་ཞེས་གསུངས་ཏེ། བྲམ་ཟེ་མོ་དེ་ནི་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་རྒྱལ་བའི་བསྟན་པ་གསོ་བའི་སྨོན་ལམ་མཐུ་ཅན་ཞིག་ཡིན་པས་དེའི་བསམ་པ་ལ་བདག་བུད་མེད་ཀྱི་ལུས་རྟེན་ཡིན་པས་བསྟན་པའི་བྱ་བ་རླབས་པོ་ཆེ་ཞིག་མི་ནུས་ཀྱང། དེས་ན་བདག་གི་ལུས་ལས་བུ་ཞིག་བསྐྱེད་དེ། དེས་བསྟན་པ་ལ་བྱ་བ་བྱེད་ནུས་པ་ཞིག་འགྱུར་རོ་སྙམ་ཏེ་རྒྱལ་རིགས་ལས་འདུས་པས་ཐོགས་མེད་དང་། བྲམ་ཟེ་རིགས་ལས་འདུས་པས་དབྱིག་གཉེན་དག་བྱུང་སྟེ་བཙས་མ་ཐག་ཏུ་བུའི་ལྕེ་ཐོད་ལ་གི་ཝང་གིས་ཡི་གེ་ཨ་འབྲི་བ་སོགས་བློ་རྣོ་བའི་ཆོ་ག་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ལམ་གཙང་སྦྲ་ཁོ་ནས་སྐྱོང་བར་བྱས་ཏེ་རྒྱལ་བའི་བསྟན་པ་འཛིན་ནུས་པའི་སྐྱེས་བུ་ཞོག་འོང་ན་སྙམ་པའི་བློ་ལ་དེ་ལྟ་ཆར་བཞིན་མི་རིང་བར་ཡི་གེ་དང་རྩིས་དང་བྲམ་ཟེའི་རིག་བྱེད་སོགས་རིག་གནས་རྣམསཔ་ཡུམ་རང་ཉིད་ཀྱིས་བསླབ་པར་མཛད། བུ་དེ་ཆེར་ལོན་པ་ན་རིགས་ཀྱི་ལས་གང་ཡིན་ཞེས་འདྲི་བར་བྱས། མས་བུ་ཁྱོད་ཕའི་རོགས་སྐྱོང་བའི་ཕྱིར་སྐྱེས་པ་མ་ཡིན་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་ཤིན་ཏུ་ཉག་ཕ་མོ་གྱུར་བ་ལ་དེ་སེམས་ཀྱིས་མ་བཟོད་ནས་བུ་ཁྱོད་བསྐྱེས་པ་ཡིན་པས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་བྱས་ནས་རྒྱལ་བའི་བསྟན་པ་དར་བའི་བྱེད་པོ་མཛོད་ཅིག་ཅེས་གསུངས། དེ་ནས་རབ་ཏུ་བྱུང་ནས་མཁན་སློབ་དང་ཚོགས་ཀྱི་དགེ་འདུན་རྣམས་ལ་ཞབས་འབྲིང་ལོ་གཅིག་མཛད། མཁན་སློབ་ཀྱི་མཚན་གསལ་ཁ་མ་རྙེད། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་ལ་བརྩོན་པར་གནང་སྟེ་ལོ་རེ་རེར་ཚིགས་སུ་བཅད་པ་འབུམ་ཕྲག་རེར་ཚིག་དོན་ཁོང་དུ་ཆུབ་པར་མཛད་པ་དང། དེ་ལྟར་ཐུན་མོང་གི་སྡེ་སྣོད་དང་ཐེག་ཆེན་གྱི་མདོ་སྡེ་རྣམས་རྟོགས་སླ་ན་ཡང་། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེ་ཆེས་རྟོགས་པར་དཀའ་བའུ་གནས་ཡིན་པར་དགོངས་ནས། སློབ་དཔོན་ཨརྷ་ཏ་དེ་ཉིད་མདུན་ནས་དབང་གིས་སྨིན་པར་བྱས་ཏེ་དཀྱིལ་འཁོར་གྱི་མེ་ཏོག་དེ་རྒྱལ་བ་མ་ཕམ་པ་ལ་ཕོག་པས་རྒྱལ་བ་བྱམས་པ་བསྒྲུབ་ཏེ་སངས་རྒྱས་བསྟན་པ་འདི་ཉིད་དར་བར་བྱའོ་དགོངས་སོ། །ཡང་ཏཱ་ར་ནཱ་ཐས། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་བྱམས་པའི་སྒྲུབས་ཐབས་མཛད་པའི་ཕྱིར་རོ་ཞེས་བླ་མ་པཎྜི་ཏས་གསུངས་པས་དབང་བསྐུར་གྱི་རྒྱུད་འདི་ཡང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཡིན་པར་མངོན་ཞེས་གསུངས། དེ་ནས་རྒྱ་ནག་རི་བོ་བྱ་རྐང་ཅན་དུ་གྲགས་པ་དེའི་ཕུག་ཅིག་ཏུ་འཕགས་པ་བྱམས་པ་ལོ་གསུམ་བར་དུ་བསྒྲུབས་ཏེ་མཚན་མ་ཅུང་ཟད་ཙམ་ཡང་མ་བྱུང་། ཐུགས་སྐྱོའི་ཞིང་ཕྱིར་ཐོན་པས་རྒན་མོ་ཞིག་གིས་ཤིང་བལ་གྱི་འདམ་ནས་ལྕགས་འཕྱིས་པར་བྱེད་པ་ལས་ཕྲ་ཁབ་འབྱུང་བར་བྱའོ་སྨྲས། ཁབ་ཇ་ལྟར་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག ཞེས་སྔར་ཡང་རས་གྱིས་ལྕགས་ཟད་པས་ཁབ་འདི་ཙམ་བྱུང་ཞེས་ཁབ་སྣོད་གང་བ་ཞིག་བསྟན། དེ་བདེན་ནོ་སྙམ་ཏེ་བརྩོན་པ་བསྐྱེད་ནས་ཡང་ལོ་གསུམ་ལ་བསྒྲུབས་ཏེ་རྟགས་དང་མཚན་མ་གང་ཡང་མ་བྱུང་བས་ཕྱིར་ཐོན། ཡང་བྲག་གི་ངོས་ལ་བྱའི་ཚང་བཅས་ཏེ་སྔ་དྲོ་ཟན་ཚོལ་དུ་འཕུར་བ་དང་། ཕྱི་དྲོ་ཚང་ན་ལོག་འོངས་པས་བྲག་གི་ངོས་ལ་གཤོག་པ་རག་ཙམ་གྱིས་ཡུ་རིང་བས་བྲག་ཟད་པར་གཟིགས་ཤིང་། ངའི་བརྩོན་འགྲུས་དེ་ཆུང་ངོ་སྙམ་སྟེ་སླར་ཡང་ལོ་གསུམ་རིང་ལ་སྒྲུབ་པ་ལ་བརྩོན་པ་མཛད་དེ་ལོ་དགུ་སོང་། དེ་བཞིན་དུ་ཡང་ཕྱིར་ཐོན་པའི་སྐབས་ཆུ་ཐིག་པས་བརྡུང་བས་བྲག་ཟད་པར་གཟིགས་པས་སླར་ཡང་ལོ་གསུམ་བསྒྲུབས་ཏེ་སྡོམ་པས་ལོ་བཅུ་གཉིས་བསྒྲུབས་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བས་ཡིད་སྐྱོ་ཞིང་ཕྱིར་ཐོན་ནས་ཁྱི་མོ་ཞིག་རོ་སྨད་ནད་ཀྱིས་མནར་ནས་འབུས་ཟོས་པ་ཅན་རོ་སྟོད་སྐྱེ་བོ་ཀུན་ལ་ཟུག་ཅིག་ཟ་བར་བྱེད་པར་མཐོང་ནས། སྙིང་རྗེ་ལྷག་པར་སྐྱེས་ཏེ་འབུ་མ་བསལ་ན་ཁྱི་མོ་འཆི་བར་འགྱུར། བསལ་ན་ནི་འབུ་འཆི་བར་འགྱུར་རོ་སྙམ་གྲོང་ཁྱེར་ཨ་ཙིནྟ་ཞེས་བྱ་བ་ནས་སྤུ་གྲི་བླངས་ཏེ་སྐུའི་བརླ་ཤ་ནས་བཅད་དེ་སྤྱན་བཙུམ་ནས་འབུ་རྣམས་བསལ་བར་བརྩམས་པ་ན་སྤྱན་ཕྱེ་བ་དང་། ཁྱི་དང་འབུ་མེད་པར་རྗེ་བཙུན་བྱམས་པ་སྐུ་མཚན་དཔེའི་འབར་བ་མཇལ་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། བདག་གིས་དེ་ཙམ་གྱིས་བསྒྲུབས་ཀྱང་ཞལ་རས་ཙམ་མི་སྟོན་པ་ཞེས་པ་ཞེས་སྤྱན་ཆབ་ཕྱུང་བས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་པ་ལྟར་རང་རང་ལས་སྒྲིབ་མ་དག་པས་མ་མཐོང་བ་ཡིན་གྱི། ང་ནི་རྟག་ཏུ་ཁྱོད་ཀྱི་སྔོན་ན་གནས་ཡོད། ཁྱོད་ཀྱི་སྔར་སྔགས་མང་པོ་བསྒྲུབས་པ་ལས་ད་ལྟ་རང་རྒྱུད་ལ་སྙང་རྗེ་ཁྱད་པར་ཅན་འཁྲུངས་པས་དེས་སྡིག་སྒྲིབ་དག་སྟེ་ང་མཐོང་བ་ཡིན་གསུངས། དེ་ལྟར་ཡིན་པས་ཁྱོད་རང་ང་ཁྲོད་གོང་དུ་ཁྱེར་ལ་མི་རྣམས་ལ་སྟོན་དང་གསུངས། གཞན་ལ་བསྟན་པས་ཆང་ཚོང་མས་ཁྱི་ཞིག་མཐོང་བས་ལོངས་སྤྱོད་ཟད་མི་ཤེས་པའི་དངོས་གྲུབ་ཐོབ། དབུལ་པོ་ཁུར་འཚོ་བ་ཞིག་གིས་ཞབས་ཙམ་མཐོང་བས་ཏིང་ངེ་འཛིན་གྱི་དངོས་གྲུབ་ཐོབ། གཞན་ཕལ་མོ་ཆེས་གང་ཡང་ཡོད་པ་མ་མཐོང་བས་ཡོད་ཆེས་སྐྱེས་སོ། །དེས་ན་ཁྱོད་ཅི་འདོད་གསུངས་པ་ལ། ཐེག་ཆེན་གྱི་བསྟན་པ་འདི་དང་དར་བར་བྱེད་དོ་ཞུས། འོ་ན་ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ཏེ་ལྷའི་སྔ་དྲོའི་ཆ་གཅིག་གམ་མི་ལོ་ལྔ་བཅུ་རྩ་གསུམ་དུ་བཞུགས་པར་འཆད། དེ་ལྟར་རྒྱལ་ཆེན་རིས་བཞིའི་ཞག་གཅིག་ལ་མི་ལོ་ལྔ་བཅུ། སུམ་ཅུ་རྩ་གསུམ་གྱི་ཞག་གཅིག་མི་ལོ་བརྒྱ། འཐབ་བྲལ་གྱི་ཞག་གཅིག་ལ་མི་ལོ་ཉིས་བརྒྱ། དགའ་ལྡན་གྱི་ཞག་གཅིག་ལ་མི་ལོ་བཞི་བརྒྱ་སྟེ། མདོར་ན་དགའ་ལྡན་གྱི་སྔ་དྲོའི་ཐུན་གཅིག་ལ་མི་ལོ་ལྔ་བཅུ་དེ་འབྲེལ་ཆག་གོ་སྙམ། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་བཞག་གཅིག གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་གསུངས། ཡང་ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་ཏུ་བཞུགས་ཏེ་གསན་ཅེས་བུ་སྟོན་ཆོས་འབྱུང་ལས་གསལ། ཏཱ་ར་ན་ཐས་རྒྱ་བོད་ཡོངས་ཁྱབ་ཏུ་གྲགས་པ་ལ་མི་ལོ་ལྔ་བཅུ་བཞུགས་ཟར་ཏེ། དེ་ཡང་ལོ་ཕྱེད་ལོར་བརྩིས་པ་ཡིན་པས་ལོ་ཉེར་ལྔ་ཞེས་རྒྱ་གར་བ་རྣམས་གསུངས། ཞེས་འདོད། དེར་དགའ་ལྡན་དུ་རྒྱལ་བ་མ་ཕམ་པ་ལས་ཡུམ་ཤེར་ཕྱིན་གྱི་མདོ་དང་རྣལ་འབྱོར་སྤྱོད་པའི་ས་ཆེན་པོའི་མདོ་དང་གཞན་ཡང་ཐེག་པ་ཆེན་པོའི་མདོ་མང་དུ་གསན་ཞིང་། དེ་དག་མན་ངག་ཏུ་བསྟན་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་དང་། མདོ་སྡེ་རྒྱན། འབྱེད་རྣམ་གཉིས། རྒྱུད་བླ་མ་སྟེ་བྱམས་པའི་ཆོས་སྡེ་ལྔ་སོགས་གསན་ཏེ་མདོ་དང་བསྟན་བཅོས་ཐམས་ཅད་དོན་ཐུགས་སུ་ཆུད་ཅིང་ཏུང་ངེ་འཛིན་གྱི་སྒོ་དུ་མའི་ཡོནྟ་རྣམས་ལྡན་ཞིང་གཞན་སེམས་ཤེས་པའི་མངོན་ཤེས་ཆགས་ཐོགས་མེད་པར་མངའ་བ་དང་། སླར་མི་ཡུལ་འདིར་རྫུ་འཕྲུལ་གྱིས་བྱོན་ཏེ་ཡུལ་དབུས་མ་གྷ་ངྷའི་གནས་སུ་བཞུགས་ཏེ་གཙུག་ལག་ཁང་བཞེངས་པར་མཛད་ཅིང་འདུས་སྡེ་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པའི་སློབ་མ་རྣམས་ལ་ཐེག་ཆེན་པོའི་ཆོས་ཟབ་མོ་རྣམས་ཀྱི་དོན་བསྟན་པས། དེ་དག་ཐམས་ཅད་་དོན་ཉམས་སུ་བླང་ནས་བཟོད་པ་ཐོབ་ཅིང་མངོན་ཤེས་དང་རྫུ་འཕྲུལ་གྱི་ཡོནྟ་མངའ་བ་ཤ་སྟག་བྱུང་སྟེ་གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པ་ཞེས་ཆགས་སོ།། སློབ་དཔོན་ཉིད་ཀྱིས་བྱམས་པའི་ཆོས་ལྔ་པོ་ཡི་གེར་བཀོད་པ་དང་། ཤེར་ཕྱིན་དེ་ཉིད་རྣམ་ངེས་སོགས་བསྟན་བཅསོ་མང་དུ་མཛད། དེ་ནས་མི་རིང་བར་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བའི་རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སྦྱིན་བདག་བྱས་ཏེ་དེར་ཨུཥྨ་པུར་ཞེས་བྱ་བའི་གཙུག་ལག་ཁང་དུ་ཕྱོགས་བཞིའི་དགེ་སློབ་ཐམས་ཅད་འདུས་ཏེ། འཕགས་པ་ཐོགས་མེད་ཀྱིས་རང་རང་གི་མོས་རང་རང་གི་མོས་པ་དང་མཐུན་པའི་ཉན་ཐོས་ཀྱི་སྡེ་སྣོད་དང་ཐེག་ཆེན་གྱི་སྡེ་སྣོད་ཐམས་ཅད་གསུངས་ཏེ་ཡང་དག་པའི་ཡང་དག་པའི་ལམ་ལ་བཀོད་ཅེང་ཐེག་ཆེན་གྱི་རིགས་སད་པ་ཤ་སྟག་བྱུང་། དེ་དག་ཐེག་ཆེན་གྱི་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་ལས་བརྒལ་བ་བྱུང་ངོ་། ཡང་རྒྱལ་པོ་ཟབ་མོའི་ཕྱོགས་དེས་ཤེར་ཕྱིན་གྱི་མདོ་ཁ་ཏོན་ཏུ་བྱེད་ཅིང་དེས་བསམ་པར་སློབ་དཔོན་འདི་ནི་བདག་ཀྱང་སློབ་དཔོན་འདི་འི་ཡོནྟན་བརྗོད་དེ་བསྔགས་པར་བྱའོ་དགོངས། གལ་ཏེ་མི་བདེན་ན་སྐྱེ་བོ་རྣམས་བསླུ་བར་བྱེད་པ་ཡིན་པས་སྐྱེ་བོ་འདུས་པའི་དབུས་སུ་དམའ་དབབ་པར་བྱའོ་སྙམ་སྟེ། དེ་ནས་བློན་པོ་དང་། བྲམ་ཟེ་དང་། གཞན་ཡང་སྐྱེ་བོ་ལྔ་བརྒྱ་ཙ་སྟེ་ཐམས་ཅད་ཀྱིས་བགྲོས་ནས་འདུས་པའི་དབུས་སུ་སློབ་དཔོན་འཁོར་བཅས་སྤྱན་དྲངས་ཤིང་བསོད་སྙོམས་དང་ན་བཟའ་སོགས་ཕུལ། ཐོག་མར་ཕྱིའི་ཡུལ་ཐོག་ནས་མངོན་ཤེས་ཡོད་མེད་ལ་བརྟག་ཅིང་དྲི་བ་བཀོད་དེ། ཁྱིམ་གྱི་ནང་དུ་ཧེ་ནག་པོ་ལ་ས་དཀར་གྱིས་བྱུག་པ་ཞིག་སྦས། གསེར་བུམ་ནང་དུ་མི་གཙང་བ་ཞིག་བཀང་དེའི་ཁར་སྦྲང་རྩིས་བཀབ་སྟེ་རས་ཀྱིས་གཡོགས་པ་ལག་ཏུ་ཐོགས་ནས། ཁྱིམ་འདི་ན་ཅི་ཡོད་དམ། ལག་ཏུ་ཐོགས་པ་འདི་ནི་ཅི་ཡིན་ནམ་དྲིས་པས། དོན་ཇི་བཞིན་དུ་གསུངས་སོ། །ཡང་གཞན་རྒྱུད་ཀྱི་སེམས་སུ་མཁྱེན་པ་ཇི་ལྟར་མངའ་ཡོད་མེད་བརྟགས་ཤིང་དྲི་བ་བཀོད་པ་ལ། ཤེར་ཕྱིན་མདོའི་ཚིག་ལ་དྲི་བ་གསུམ། དོན་ལ་དྲི་བ་གསུམ་སྟེ་དྲུག་པོ་ཡིད་ཟླས་ཚུལ་གྱིས་དྲིས་པ་ལ། དོན་ཇི་བཞིན་དུ་ལན་རྣམས་གསུངས་པར་མཛད་དོ། །དེར་རྒྱལ་པོ་དང་སྐྱེ་བོ་ཚོགས་རྣམས་ངོ་མཚར་རྨད་དུ་གྱུར་ནས་ཐམས་ཅད་ཡིད་ཆེས་ཤིང་ད་པའི་སྤྱོད་ཡུལ་དུ་གྱུར་པ་དང་། སློབ་དཔོན་གྱིས་ཀྱང་རྒྱལ་པོ་འདི་ཉིད་ལ་ཆོས་གཞི་གཙུག་ལག་ཁང་ཉི་ཤུ་རྩ་ལྔ་བཞེངས་སུ་བཅུག་སྟེ་རེ་རེལའང་འདུས་པ་བརྒྱ་ཕྲག་ལས་མང་བ་བཞུགས་སོ། །དེའི་ཚེ་གཅུང་དབྱིག་གཉེན་གྱིས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐྱོན་འདོག་པས། དེ་གཅེན་གྱིས་གསན་དོན་མེད་དུ་ཉེས་པ་ཆེན་པོ་བསགས་པར་འགྱུར་བས་ཉིད་ཀྱི་སློབ་མ་གཉིས་ལ་ཐེག་ཆེན་གྱི་མདོ་ས་བཅུ་པ་དང་བློ་གྲོས་མི་ཟད་པ་གཉིས་འདོན་དུ་བཅུག་ནས། གཅུང་གིས་གསན་ཏེ་ཐེག་ཆེན་ལའང་རྒྱུ་དང་འབྲས་བུ་རྣམ་གཞག་བཟང་བར་འདུག་དགོངས་ནས་སྔར་ལོག་སྒྲུབ་བྱས་པ་རྣམས་ནོངས་བཤགས་བྱས་ཤིང་གཅེན་ལ་དད་དེ་ཐེག་ཆེན་གྱི་ཆོས་དེ་དག་གསན་ནས་དོན་ལ་མཁས་པར་གྱུར་ཏོ། །དེས་ན་སློབ་དཔོན་ཐོགས་མེད་འདི་ཉིད་ཐ་མལ་སོ་སྐྱེ་དང་མི་འདྲ་སྟེ། གཞན་རྣམས་ཟླ་བ་གསུམ་བགྲོད་པའི་ལམ་ལ་ཐུན་ཚོད་གཉིས་ཙམ་བགྲོད་པ་དང་། ཡུལ་དབུས་མ་གྷ་དྷཱ་དང་། ལྷོ་ཕྱོགས་ཀྲིཥྞ་ར་ཛཱའི་ཡུལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཐམས་ཅད་ལ་བཞུགས་ཤིང་ཐེག་ཆེན་ཟབ་མོའི་ཆོས་འཁོར་བསྐོར་བ་དང་མཆོད་རྟེན་བརྒྱ་དང་ལྷ་ཁང་ཉི་ཤུ་རྩ་ལྔ་རེ་བཞེངས་པ་སོགས་ཏེ་མདོར་ན་གནས་དེ་དག་ཐམས་ཅད་དུ་ཐེག་ཆེན་གྱི་བསྟན་པ་དར་བེ་མཛད་དོ། །དེ་ལྟར་སློབ་ཚོགས་ལ་ལ་ནི་ས་ཐོབ་པའི་གང་ཟག་དང་། ལ་ལ་ནི་སྦྱོར་ལམ་གྱི་ཡོནྟན་མངའ་བ་སོགས་ཏེ། མདོར་ན་སློབ་དཔོན་འདིའི་སྐུའི་དུས་སུ་ཐེག་པ་ཆེན་པོའི་དགེ་སློང་ཁྲི་ཕྲག་མང་པོ་བྱུང་བས་ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་གི་བདག་པོ་ཡིན་ནོ་ཞེས་ཏཱ་ར་ན་ཐས་གསུངས་པ་བཞིན་དོན་ལའང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དུ་གནས་སོ། །སློབ་དཔོན་འདི་ཉིད། ལ་ལས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བཤད་ཀྱང་། རང་གཞཉ་གྱི་རྒྱུད་ཚེ་རབས་མང་པོ་མངོན་པར་མཁྱེན་པ་དང་། མཆོག་གི་སྤྲུལ་སྐུའམ་སྐྱེ་བ་གཅིག་ཐོགས་པ་སེམས་དཔའ་ཆེན་པོ་ཞལ་དངོས་སུ་མཇལ་ཞིང་ཆོས་ཉན་པ་སོགས་གང་འདོད་པའི་དོན་རྣམས་འབད་མེད་དུ་གྲུབ་པ་དང་། མཚན་དཔེ་སོགས་རྗེས་མཐུན་གྱི་ཡོནྟ་ཡོད་པར་གསུམ་ཤིང་དེས་ན་རྒྱ་གར་གྱི་སློབ་དཔོན་ཕལ་མོ་ཆེས་སློབ་དཔོན་འདི་ཉིད་ས་གསུམ་པ་ལ་གནས་པ་ཡིན་ཅེས་གསུངས། དེ་ལྟར་སློབ་དཔོན་འདི་ཉིད་སྐུ་ཆེ་སྨད་པ་དཔལ་ནལནྡཱའི་མཁནཔོ་མཛད་དེ་ལོ་བཅུ་གཉིས་སུ་བཞུགས་ཏེ་བསྟན་པའི་བདག་པོ་མཛད། དེའི་ཚེ་དགུན་གྱི་དུས་སུ་ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བས་ཐམས་ཅད་སུ་ནཕྱུང་སྟེ་ཆོས་བསྟན་ཞིང་མུ་སྟེགས་པ་སྟོང་ཕྲག་ཉེ་བ་དག་རབ་ཏུ་འབྱུང་བཅུག་པ་དང་། རབ་ཏུ་བྱུང་བ་རྣམས་ཀྱང་གཙུག་ལག་ཁང་དུ་དགེ་སློང་ལྟ་བ་དང་། ཚུལ་ཁྲིམས་དང་། སྤྱོད་པ་དང་། ཆོ་ག་ཉམས་པ་ཐམས་ཅད་ཆོས་བཞིན་དུ་ཚར་བཅད་དེ་བསྟན་རྩ་དམ་ཆོས་འདུལ་བའི་བསྟན་པ་ལ་ཤིན་ཏུ་གཅེས་སྤྲས་སུ་འཛིན་ཅིང་ཚོགས་ཀྱི་དགེ་འདུན་གྱི་སྡེ་ཐམས་ཅད་རྒྱུད་དག་པར་མཛད་དེ་ཐེག་པ་ཆུང་ངུའི་ཉན་ཐོས་སྡེ་རྣམས་ཀྱིས་ཀྱང་འདུལ་བའི་བདག་པོར་གྱུར་ཏེ། སློབ་དཔོན་འདི་ཉིད་རྗེས་སུ་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་ནང་ནས་གཙོ་བོ་སློབ་དཔོན་གཅུང་དབྱིག་གཉེན་ཡིན་ནོ། །མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རེ་ཞིག་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་དེའི་ཤུལ་དུ་སློབ་རྣམས་ཀྱི་དད་པའི་སྐྱབས་ཡུལ་གྱི་མཆོད་རྟེན་བཞེངས་པར་མཛད། སློབ་དཔོན་འདི་ཉིད་ཐུགས་བསྐྱེད་ཤིན་ཏུ་རྒྱ་ཆེ་བས་དུས་དེང་སང་ལ་ཡང་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མངོན་རྟོགས་རྒྱན་དོན་སྟོན་པ་ཤེར་ཕྱིན་དེ་ཉིད་རྣམ་ངེས་དང་། ཐེག་ཆེན་སྡེ་སྣོད་དོན་རྒྱས་པར་སྟོན་པས་ས་ཡི་དངོས་གཞི། རྣམ་པར་གཏན་ལ་དབབ་བསྡུས། གཞི་བསྡུ་བ་སོགས་ས་སྡེ་ལྔ་དང་། ཐེག་པ་ཆེན་པོའི་དོན་བསྡུས་ཏེ་སྟོན་པ་ཆོས་མངོན་པ་ཀུན་བཏུས་དང་རང་འགྲེལ། གཞན་ཡང་མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་བ་སོགས་མདོ་འགྲེལ་སྐོར་ཏེ། མདོར་ན་མདོ་རྒྱུད་ཀྱི་དགོངས་འགྲེལ་བསྟབ་བཅོས་རྣམས་ཕྱོགས་ཐམས་ཅད་ལ་ཐོས་བསམ་གྱི་གཞུང་ལ་གཉེར་ཏེ་འཕགས་བོད་ཀུན་ལ་ཁྱབ་པར་གནས། འོན་ཏེ་སློབ་དཔོན་གྱིས་གསུང་མཛད་པའི་བསྟན་བཅོས་རེ་རེ་བཞིན་གཤམ་གྱི་དཀར་ཆག་ནང་དུ་བཀོད་ཡོད། །ཞར་བྱུང་དུ་ཀློང་ཅེན་ཆོས་འབྱུང་ལས། སྐུ་མཆེད་རྣམ་གཉིས་ཀྱི་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་དགེ་སློང་མ་ཞིག་ཡོད་པ་ལ། དེའི་རྨི་ལམ་དུ་ཚུལ་ཁྲིམས་སྲུང་བ་ལས་ཁྱིམ་ཐབ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་པ་ཡོད་དོ། །ཞེས་གསུངས་པར། ཏཱ་ར་ནཱ་ཐས། བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ། དེས་སྐྱེ་བ་དྲན་ཅིང་ཆུང་ངུ་ནས་མདོ་སྡེ་དང་། མངོན་པའི་གཞུང་ལུགས་དག་མཐོང་ཞིང་། ཐོས་པ་ཙམ་གྱིས་རང་ཤེས། འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། འདི་དགེ་སློང་མར་འདོད་པ་འཁྲུལ་པ་ཡིན་ལ། ཞེས་གསུངས། འོན་ཏེ་བྲམ་ཟེ་མོ་འདི་ཉིད་དགེ་སློང་མ་ཡིན་དུ་ཆུག་ཀྱང་སྔ་ཕྱིའི་སྐྱེ་བ་དྲན་པ་ཞིག་གིས་དཔྱད་པ་མི་ཤེས་པ་ཐ་མལ་བུད་མེད་དང་མི་མཚུངས་པས་རང་གར་བསླབ་ཁྲིམས་འཆོལ་སོང་བ་ལྟ་བུའི་ག་ལ་ཡིན། །ཐོག་མར་དགེ་སློང་མར་གནས་ཏེ་རྗེས་ཁྱིམ་པའི་རྟེན་ཅན་ཡིན་ནའང་སྡོམ་པ་དེ་ཉིད་ཚུལ་དང་མཐུན་པའི་འདུལ་བའི་ལུགས་བཞིན་བསླབ་པ་ཕུལ་ཡོད་པས་ཤུགས་ལས་གོ་དགོས་པར་སྙམ་མོ། སློབ་དཔོན་འདིའི་སྐུ་ཡི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་གསོལ་ཞིང་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པའི་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་ཕྱག་རྒྱས་གླེགས་བམ་བསྣམ་པ་ཞབས་གདན་པད་ཟླིའི་སྟེང་དུ་བཞུགས་ཤིང་སྟེང་དུ་རྒྱལ་ཚབ་བྱམས་པ་མགོན་པོའི་སྤྲིན་གསེབ་ནས་ཞལ་གཟིགས་པའི་རྣམ་པ་ཡང་བཀོད་དོ།

སླར་སྨྲས་པ།།

རྨད་བྱུང་སངས་རྒྱས་བཀའ་ཡི་ལུང་དང་བྱམས་མགོན་དགྱེས་པའི་བྱིན་སྤྲིན་ལས། །རྨད་བྱུང་བདུད་རྩིའི་ཆར་གྱི་རྒྱུན་བཟང་ཐེག་ཆེན་སྡེ་སྣོད་དོན་མཐར་དག །རྨད་བྱུང་ཀུན་ཏུ་བབས་པའི་མཐུ་ཡིས་ཡང་དག་ཁེང་བའི་བློ་གྲོས་ཏེ། །རྨད་བྱུང་ཐེག་ཆེན་རྣམ་རིག་སྨྲ་བའི་ཀུན་གྱི་ཤིང་རྟ་མ་ཡིན་ནམ།།

 

གང་ལ་མོས་པ་ཡིད་བྱེད་པ། །

གང་དེར་ཐུབ་པ་བཞུགས་གསུངས་བཞིན།།

གང་དུ་བསླབ་པའི་གནས་ཀུན་ཏུ། །

གང་གིས་བརྩོན་ན་ཅིས་མི་འགྲུབ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༠༽ སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ནི། དེ་ཉིད་ལས།

 

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས།།

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ།།

ཀུན་མཁྱེན་གཉིས་པ་གྲགས་པའི་མཁས་པའི་མཆོག།།

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་ཀྱི་ལུང་གི་ཟིན་ཚུལ་ནི། དེ་ཡང་འཇ་དཔལ་རྩ་རྒྱུད་ལས། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་ཝ་བསྟན་པ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་རྭ་བ་གནས། །སྟོན་པའི་གཟིགས་བརྙན་ཡིད་འོང་བའི། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག།།ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །ཞེས་གསུངས་པ་སྟེ། མཚན་རྒྱ་སྐད་དུ་ཝ་ཡིག་ཅན་གསལ་བའོ། གཅེན་ཐོགས་མེད་ཀྱི་ཡུམ་གཅིག་པའི་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་དང་ཡབ་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པའི་རིགས་ཀྱིས་འདུས་པ་ལས་སྲས་མཚན་དང་ལྡན་པ་ཞིག་འཁྲུངས་ཏེ། ཡུམ་གྱིས་འཇིག་རྟེན་བྲམ་ཟེའི་གཞུང་ལུགས་ལས་ཇི་ལྟར་གསུངས་པ་བཞིན་བྱིས་པ་ཆུང་ངུའི་དུས་ན་ལྕེ་ལ་གི་ཝང་གིས་ཡི་གེ་ཨའི་མཚན་མ་བཀོད་པ་སོགས་བློ་རྣོ་བའི་ཆོ་ག་བྱས་ཏེ་ཁྲུས་དང་གཙང་སྦྲའི་སྤྱོད་ལམ་ཁོ་ནར་བསྐྱེད་བསྲིངས། ནར་སོན་པ་ན་རིག་བྱེད་དང་། བཟོའི་གནས་དང་། སྨན་དཔྱད། བརྡ་སྤྲོད། རྩིས། ཡི་གེ་སོགས་ཏེ་ཐུན་མོང་གི་རིག་གནས་རྣམས་ཡུམ་ཉིད་ཀྱིས་བསླབས་པར་མཛད་དེ་ཤིན་ཏུ་བྱང་ཞིང་གསལ་རབ་མཁྱེན་ནོ། །དེ་ནས་ཡུམ་གྱིས། བུ་ཁྱོད་གཞོན་ནུ་དར་ལ་བབས་པས་ཕ་ཡི་རགས་རྒྱུད་འཛིན་པའི་ཆེད་བསྐྱེད་པ་མ་ཡིན། རྒྱལ་བའི་བསྟན་པ་འཛིན་པའི་ཆེད་དུ་བསྐྱེད་པ་ཡིན་པས་ཁྱོད་རབ་ཏུ་བྱུང་ལ། མང་དུ་ཐོས་པ་དང་། ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག ཅེས་གསུངས་པ་ལྟེ་དུ། དཔལ་ནཱལནྡཱར་ཕེབས་ནས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་སདེ་སྣོད་གསུམ་ལ་བསླབས་པར་མཛད། བསྟན་རྩ་འདུལ་བའི་བསླབ་ཁྲིམས་ལ་ཤིན་ཏུ་གཅེས་པར་སྲུང་ཞིང་། བསྟན་རྩ་འདུལ་བའི་བསླབ་ཁྲིམས་ལ་ཤིན་ཏུ་གཅེས་པར་སྲུང་ཞིང་། ད་དུང་ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་རེ་རེའི་འདོད་སྲོལ་མ་འདྲེས་པ་མཁྱེན་པར་འདོད་ནས། ཁ་ཅེའི་ཡུལ་དུ་བྱེ་བྲག་སྨྲ་བའི་སློབ་དཔོན་ཆེན་པོ་སངྒྷ་བྷ་དྲའམ་དགེ་འདུན་བཟང་པོའི་དྲུང་དུ་ཕེབས་ཏེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུ། །གདགས་པའི་བསྟན་བཅོས་མོའུ་གལ་བུས། ཁྱམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡི་བྱས་ཞེས་གྲགས། ཞེས་ཆོས་མངོ་པ་སྡེ་བདུན་རྣམས་དང་། དེ་བཞིན་དུ་ཟླ་བ་ནོར་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་ཆོས་མངོན་པ་སྡེ་བདུན་གྱི་དོན་བསྡུད་ཏེ་ཤླཽཀ་འབུམ་གཅིག་ལོགས་པ་ཡི་གེར་བཏབ་ཅིང་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་དེ་རྣམས་སུ་གསན་པ་མཛད་དེ་མཐར་ཕྱིན་པ་གནང་། དུས་དེའི་ཚེ་གདུལ་བྱ་བགྲང་ལས་འདས་པ་རྣམས་ལ་ཆོས་མང་དུ་བསྟན་ཅིང་དྲི་མ་མེད་པའི་ལམ་ལ་འགོད་པར་མཛད་དོ། །སླར་ཡུལ་དབུས་སུ་བྱོན་ནས་བདུད་ཀྱིས་བརླམས་པའི་གནོད་སྦྱིན་ལ་སོགས་པས་ལམ་བར་ནས་ཐེངས་འངའ་གནོད་པ་བྱས་ཏེ་ལྷ་རྟེན་དང་གླེགས་བམ་རྣམས་འཕྲོག་པར་བྱས་ཀྱང་། གླེགས་བམ་གྱི་ཡི་གེ་ཐམས་ཅད་ཐུགས་ལ་བཞུགས་པས་སུ་གང་གུས་འཕྲོག་པར་མི་ནུས་དགོངས་ཏེ་ནལནྡཱར་བྱོན། དེ་ནས་གཅེན་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་མཛད་ཡོད་པའི་དོན་རྣམས་ལ་གཟིགས་ཏེ། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་བསྟན་བཅོས་བརྩམས། །ཞེས་སྨྲས་པ་ཕྱིས་གཅེན་གྱིས་གསན་ནས་ཐེག་ཆེན་གྱི་ཆོས་ལ་ཚུལ་བཞིན་མ་ཡིན་པའི་ལོག་སྒྲུབ་དེ་མ་བསལ་ན་མི་འོངས་པས་འདུལ་བའི་དུས་ལ་བབས་པ་ཡིན་སྙམ་སྟེ། སླབ་དཔོན་རང་ཉིད་ཀྱི་སློབ་མ་གཉིས་པོ་གཅིག་ལ་མདོ་སྡེ་ས་བཅུ་པ་དང་། གཅིག་ལ་བློ་གྲོས་མི་ཟད་པ་བསྟན་ནས་དེ་གཉིས་གི་ཐད་དུ་སྲོད་དང་ཐོརངས་ཀྱི་དུས་སུ་ཁ་ཏོན་བྱེད་པར་བཏང་ནས་དེ་གཉིས་ཀྱིས་དེ་བཞིན་དུ་བྱས་སོ། །དབྱིག་གཉེན་གྱིས་མདོ་འདོན་པ་གསན་པས། སྲོད་ལ་ཐེག་ཆེན་ས་བཅུ་པའི་མདོ་དེ་རྒྱུ་བཟང་བ་ཙམ་ཞིག་རྟོགས། ཐོ་རངས་བློ་གྲོས་མི་ཟད་པའི་མདོ་དེ་རྒྱུ་འབྲས་གཉིས་ཀ་བཟང་བར་རྟོགས་ནས་སྔར་གྱི་སྐུར་བ་བཏབ་པ་རྣམས་རྗེས་སུ་འགྱོད་པས་རང་གི་ལྕེ་གཅོད་པར་བརྩམས། ཁོང་གཉིས་ཀྱིས་ལྕེ་གཅོད་པར་མི་བྱ་དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུས་པས། གཅུང་དབྱིག་གཉེན་འཕགས་པ་ཐོགས་མེད་དྲུང་དུ་བྱོན་ཏེ་སྡིག་པ་སྦྱོང་བའི་ཐབས་སུ་ཞུས། འཕགས་པས་རྒྱལ་བ་མ་ཕམ་པར་ཞུས་ཤིང་། ཁྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་ཤོད། མདོ་སྡེ་མང་པོར་འགྲེལ་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་འབུམ་དུ་ཟློས་ཤིག་ཅེས་གསུངས་པས། གཅུང་གིས་ལྷག་པའི་ལྷ་དེ་བདག་བསྟན་དུ་གསོལ་ཞུས་བྱས་པས་སློབ་དཔོན་གྱིས་རྗེ་བཙུན་ལ་ཞུས། རྗེ་བཙུན་གྱིས་ཁོང་ཐེག་ཆེན་ལ་སྐུར་བ་བཏབ་པས་ཚེ་འདི་ལ་མ་མཐོང་བའི་སྐལ་བ་མེད་ཀྱང་ཕྱི་མ་མཇའ་འོང་ཞེས་ཐོགས་མེད་ལ་གསུངས། དེ་ནས་གཅུང་དབྱིག་གཉེན་གཅེན་ལ་ཤིན་ཏུ་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་གསུངས། ཐེག་ཆེན་མདོ་སྡེ་ཐམས་ཅད་གཅེན་ལས་གསན་ཞིང་ལན་རེ་ཐོས་པ་ཙམ་གྱིས་ཐུགས་སུ་ཆུད་པ་དང། རྒྱལ་བ་མ་ཕམ་པའི་བཀའ་བཞིན་དུ་ཐེག་ཆེན་ངགྱི་མདོ་ལ་འགྲེལ་རྒྱལ་བའི་ཡུམ་དང་། ས་བཅུ་པའི་མདོ་དང་། བློ་གྲོས་མི་ཟད་པ་བསྟན་པ། ག་ཡ་གོ་རིའི་མདོ་སོགས་ཀྱི་འགྲེལ་བ་མཛད། སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཐེག་ཆེན་དུ་ཞུགས་པ་དང་། རྡོ་རྗེ་སློབ་དཔོན་རྣལ་འབྱོར་པ་ཞིག་གི་མདུན་ནས་གསང་སྔགས་ཀྱི་འཇུག་སྒོ་དབང་གིས་སྨིན་པར་བྱེད་པ་སྟེ། རྡོ་རྗེ་རྣལ་འབྱོར་མའི་དབང། ཕྱག་རྡོར་གྱི་དབང་དང་དེ་དག་གི་གདམས་ངག་རྣམས་ཐོབ་ཏེ་རིག་སྔགས་བསྒྲུབས་པས་གྲུབ་ཅིང་ལྷག་པའི་ལྷ་དེ་རྣམས་ཞལ་གཟིགས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐུགས་རྒྱུད་ལ་འཁྲུངས། མི་ཡུལ་ན་བཞུགས་པའི་རྒྱལ་བའི་བཀའ་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དེ་བཞིན་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལས་མདོ་ལྔ་བརྒྱ་ཤླཽཀ་འབུམ་གསུམ་དུ་གྲགས་པ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ། གསང་སྔགས་ཀྱི་གཟུངས་ལྔ་བརྒྱ་སོགས་ཚིག་དོན་མ་ལུས་པ་གསལ་བར་ཐུགས་སུ་ཆུད་ཅིང་ཏིལ་མར་གྱི་རྫིང་བུའི་ནང་དུ་ཞུགས་ནས་ཉིན་མཚན་སྦྲེལ་མ་ཞག་བཅོ་ལྔ་རེའི་རིང་ལ་དེ་རྣམས་ལོ་རེར་ཞལ་འདོན་དུ་ལེན་པ་རེ་གྲུབ་པར་མཛད། ཤེར་ཕྱིན་བརྒྱད་སྟོང་པ་ཉིན་རེར་ཆགས་མེད་འདོན་པར་མཛད་པའོ། གཅེན་ཐོགས་མེད་སྐུ་མྱ་ངན་ལས་འདས་རྗེས་སུ་དཔལ་ནཱལནྡཱར་མཁན་པོ་གནང་སྟེ་ཉིན་རེ་ལ་རང་རང་གང་ལ་གང་འདོད་བཞིན་དུ་རང་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་བྱ་བ་ལྷུར་ལེན་པ་དང་། ཉིན་རེ་ལ་ཐེག་ཆེན་མདོ་སྡེ་མི་འདྲ་བ་ཆོས་ཐུན་གྲངས་ཉི་ཤུ་རེ་མ་ཆགས་པ་གསུངས་པ་དང་། ཕྱི་རོལ་མུ་སྟེགས་པའི་རྒོལ་བ་རྣམས་ཐམས་ཅད་རིགས་ལམ་གྱིས་ཚར་བཅད་པ་དང་། རང་ཉིད་ཀྱང་ཡི་དམ་ལྷག་པའི་དྲུང་ནས་ཡང་ནས་ཡང་དུ་ཆོས་ཉན་ཅིང་ངོམས་པ་མེད་པ་དང་། མན་ངག་རྣམས་བསྡུས་ཏེ་བསྟན་བཅོས་ཀྱི་བྱ་བ་བརྩམས་པར་མཛད་ཅིང་བཞུགས་པ་སྟེ། མདོར་ན་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ན་ལ་ཉིན་མཚན་དབྱེར་མེད་དུ་དུས་འདའ། དེས་ན་སྟོན་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་འགའ་ཡང་མེད་དོ་ཞེས་གྲགས་ཏེ་འཕགས་བོད་ཀུན་ནའང་སངས་རྒྱས་གཉིས་པ་ཞེས་མཚན་གྱི་བ་དན་མངོན་པར་མཐོ་བའི་ཁྱབ་བོ། །སློབ་དཔོན་འདི་ཉིད་ཕལ་ཆེ་བ་ཡུལ་དབུས་མ་གྷ་དྷཱའི་ས་ཕྱོགས་ཁོ་ན་བཞུགས་ཏེ་ཆོས་གཞི་གཙུག་ལག་ཁང་རྙིང་པ་རྣམས་ཞིག་གསོ་མཛད་པ་དང་། མེད་པའི་ས་ཕྱོགས་སུ་ཆོས་གཞི་གསར་པ་བརྒྱ་རྩ་བརྒྱད་བཙུགས་པ་དང་། དེ་བཞིན་ལྷོ་ཕྱོགས་སུའང་སློབ་དཔོན་ཉིད་ཀྱིས་བཀའ་བསྒོས་ཏེ་གཙུག་ལག་ཁང་མང་པོ་བཞེངས་པ་དང་། ཤར་ཕྱོགས་གཽ་རིའི་ཡུལ་དུ་གྲོང་ཁྱེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་ཐེག་ཆེན་གྱི་མདོ་སྡེ་འཁོར་བསྐོར་བ་ན། དེའི་ཚེ་དཀར་ཕྱོགས་ལྷ་རྣམས་ཀྱིས་དགའ་ཞིང་སྤྲོ་ན་གསེར་གྱི་མེ་ཏོག་གི་ཕབ་སྟེ་མུ་ཏོ་བ་རྣམས་ལའང་གསེར་གྱི་མེ་ཏོག་མང་པོ་རྙེད་ནས་ཐམས་ཅད་དགའ་མགུ་ལ་ལོངས་སྤྱོདཔའི་གནས་སུ་གྱུར། དེ་བཞིན་རྒྱལ་པོའི་ཁབ་ཏུ་གྱོང་ཁྱེར་ཞིག་ལ་མེ་ཤོར་བ་དང་། གྲོང་ཁྱོར་མཐར་སྐྱེས་སུ་རིམ་ནད་དྲག་པོ་བྱུང་བ་སོགས་ཐམས་ཅད་ཞི་བར་མཛད་པ་སྟེ་ངོ་མཚར་བའི་རྣམ་ཐར་དཔག་ཏུ་མེད་པ་མངའ། དེ་ནས་བྲམ་ཟེ་མཀྵི་ཀ་ཞེས་བྱས་ཤིང་ཡུལ་ཨོ་ཊི་བི་ཤར་ལ་སྤྱན་དྲངས་ཏེ། ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་གྱི་རིང་ཆོས་ཀྱི་འཁོར་ལོ་སྐོར། མདོར་ན་སློབ་དཔོན་འདི་ཉིད་ལ་ཐེན་གྱི་སློབ་མ་དགེ་སློང་དྲུག་ཙམ་མྱོང་བ་ཞེས་གཏམ་སྙན་པར་གྲགས་སོ། །སློབ་འདི་ཉིད་ཀྱིས་ཆོས་མངོན་པར་མཛོད་རྩ་བ་མཛོད་ཅིང་སློབ་དཔོན་འདུན་བཟང་ལ་ཕུལ་བས་ཤིན་ཏུ་དགྱེས། སློབ་མ་གཞན་རྣམས་ཀྱིས་བསྟན་བཅོས་འདིའི་ནང་དུ་ལོ་གྲགས་ཟེར་གསུམ་ཞེས་བཀོད་འདུག་པས་འོ་སྐོལ་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་ཟུར་ཟའི་ཚིག་འདུག་ཞུས་པས། འདུན་བཟང་གིས། ཁོང་ནི་བསྟན་བཅོས་བརྩམས་པ་ལ་མཁས་པ་ཡིན་པས་མཁས་པའི་ཚིག་རྒྱན་ཅེས་གསུངས་ཏེ་ཐུགས་དགྱེས་ནས་འདི་ཉིད་ལ་འགྲེལ་བ་ཞིག་བྲིས་ཤོག་གསུངས། དུས་ཕྱིས་འགྲེལ་བ་ཞིག་མཛད་དེ་ཕུལ་བ་དང་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་ཅུང་ཟད་སྟིང་ཚིག་མཛད་ཡོད་པ་ལ། སློབ་དཔོན་འདུས་བཟང་གིས། འོ་རྩ་བ་སྨད་ལྟ་བུ་ལ་འབྲས་བུ་དུག་ལྟ་བུ་ཞིག་འགྲེལ་འདུག་ཅེས་མ་དགྱེས་ཏེ་རྩོད་པ་འགྲན་སྙམ་ནའང། དབྱིག་གཉེན་གྱིས་ཁོ་བོའི་བཤེས་གཉེན་ལ་རིག་པ་འགྲན་ནས་རྩོད་པས་ཕམ་པར་བྱེད་ན་མི་རུང་དེ་བས་ཡུལ་གཞན་དུ་འགྲོ་ན་བཟང་ངོ་སྙམ་ནས་བལ་ཡུལ་རང་བྱུང་མཆོད་རྟེན་སར་བཞུད་པའོ། །ཡང་ལྟ་ར་ཏཱ་ཐས། བོད་ཀྱི་ལོ་རྒྱུས་ལྟར་ན་མངོན་པ་མཛོད་རྩ་བ་བརྩམས་ནས་ཁ་ཆེར་འདུས་བཟང་ལ་བསྐུར་བས་དགྱེས་ཤིང་། འགྲེལ་པ་གཟིགས་ཕུལ་བས་མ་དགྱེས་ཏེ། རྩོད་པའི་དོན་དུ་མ་ག་དྷཱར་བྱོན་པ་ལ།་སློབ་དཔོན་དབྱིག་གཉེན་བལ་ཡུལ་དུ་བྱོན་པ་ཡིན་ནོ་ཞེས་ཟེར་བ་ལ། མཛོད་རྩ་འགྲེལ་བརྩམས་ནས་འདུས་བཟང་ལ་གཟིགས་ཕུལ་བས་དགྱེས་དང་མ་དགྱེས་པ་སོགས་དེ་ལྟར་འཐད་དུ་རུང་ལ། འདུས་བཟང་མ་ག་དྷཱར་བྱོན་པའི་གཏམ་གསལ་པོ་རྒྱ་གར་ན་མེད་ཅིང་། བྱོན་ཟིན་ནའང་དུས་སྔ་མོ་ཡིན་པར་མངོན་པས། དབྱིག་གཉེན་བལ་ཡུལ་དུ་བྱོན་པའི་དུས་ན་འདུས་བཟང་སྐུ་འདས་ནས་ལོ་མང་པོ་ལོན་པར་མངོན་ནོ། །ཞེས་གསུངས་པས་བརྟགས། མདོར་ན་སློབ་དཔོན་འདི་ཉིད་སློབ་མ་སྟོང་དང་བཅས་ཏེ་བལ་ཡུལ་དུ་བྱོན་ཏེ་ཐེག་པ་ཆེན་པོ་ཆོས་རྒྱ་ཆེར་བསྟན་པ་དང་། དེར་རང་བྱུང་གི་མཆོད་རྟེན་དུ་གྲགས་པ་མཆོད་རྟེན་གོ་མ་སཱ་ལ་གནྡེ་ལ་ཞབས་བསྐོར་མཛད་པ་ན། རབ་བྱུང་ཆ་བྱད་ཅན་ཧང་ངུ་ཞེས་པ་དེས་ཞིང་རྨོད་པ་དང་ཆང་གི་བུམ་པ་ཐོགས་པ་གཟིགས་པས་རྒྱལ་བའི་བསྟན་པ་ལ་ཤིན་ཏུ་ཉམས་དམས་སུ་འདུག་གོ་སྙམ་སྟེ་ཐུགས་སྐྱོ་བའི་རྣམ་པ་རྐྱེན་བྱས་ཏེ། མཐར་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སྔགས་གོང་འོག་ལྡོག་སྟེ་འདོན་པ་སོགས་སྐུ་ཚེའི་འདུ་བྱེད་བཏང་སྟེ་དེ་ཉིད་དུ་སྐུའི་བཀོད་པ་བསྡུས་སོ། །སློབ་དཔོན་གང་དུ་མྱ་ངན་ལས་འདས་པའི་སར་སློབ་མ་རྣམས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་བཞེངས་པ་དུས་ད་ལྟའི་བར་དུ་ཡོད་པར་གྲགས། གང་གི་སློབ་མ་གཙོ་བོ་ལ། ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་རང་ལ་མཁས་པ་སློབ་དཔོན་རྣམ་གྲོལ་སྡེ། འདུལ་བ་རང་ལ་མཁས་པ་སློབ་དཔོན་ཡོནྟ་འོད། མངོན་པ་རང་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་སྟེ་རང་མཁས་ཀྱི་བུ་སློབ་བཞི་དང་། གཞན་ཡང་སྨྲ་བའི་དབང་ཕྱུག་དཀོན་མཆོག་འབངས། གནས་བརྟན་དུལ་བའི་ལྷ། མཁས་པ་ཙནྡྲ་གཱོ་མི། སློབ་དཔོན་ཆོས་སྐྱོང་གཙོས་བསྟན་འཛིན་གྱིས་སྐྱེས་བུ་སྟོང་ཕྲག་དུ་མ་བྱུང་བ་ཡིན་ནོ། །དེས་ན་བདག་ཉིད་ཆེན་པོ་འདིས་མཛད་པའི་ཆོས་མངོན་པར་མཛོད་ཀྱི་རྩ་འགྲེལ་དེ་བཤད་བྱ་རྩ་བའི་བཀའ་འཁོར་ལོ་དང་པོ་དང་། རྒྱལ་བའི་ཡུམ་དོན་གདུལ་བྱའི་མོས་པ་བཞིན་བསྟན་པའི་ཤེར་ཕྱིན་གཞུང་འགྲེལ་ལྟ་བུ་བར་པ་དང་། བློ་གྲོས་མི་ཟད་པ། ས་བཅུ་པ། ག་ཡ་གོ་རི་སྟེ་ཐེག་ཆེན་གྱི་མདོ་འགྲེལ་རྣམས་བཀའ་ཐ་མའི་ཆོས་འཁོར་གྱི་དོན་བསྟན་པ་སོགས་བསྟན་བཅོས་མང་དུ་མཛད་དོ། །དེ་ལྟར་ནའང་བསྟན་བཅོས་ཀྱི་གཞུང་མཚན་རེ་རེ་བཞིན་གཤམ་གསལ་དཀར་ཆག་ནང་དུ་གསལ། །ཇི་སྐད་དུ། བློ་ལྡན་རྣམ་མཆོག་འཇིག་རྟེན་གྱི། སངས་རྒྱས་གཉིས་པ་ལྟར་བརྗོད་གང་། །འགྲོབའི་ཡང་དག་གཉེན་གྱུར་པ། །དབྱིག་གཉེན་ཞེས་བྱ་དེས་མཛད་དོ། །ཞེས་སོ། །སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ས་གནོན་ཕྱག་རྒྱའི་ཚུལ། གདན་འབོལ་རྩེག་སྟེང་དུ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པའོ།།

སླར་སྨྲས་པ།

བྱེ་མདོའི་ཐུན་མོང་ལམ་གྱི་གཞུང་ཤིང་ཆོས་མངོན་དྲི་མེད་སྡེ་བདུན་རྣམས། །རབ་ཏུ་རྩེན་ཏེ་རྗེས་འབྲང་ཤེས་རབ་ཡལ་གའི་འབྲས་བུ་གཡུར་ཟ་བའི། །ཟག་མེད་རྣམ་གྲོལ་ཤེས་རབ་བསྟན་ཏེ་རང་རིག་གཉིས་སྟོང་སྲོལ་ཡང་ཕྱེས། །སངས་རྒྱས་གཉིས་པ་དབྱིག་གཉེན་ཞེས་གསོལ་ཐུན་མོང་གྲུབ་མཐའ་ཀུན་གྱི་རྒྱན།།

 

གཞུང་ལུགས་འབུམ་ཕྲག་འདུས་པའི་ཆོས། །

གཞུང་མཆོག་མངོན་མཛོད་ཅེས་བྱ་བའི།།

གཞུང་ཀུན་ཉི་མའི་འོད་ལྟ་བུ། །

གཞུང་ལུགས་དྲི་མེད་རྟོགས་པར་ཤོག།།

ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༡༽ སློབ་དཔོན་ཕྱོགས་ཀྱི་གླང་པོའི་རྣམ་ཐར་ནི།

དེ་ཉིད་ལས།

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས།།

སྟོན་ཕྱིར་ཚད་མིའི་སྒོ་བརྒྱ་ལེགས་ཕྱེ་ནས།།

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ།།

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་ཐོག་མར་སྐུ་འཁྲུངས་པའི་ཡུལ་ནི། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སེངྒ་བཀྟ་ཞེས་བྱ་བ་གཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་ལས་འཁྲུངས། ཉན་ཐོས་གནས་བུ་བའི་སྡེ་པའི་མཁན་པོ་ནཱ་ག་དཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཕྱོགས་ཀྱི་གླང་པོ་ཞེས་བཏངས། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་ཐོས་བསམ་བྱས་ཤིང་མཁས་པའི་ཕ་མཐར་ཕྱིན། མཁན་པོ་དེ་ཉིད་ལས་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་ཤིང་། བརྗོད་དུ་མེད་པའི་བདག་ཅེས་བྱ་བ་སྟེ་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས། ཡང་ནས་ཡང་དུ་བསྒོམས་པས་བདག་མ་རྙེད་ནས། མཐར་ཉིན་མོ་དཀར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་སྤར་ཏེ་ལུས་གཅེར་བུ་ཕྱུང་ནས་མིག་བགྲད་དེ་ཕྱོགས་བཅུར་ཀུན་ཏུ་བལྟས་ཏེ་བཙལ་ཡང་བདག་མ་རྙེད་དོ། །དེའི་ཚེ་སྤྱོད་ལམ་དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས། མཁན་པོས་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པ་ན། བདག་ནི་བློན་པོ་རྟུལ་ཞིང་བློ་གྲོས་དམན་པས་མཁན་པོས་གདམས་པ་གནང་བའི་བརྗོད་དུ་མེད་པའི་བདག་དེ་ནི་ཁོ་བོས་མ་མཐོང་བས་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་ཞིང་དེ་ལྟར་བྱས་སོ་ཞུས། དོན་གྱིས་དེ་འགོག་པར་བྱེད་པའི་རིགས་པར་སོང་བས། མཁན་པོ་ཁྲོས་ཏེ། ཁྱོད་ཀྱིས་ཁོ་བོའི་གྲུབ་མཐའ་ལ་སུན་དབྱུང་བར་འདུག་པས་སོང་ཞིག་ཟེར་ནས་བསྐྲད། མཁན་པོ་ལ་དེ་ཉིད་དུ་རིགས་པས་སུན་དབྱུང་བར་ནུས་ཀྱང་འོས་པ་མ་ཡིན་ནོ་སྙམ་སྟེ་ཕྱིར་བྱོན་ནས་མཐར་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་གཤེགས། ཐེག་པ་་གོང་འོག་གོ་སྡེ་སྣོད་ཐམས་ཅད་ལ་གསན་བསམ་མཛད་ཅིང་མཁས་པའི་རྩེ་མོར་སོན་པ་དང་ཁྱད་པར་དུ་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་སོགས་ལ་མཁས་པར་གྱུར་ཏོ། །དེ་ནས་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གི་མདུན་ནས་འཇམ་དབྱངས་ཀྱི་དབང་ཁྲིད་ཟབ་མོ་སོགས་གདམས་པ་ནོད་དེ་བསྙེན་སྒྲུབ་ཏུ་བཞུགས་པས་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་ཇི་ལྟར་འདོད་པ་བཞིན་མན་ངག་གི་ཆོས་རྣམས་གསན་མཛད། དེ་ནས་ཨོ་ཊི་བི་ཤའི་ཡུལ་གྱི་ནགས་ཚལ་དུ་དབེན་པའི་ཁྲོད་དེར་བྷེ་ཏ་སཻ་ལ་ཞེས་བྱ་བའི་བྲག་ཕུག་ཏུ་རྩེད་གཅིག་ཏུ་ཏིང་ངེ་འཛིན་གཞོལ་ཏེ་ལོ་འགའ་ཞིག་སོང་བས། ནམ་ཞིག་ན་དཔལ་ནལནྡཱར་མུ་སྟེགས་བྲམ་ཟེ་སུ་དུ་ར་ཛ་ཡ་ཞེས་བྱ་བས་རྟོག་གེ་ལ་ཤིན་ཏུ་བྱང་བ་རྣམས་འདུས་ཏེ་རྩོད་པར་འོངས་ཤིང་། དེར་ནང་པའི་སློབ་དཔོན་གཞན་རྣམས་ཀྱིས་རྩོད་པར་མ་ནུས་ཀྱང་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་ཏེ་རིགས་པའི་བརྒལ་རྟགས་བྱས་པས་ལན་གསུམ་ལ་ཕམ་པར་བྱས་ཏེ་མུ་སྟེགས་ཐམས་ཅད་མཐར་ནང་པའི་བསྟན་པ་ལ་བཅུག་པར་མཛད། གཙུག་ལག་ཁང་གི་གནས་དེར་དགེ་འདུན་ལ་མདོ་སྡེ་དང་མངོན་པའི་ཆོས་ཀྱི་འཁོར་ལོ་བསྐོར། མཛོད་ཀྱི་འགྲེལ་བ་དང་། ཡོནྟ་མཐའ་ཡས་པར་བསྟོད་པའི་འགྲེལ་བ་དང་། དམིགས་པ་བརྟག་པ་ལ་སོགས་བསྟན་བཅོས་ཐོར་བུ་བ་སོགས་མང་དུ་མཛད་དེ་ཡོངས་སུ་བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་སོགས་མཛད་དོ། །དེ་ནས་སྔོན་ཏིང་ངེ་འཛིན་ལ་བཞུགས་པའི་གནས་བྷེ་ཏ་སཻ་ལ་ཞེས་བྱ་བའི་དབེན་ཁྲོད་དེར་སླར་ཡང་བསམ་གཏན་ལ་བརྩོན་པར་མཛད་ཅིང་དེར་རང་ལ་ཐུན་མོང་ཡིན་པའི་བློ་གྲོས་བསྐྱེད་ཅིང་དེའི་མཐུ་ལས་བྱུང་བས། སྔར་བརྩམས་པའི་བསྟན་བཅོས་འཐོར་བ་རྣམས་གཅིག་ཏུ་བསྡུས་ཤིང་ཚད་མའི་མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་བརྩམས་ཏེ་ཕུག་པའི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ཞེས་མཆོད་བརྗོད་དང་བཤད་པར་དམ་བཅའ་བ་བྲིས་པ་ཙམ་གྱིས། ས་གཡོ་བ་དང་འོད་གསལ་བ་དང་། སྒྲ་ཆེན་པོ་གྲགས་པ་སྟེ་མུ་སྟེགས་ཀྱི་སྟོན་པ་རྣམས་བྱིན་པ་ཤིང་བཞིན་རེངས་པ་སོགས་ལྟས་མཚར་པོ་ཅན་དུ་མ་བྱུང་བ་དང་། དེའི་ཉེ་འཁོར་ཞིག་ན་ཡང་མུ་སྟེགས་ཀྱི་སྟོན་པ་བྲམ་ཟེ་ནག་པོའམ་ཐུབ་རྒྱལ་ནག་པོ་ཞེས་་བྱ་བའི་མངོན་ཤེས་ཕྲ་མོས་བལྟས་པ་ན་དེ་ལྟ་བུ་ལྟས་ཡིན་པར་ཤེས་ཏེ་ཕྲག་དོག་གིས་མ་བཟོད་པར། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་འོངས་ཏེ་ལན་གཉིས་སུ་བསུབ་པ་དང་། ལན་གསུམ་པ་བྲིས་པས་ཚིགས་སུ་བཅད་པ་འདི་ཀུ་རེ་དང་ཀྱལ་ཀའི་འཕྱི་བ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབས། ཕྲག་དོག་དབང་གིས་ཡིན་ན་བློ་ལ་ཡོད་པས་འདི་འཕྱིས་པར་མི་ནུས། ཅི་སྟེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཤིག་བྲིས་ཏེ་བསོད་སྙོམས་ལ་གཤེགས་པར། ཤུལ་དུ་བསུབ་འོངས་ཏེ་ཡི་གེ་རྣམས་མཐོང་ནས་དེར་བསྟད། སློབ་དཔོན་ཚུར་འཁོར་བ་དང་ཕྲད་ནས་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་གསུམ་ཕམ་པར་བྱས་ཏེ། ད་ཁྱོད་ནང་པའི་བསྟན་པ་ལ་ཞུགས་ཤིག་གསུངས་པ་ན། ཁྲོས་ཤིང་སྔགས་བཟླས་ནས་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་བསྲེགས་སློབ་དཔོན་ཡང་ཚིག་ལ་ཁད་བྱུང་སྟེ། སློབ་དཔོན་ཐུགས་སྐྱོ་ཞིང་བདག་གིས་འདི་ལྟ་བུ་གང་ཟག་གཅིག་ལ་ཡང་དོན་འགྲུབ་མི་ནུས་གཞན་སེམས་ཐམས་ཅད་ཀྱི་དོན་ག་ལ་ནུས་སྙམ་ནས། ད་ནི་རང་དོན་དུ་ཞི་བདེའི་འབྲས་བུ་མངོན་དུ་བྱའོ་དགོངས་ཏེ་རྡོ་ཐལ་ནམ་མཁའ་ལ་འཕངས་ཏེ་ས་ལ་བབ་མ་ཐག་སེམས་བསྐྱེད་གཏོང་བར་བརྩམས་པ་ན་ས་ལ་མ་བབས་པར་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་བྱོན་ནས། བུ། མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་ལས་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ཅེས་གསུངས། སློབ་དཔོན་གྱིས། བཟོད་དཀའི་སྡུག་བསྔལ་དུ་མ་དང་ལྡན་བརྣག་དཀའ་ངལ། །སེམས་ཀྱང་དམ་པ་མིན་པའི་སྤྱོད་པ་ལ་དགའ་ཞིང་། སྐྱེ་བ་དམ་པ་འཕྲད་དཀའ་གལ་ཏེ་ཁྱོད་ཀྱི་ཞལ་མཐོང་ཡང་། །བདག་ལ་བྱིན་གྱིས་མ་བརླབས་དེ་ལ་ཅི་བགྱིར་མཆི། །ཞེས་ཞུས། །དེ་ནས་རྗེ་བཙུན་གྱིས། ཁྱོད་ཀྱི་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །ཕྱི་མའི་དུས་ན་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། ཞེས་གསུངས་སྟེ་མཐར་སྐུ་ལུས་མི་སྣང་བར་གྱུར། དེ་ནས་སློབ་དཔོན་གྱིས་བསྟན་བཅོས་དེ་ཡང་ལེགས་པར་བརྩམས་པ་མཐར་གྲུབ་སྟེ། ཉིན་གཅིག་བསོད་སྙོམས་ལ་གཤེགས་ཏེ་ཅུང་ཙམ་ཉུང་བར་གྱུར་བ་ན་ནགས་མཐོང་ཞིག་ཏུ་བཞུགས་པས་ཡུད་ཙམ་མནལ་དུ་སོང་བ་དང་། སངས་རྒྱས་མང་པོ་ཞལ་མཇལ་བ་དང། ཏིང་ངེ་འཛིན་སྒོ་དུ་མའི་ཡོནྟ་ཐོབ་པ་སོགས་མནལ་དུ་རྨིས་པ་ན། དེའི་ཚེ་ཕྱི་རོལ་དུ་ལྷ་རྣམས་ཀྱི་མེ་ཏོག་གི་ཆར་ཕབ། ལྗོན་ཤིང་གི་ཡལ་ག་མེ་ཏོག་རྣམས་ཀྱང་དུད་པ་དང་། དེར་གླང་པོ་ཆེ་རྣམས་གློ་ཕབ་ཅིང་བསིལ་གྲིབ་ཏུ་ཉལ་བཞིན་ཡོད་པ། སྐབས་དེར་རྒྱལ་པོ་སྐྱེ་བོའི་འཁོར་དང་བཅས་པ་སྐྱོར་སངས་ལ་འོངས་ཤིང་མཐོང་ནས་ངོ་མཚར་སྐྱེས་ནས་མནལ་སད་དེ། ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་དྲིས་པས། མིང་དེ་ལྟར་འདོགས་གསུངས། རྒྱལ་པོས་དེ་མ་ཐག་ཞབས་ལ་ཕྱག་བྱས། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་མུ་སྟེགས་རྒོལ་བ་ཕལ་ཆེར་ཚར་བཅད་དེ་ཆོས་གཞི་རྙིང་པ་རྣམས་ཞིག་གསོ་མཛད་པ་དང་། ཡང་ཨོ་ཊི་བི་ཤའི་རྒྱལ་པོ་བྲམ་ཟེ་བྷ་དྲ་པཱ་ལའི་ཏ་ཞེས་བྱ་བ་དེ་ནི་རྒྱལ་པོ་མཛོད་ཀྱི་སྤྱན་ལྟ་བུ་ཡིན་པས་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ཅིང་། དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས་ཏེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་གཙུགས་པ་མཛད་དོ། །དེས་ན་སློབ་དཔོན་འདི་ཉིད་ནི་དུས་རྟག་ཏུ་འདོད་ཆུང་ཆོག་ཤེས་པས་སྦྱང་བའི་ཡོནྟ་བཅུ་གཉིས་ལ་གནས་ཞིང་ཚུལ་ཁྲིམས་རྣམ་པར་དག་པའི་མཐུས། བྲམ་ཟེ་བློན་པོ་དེ་ཉིད་ལ་སྐྱེ་བོ་མང་པོའི་ནད་ལས་ཐར་པ་བྱེད་པ་ཨ་རུ་རའི་སྡོང་པོ་ཁྱད་པར་ཅན་ཞིག་ཡོད་པ་དེ་བསྐམས་པར་གྱུར་པ་ལ་བདེན་ཚིག་གི་སྨོན་ལམ་བཏབ་ནས་ཞག་བདུན་ན་སྡོང་པོ་དེ་ཉིད་སོས་པར་གྱུར་པ་སོགས་གྲུབ་པའི་མངོན་རྟགས་བསམ་གྱིས་མི་ཁྱབ་པར་མངའ་ཞིག་ཡིན་ནོ། །སློབ་དཔོན་འདི་ཉིད་ཀྱི་རྗེས་སུ་འཛིན་པའི་སྐལ་ལྡན་གྱི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་དེའི་སློབ་མ་ཆོས་ཀྱི་གྲགས་པ་སོགས་ཡིན་ནོ། །མཐར་ཨོ་ཌི་བི་ཤའི་ནགས་ཙལ་དབེན་པའི་སྒྲུབ་ཕུག་དེར་ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ།། དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་ལ། བསྟོད་པ་བརྒྱ་ལྔ་བཅུ་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་བསྟོད་པ། སངས་རྒྱས་སོ་ལྔའི་བསྟོད་པ་རིན་པོ་ཆེ་སྤྲས་པ། དམིགས་པ་བཏགས་དེའི་རང་འགྲེལ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། དུས་གསུམ་རྟག་པ། ཕྱོགས་ཆོས་ཆོས་དགུའི་འཁོར་ལོ། མངོན་མཛོད་གནད་ཀྱི་སྒྲོན་མེ། བཟང་སྤྱོད་འགྲེལ་བ། བརྒྱད་སྟོང་དོན་བསྡུས་སོགས་ཏེ་མདོ་སྔགས་ཀྱི་ཆོས་ཚན་གྲངས་མེད་པ་བཞུགས་པའོ།། སློབ་དཔོན་འདིའི་སྐུ་ཡི་ཆ་ལུགས་ནི། །དབུ་ལ་པཎ་ཞྭ་གསོལ་ཞིང་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། ཞལ་ཅུང་ཙམ་གཏུམ་པོའི་ཚུལ་དུ་ཕྱག་གཉིས་བརྒལ་རྟགས་ཀི་རྣམ་པ། གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་ཅུང་ཙམ་བསྐྱང་བའི་ཚུལ་དུ་བཞུགས་པའོ། །སྟེང་ནས་རྗེ་བཙུན་འཇམ་པའི་དབྱངས་སྤྲིན་གསེབ་ནས་ཞལ་གཟིགས་པའི་རྣམ་པ། མདུན་དུ་མུ་སྟེགས་བྲམ་ཟེའི་ཆ་བྱད་ཅན་ཞིག་མངངས་ཤིང་འཁོད་པའོ།།

སླར་སྨྲས་པ།

ཤེས་བྱེད་བློ་ཡི་ཚད་མས་འཇུག་ཅིང་ཤེས་བྱའི་བདེན་གཉིས་དོན་ཀུན་ཏུ། །ཤེས་རིག་བློ་སྒོ་ཉི་འོད་འཕྲོ་ཤིང་ཤེས་དང་ཤེས་བྱའི་ཚིག་དོན་རྣམས། །ལོག་རྟོགས་མུན་པ་རྣམ་པར་བསལ་ཅིང་ཡེ་ཤེས་སྣང་བ་ཆེན་པོ་ཡིས། །ཕྱོགས་དུས་ཀུན་ན་བློ་གྲོས་སྟོན་པའི་མི་འཇིགས་གླང་པོ་ཨེ་མ་ཧོ།།

 

ཆོས་ཀུན་གཤིས་བབས་རྟེན་འབྱུང་གི །

ཆོས་དང་ཆོས་ཉིད་རྟོགས་འདོད་ན།།

ཆོས་ཀྱི་ཚད་མའི་སྐྱེད་ཚལ་དུ། །

ཆོས་འདོད་བུང་བ་ཅིས་མི་ལྡེམ།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༢༽ སློབ་དཔོན་ཆོས་གྲགས་ཀྱི་རྣམ་ཐར་ནི།

དེ་ཉིད་ལས།

 

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་།

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས།

ངེས་སྟེང་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི།།

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ཉིད་རྒྱལ་བའི་ལུང་གིས་ཟིན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། །ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོའི་ཕྱོགས་སུ་རྣམ་པར་གྲགས། །པ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་གསུངས་པའི་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡའི་ཡུལ་གྱི་ཡབ་ཡུམ་མུ་སྟེགས་ཀུན་ཏུ་རྒྱུ་སོཉནྡ་ཞེས་བྱ་བའི་བྲམ་ཟེའི་རིགས་ལས་སྐུ་འཁྲུངས། ཆུང་ངུའི་དུས་སུ། བཟོའི་གནས་དང་། སྨན་དཔྱད་དང་། བརྡ་སྤྲོད་པ་དང་། རྩིས་དང་། ཡི་གེ་སོགས་ཐུན་མོང་གི་རིག་གནས་རྣམས་དང་ཁྱད་པར་དུ་མེ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངྟོནས་ཏེ་བྲམ་ཟེ་རྣམས་ཀྱིས་སློབ་དཔོན་ལ་བཀུར་བསྟི་དང་བསྔགས་བརྗོད་བྱས། སྐབས་ཤིག་ལ་སངས་རྒྱས་ཀྱི་གསུང་རབ་འགའ་ལ་གཟིགས་པས་རང་གི་སྟོན་པ་དང་བསྟན་བཅོས་རྣམས་ལ་ཤིན་ཏུ་མི་འཐད་པའི་སྐྱོན་དུ་མཐོང་ནས། སངས་རྒྱས་ནི་སྟོན་པ་ཡང་དག་པ་སྟེ་སྐྱོན་ཀུན་ཟད་ཡོནྟ་ཀུན་དང་ལྡན་པའི་སྐྱེས་བུ་ཁྱད་པར་ཅན་སྟེ་དེའི་དེའི་གསུང་རབ་བདེན་གཉིས་ཟབ་མོའི་དོན་བསྟན་པ་ལ་ཡོནྟ་དུ་མཐོང་ནས་སྤྲོ་བ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་བྱད་དུ་བསྒྱུར་བས། མུ་སྟེགས་གཞན་རྣམས་ཀྱིས་དེ་ཅི་ཡིན་ཞེས་རྒྱུ་མཚན་དྲིས་པས། སངས་རྒྱས་ལ་བསྔགས་པ་བརྗོད་པ་དང་བྲམ་ཟེའི་ཆོས་རྣམས་ལ་ཟུར་ཟ་བྱས་པས། མུ་སྟེགས་རྣམས་ཀྱིས་གནས་ནས་དབྱུངས་བར་བྱས་སོ། །དེ་ནས་ཡུལ་དབུས་སུ་བྱོན་ཏེ་སློབ་དཔོན་ཆོས་སྐྱོང་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཆོས་ཀྱི་གྲགས་པ་ཞེས་གསོལ། སྡེ་སྣོད་གསུམ་ལ་ཐོས་བསམ་བྱས་ཏེ་མཁས་པའི་ཕ་མཐར་སོན། རྟོག་གེའི་བསྟན་བཅོས་མང་པོ་ལ་གསན་བསམ་མཛད་ཀྱང་ད་དུང་ཡིད་མ་ཚིམས་པར་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཕེབས་ཤིང་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་གསན་པས་སློབ་དཔོན་དང་མཉམ་པར་གྱུར། ལན་གཉིས་གསན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། ལན་གསུམ་པ་གསུང་བར་ཞུས་པས་སློབ་དཔོན་དབང་ཕྱུག་སྡེས། ཕྱོགས་ཀྱི་གླང་པོ་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱེད་ལྟ་བུ་ལས་མ་བྱུང་ཚར་རེ་རེ་ལས་འཆད་པའི་སྲོལ་མེད་པས་ངས་ཁྱོད་ལ་ཚར་གཉིས་བཤད་པ་ཡིན། ཚར་གསུམ་པ་གསན་པ་ན་སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་འགའ་ཞིག་རྟོགས་པར་མཁྱེན་ནས་སློབ་དཔོན་ཉིད་ལ་ཞུས་པས་ཤིན་ཏུ་མཉེས་ཏེ། ངའི་གྲུབ་མཐའ་ནོར་བ་ཐམས་ཅད་ཕྱོགས་སྔར་བཟུང་ཞིང་ཚད་མ་ཀུནལས་བཏུས་པའི་འགྲེལ་བ་རྩོམས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ། དེར་སྔགས་ཀྱི་རྣལ་འབྱོར་པ་ཊིངྒེ་བའི་མདུན་ནས་གསང་སྔགས་ཀྱི་དབང་རྣམས་ཞུས། ཡི་དམ་ལྷག་པའི་ལྷ་སྒྲུབ་པས་མངོན་སུམ་དུ་གྲུབ་སྟེ་ཞལ་མཇལ་ཏེ་ངི་འདོད་གསུངས་པ་ལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཚལ་ལོ་ཞུས་པས་དེ་ཉིད་དུ་མི་སྣང་བར་གྱུར། དེ་ནས་སློབ་དཔོན་གྱིས་གྲངས་ཅན་པའི་གསང་ཚིག་རྣམས་དོན་རྟོགས་པའི་ཆེད་དུ་བྲན་གཡོག་གི་ཆ་ལུགས་སུ་བརྫུས་ཤིང་ལྷོ་ཕྱོགས་སུ་བྱོན་ཏེ། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས། གྲུབ་མཐའ་ཐམས་ཅད་ལ་མཁས་པ་གཞོན་ནུ་རོལ་པ་ཡིན་པ་དང་། ཁོང་ནི་རྒྱལ་པོ་ལས་སྟོབས་དང་མངའ་ཐང་རྒྱས་ཤིང་སློབ་དཔོན་དེའི་བྲན་གཡོག་མཛད་དེ་གཞན་བྲན་ཕོ་དང་བྲན་མོ་བརྒྱ་འགྱུར་རྣམས་ལས་སློབ་དཔོན་གཅིག་པུས་གྲུབ་ཐུབ་པ་མཛད་དེ་གཞོན་ནུ་རོལ་པའི་འཁོར་དང་བཅས་པས་ཤིན་ཏུ་དགའ་ཞིང་ཁྱོད་ཅི་འདོད་ཟེར་བས། གྲུབ་མཐའ་ཉན་པར་འདོད་གསུངས་པ་དང་དེའི་སློབ་མ་ལ་མུ་སྟེགས་ཀྱི་རིག་པ་སྟོན་པ་རྣམས་ཀྱང་ཉན་ཅིང་། གསང་ཚིག་དེ་རྣམས་བུ་དང་ཆུང་མ་རྣམས་མ་གཏོགས་གཞན་ལ་མི་སྟོན་པས་དཔོན་གྱིས་བྲན་གཡོག་གི་ལས་བགྱིས་པས་དེའི་བུ་དང་ཆུང་མ་རྣམས་མགུ་བར་བརྟེན་དྲིས་པས་ཤེས། བུ་སྟོན་གྱིས། སློབ་དཔོན་གྱིས་གྲངས་ཅན་གྱི་གྲུབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་བརྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ་གྲུབ་མཐའི་གནད་ལ་འདྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་དྲི་ཡི་ཁྱེད་རང་ཡིད་ལ་ཟུངས་ཟེར་ནས་མོའི་རྐང་པ་ལ་ཐག་པ་གཏགས་ནས་གང་དཀའ་བ་དེ་ལ་ཐག་པ་ཐེན་ནས་ལེགས་པར་ཤེས་པ་དང་བྲོས་ཏེ་གྲུབ་མཐའི་གནད་ལ་ཤེས་པས་ཐམས་ཅད་ཐུབ་པར་ཤེས་སོ། །ཞེས་གསུངས། དེ་ནས་ཡུལ་ཀ་ཀ་གུཧ་ཞེས་བྱ་བར་ཚོང་འདུས་ཆེན་པོ་དང་ཕོ་བྲང་བཅས་ཡོད་པའི་སར་རྒྱལ་པོ་དྲུ་མ་རི་པུ་ཞེས་བྱ་བའི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པར་སུ་ཡོད་དམ་གསུངས། བྲམ་ཟེ་ཀ་ན་གུབྟ་དང་གཞན་ཡང་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་སོགས་འདུས་ནས་བརྩད་པས་ཐམས་ཅད་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་ལ་བཙུད་པར་མཛད། རིམ་བཞིན་གཏམ་དེ་གཞོན་ནུ་རོལ་པས་ཐོས་ནས་ཤིན་ཏུ་ཡིད་མ་རངས་པས་རང་དང་གྲོགས་ལྔ་བརྒྱ་བཅས་ཏེ་རྩོད་པར་འོངས་ནས། གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིག་གལ་ཏེ་ཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་པོ་ཞུས་ཀྱང་སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་བ་རྒྱལ་ན་བདག་མུ་སྟེགས་ལ་འཇུག་གམ། གསོད་དམ། བརྡེག་གམ། ཅི་མཛད་རྒྱལ་པོ་ཉིད་ཤེས་སོ། །གལ་ཏེ་ཁོ་བོ་རྒྱལ་ན་གཞོན་ནུ་རོལ་བ་གསོད་དུ་མི་འཚལ་ཡང་སངས་རྒྱས་ཀྱི་བསྟན་ལ་འཇུག་པར་བྱ་དགོས་ཞེས་གསུངས་ཏེ་བསྟན་པ་དཔང་བཙུགས་ཏེ་བརྩད་པས་གཞོན་ནུ་རོ་བ་ཕམ་པར་བྱས་ཏེ་དེ་དག་བསྟན་ལ་བཙུན་ས་རབ་ཏུ་བྱུང་ཞིང་དཀོན་མཆོག་ལ་མཆོད་པ་སོགས་བྱས། །དེ་ནས་མི་རིང་བར་དཔལ་ནལནྡཱར་གཙུག་ལག་ཁང་དུ་མེ་སྟེགས་ཀྱི་སྟོན་པ་ཤངྐར་ཨཙརྻས་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས། འདུས་སྡེ་རྣམས་ཀྱིས་དང་ཕོད་བྱའོ་ཞེས་ཕྱི་དུས་མཛད་ནས་ལྷོ་ཕྱོགས་ནས་སློབ་དཔོན་སྤྱན་དྲངས་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ཝཱ་རཱ་ཎ་སིར་སངས་རྒྱས་པ་དང་མུ་སྟེགས་ཐམས་ཅད་བསྡུས་ཏེ་རྒྱལ་པོ་དཔང་པོའི་ཚོགས་དང་བཅས་པའི་དབུས་སུ་སློབ་དཔོན་ཆོས་གྲགས་དང་ཤངྐར་ཨཙརྻ་གཉིས་བརྒལ་རྟགས་ཀྱི་རིགས་ལམ་འགྲན་ནས་མཐར་ཤངྐར་ཨཙརྻས་ཅང་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ལམ་ངུ་བཀོད། དེའི་ཚེ་ཁོ་རང་གི་སློབ་མ་བྷ་ཝཱ་ཨཙརྻ་ལ་ཁྱོད་རྩོད་པར་གྱིས་དང་རྒྱལ་བར་བྱོས་ཤིག ཁོ་བོའང་ཁྱོད་ཀྱི་བུར་སྐྱེ་བ་བླང་ཞིང་འཐབ་པར་བྱའོ་ཞེས་སྨོན་ལམ་བཏབ་ནས་ཆུ་བོ་གངྒཱར་མཆོངས་ཏེ་ཤིའོ། །དེའི་སློབ་མ་མང་པོ་གཞན་དུ་བྲོས། ཤངྐར་ཨཙརྻ་དེ་ཉིད་སློབ་མབྷ་ཊཱའི་བུར་སྐྱེ་བ་བླང་ཏེ་མི་རིང་བར་ནར་སོན་པ་ན་སླར་སློབ་དཔོན་ལ་བརྩད་ཀྱང་ཀུན་ཏུ་ཕམ་པར་གྱུར་ཏེ་སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་མཐར་སྔར་བཞིན་ཤི་བར་གྱུར། ཡང་མི་རིང་བར་མུ་སྟེགས་ཤཱངྐར་ཨཙརྻའི་སྐྱེ་བ་གཉིས་པ་དེ་ནི་སྔར་ལས་ཆེད་རྣམ་དཔྱོད་ཆེ་ཞིང་འདོད་ལྷའི་ཞལ་དུ་མ་ཞིག་བསྟན་བྱུང་བས་ལོ་བཅུ་དྲུག་པ་ན་རྒྱལ་པོ་དང་སྐྱེ་བོའི་ཚོགས་དུ་མིའི་དབུས་སུ་བརྩད་པས་ཕམ་པར་བྱས་ཏེ་སྔར་བཞིན་ཚེའི་དུས་བྱས་གཞན་མུ་སྟེགས་ལྔ་བརྒྱ་ཙམ་བསྟན་ལ་ཞུགས་སོ། །སློབ་དཔོན་དེ་ནས་རིམ་བཞིན་རྒྱལ་པོ་མེ་ཏོག་རྒྱས་པའི་སྒོ་དྲུང་དུ་བསླེབས་ཏེ་རྒྱལ་པོས་ད་ལྟ་ལྗོངས་འདི་ན་སུ་མཁས་དྲིས་པས། ཤེས་རབ་ཅན་ན་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མིའི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པས་རྒྱལ་པོས་དེ་དམ་ཐག ཁྱེད་དྷརྨ་ཀིརྟི་ནམ་ཞུས་པས། མིང་དེ་སྐད་དུ་གྲགས་གསུངས། །དེ་ནས་རྒྱལ་པོས་ཤིན་ཏུ་དད་དེ་བསྙེན་བཀུར་གྱི་སྦྱིན་བདག་གནང་སྟེ་དུས་སྔ་ཕྱིར་ཚད་མ་སྡེ་བདུན་གྱི་བསྟན་བཅོས་ཆེན་པོ་བརྩམས་མཛད་ཅིང་དེ་རྗེས་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་ཡང་མཛད་དོ། །གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་ཆེད་དུ་བརྗོད་པའང་གསུངས་སོ། །དེ་ནས་དགེ་འདུན་གི་འདུས་སྡེ་དུ་མའི་ཆེད་ཆོས་གཞི་མང་པོ་བཙུགས་པ་དང་། རྩོད་པ་མཛད་པའི་ཚེ་རྒོལ་བ་བཅུ་ཙམ་ལའང་དུས་ཅིག་ཆར་དུ་ལན་སྨྲ་བཏུབ་པ་སོགས་མི་འཕྲོག་པའི་ཤེས་རབ་ཟབ་མོ་རྒྱུད་ལ་མངའ་ཞིང་། བསྟན་བཅོས་དེ་རྣམས་གཞན་དུ་ཁྱབ་བརྡལ་དུ་སོང་ཡང་ཕལ་མོ་ཆེས་དོན་ཤིན་ཏུ་རྟོགས་དཀའ་བ་བྱུང། ལ་ལས་ཤེས་ཀྱང་ཕྲག་དོག་གིས་བསྟན་བཅོས་དེ་རྣམས་ཚིག་དོན་དག་ལ་སྐྱོན་འདུག་གོ་ཞེས་ཀུན་ཏུ་བསྒྲགས་ཏེ་ཁྱིའི་མཇུག་མ་ལ་བཏགས་ནས་མངགས།་སློབ་དཔོན་གྱིས་དེ་གསན་ནས་ཁྱིས་གྲོང་དང་སྲང་ཀུན་ཏུ་རྒྱུ་བ་བཞིན་ཁོ་བོས་བསྟན་བཅོས་དེ་ཡང་ཤིན་ཏུ་དར་ཞིང་རྒྱས་པར་འགྱུར་བའི་རྟེན་འབྲེལ་ཡིན་གསུངས། དེའི་རྒྱུ་མཚན་གྱིས་ཚད་མ་རྣམ་འགྲེལ་གྱི་དབུར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྔང་བར་ཡང་། །སྤོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་ཤླཽཀ་འདི་བཅུག་ཅེས་གྲག་གོ །ཕྱིས་སློབ་དཔོན་ལྷ་དབང་བློ་དང་། ཤཱཀྱ་བློ་ལ་སྡེ་བདུན་ལེགས་པར་བཤད། རང་འགྲེལ་གྱི་འཕྲོས་ལྷ་དབང་བློ་ལ་རྩོམ་པར་བསྐུལ་ཏེ། ལན་དང་པོ་བརྩམས་ཏེ་ཕུལ་བས་ཆུས་བཀྲུས། ལན་གཉིས་པ་བརྩམས་ཏེ་ཕུལ་བས་མེར་བསྲེགས། སླར་ཡང་ལན་གསུམ་པ་བརྩམས་ཟིན་པའི་སྐབས། ཕལ་ཆེར་སྐལ་བ་མེད་ཉིད་དང་། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་བྲིས་ཏེ་ཕུལ་བས་ཚིགས་ཟུར་དང་ལུས་ཀྱི་འགྲོས་མཚོན་པའི་དཀའ་གནད་རྣམས་མ་བྱུང་ཡང་། ཚིག་གི་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག་པར་མཛད། །དེས་ན་ངའི་རིག་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་ཤེས་པར་དཀའ་འོ་དགོངས་ནས་རྣམ་འགྲེལ་གྱི་མཇུག་ཏུ། །བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་འགྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མིན་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་ཤླཽཀ་འདི་ཉིད་སློབ་དཔོན་ཉིད་ཀྱིས་བཅུག་པར་གྲགས། །ལ་ལས་ཚིག་བཅད་འདི་ནི་བོད་ཀྱི་ལོ་ཙཱབ་དག་གིས་འགྲོ་དོན་འཕེལ་བའི་རྟེན་འབྲེལ་གྱི་ཆེད་དུ་སྦྱར་བའོ། །ཞེས་ཀྱྱང་གསུངས། །དེ་ནས་ཁ་ཆེ་ཡུལ་དུ་བྲམ་ཟེ་སོགས་ལ་བརྩད་པས་ལོག་པར་རྟོག་པའི་རྒྱུད་རྣམས་བཏུལ་ཏེ་ནང་བསྟན་ལ་བཅུག་པར་མཛད་པ་དང་། དེ་ནས་སློབ་དཔོན་སྐུ་ཚེ་སྨད་ཙམ་ལ་སླར་ཡང་ཤང་ཀཱར་ཨཱཙརྻས་སྐྱེ་བ་གསུམ་པ་བླང་ཚེ་སྔར་བཞིན་བརྩད་ཀྱང་ཕམ་པར་བྱས་ཏེ་མཐར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་ཆོས་བཞིན་འདུལ་བ་བཞིན་ལམ་ལ་གནས་པ་སོགས་སློབ་མར་གྱུར། །གཞན་ཡང་སློབ་དཔོན་གྱིས་ཆོས་གཞི་གཙུག་ལག་ཁང་གྲངས་མེད་པ་རང་ཉིད་ཀྱིས་བཞེངས་པ་དང་སློབ་མའི་ཚོགས་རྣམས་ཀྱིས་དེ་བཞིན་ཆོས་གཞི་བསྟན་པ་དར་ཞིང་རྒྱས་པར་བྱས། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་དེ་མཐར་ཡུལ་ཀ་ལིང་བ་རའི་གནས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནོ། །སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་བསྟོད་པ། རྣམ་འགྲེལ་སོགས་ཚད་མའི་སྐོར་དང་དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཏེ་མདོ་སྔགས་ཀྱི་ཆོས་ཚན་དུ་མ་བཞུགས། སྐུའི་ཆ་ལུགས་ནི། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་བརྒལ་རྟགས་ཀྱི་རྣམ་པར་རོལ་ཞིང་། ཞབས་གཉིས་བསྐྱང་བའི་ཚུལ་དུ་བཞུགས་པའོ།།

སླར་སྨྲས་པ།

ཕྱོགས་གླང་དགོངས་སྤྱོད་དྲི་མེད་རྒྱལ་རྔར་རིགས་པའི་དབྱུག་གུ་བརྡུངས་བྱས་ཏེ། །ཕྱོགས་ཀུན་ཟབ་རྒྱས་སྒྲ་དབྱངས་སྡིར་ཅིང་སྲིན་བྱའི་ཚོགས་རྣམས་ཞུམ་ཞུམ་ལུས། །ཕྱོགས་ཀྱི་སྐལ་ལྡན་སྐྱེ་བོ་རྣམས་ནི་དགའ་བའི་ཆོས་སྟོན་འབྲུག་སྟོང་གཡོས། །ཕྱོགས་བཅུའི་རྒྱལ་བའི་ཤེས་རབ་ལྷ་སྲས་སློབ་དཔོན་ཁྱོད་ཀྱང་གཉིས་སུ་མེད།།

 

ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཆོས་སྒོ་པདྨོའི་དྲི་བསུང་གིས།།

ཆོས་འདོད་ལས་ཅན་བུང་བ་ལ། །ཆོས་ཀྱི་སྦྲང་རྩིའི་མྱོས་པར་བྱས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

 

 

 

༡༣༽  འཕགས་པ་རྣམ་གྲོལ་སྡེའི་རྣམ་ཐར་ནི།

དེ་ཉིད་ལས།

 

ཐོགས་མེས་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན།།

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ།།

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར།།

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ནི། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་འཁྲུངས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་མཁས་བཞིའི་ནང་ནས་ཕར་ཕྱིན་རང་ལ་མཁས་པ་ཞིག་ཡིན། ཉན་ཐོས་གནས་མ་བུ་་པའི་ཀུ་རུ་ཀུལླེའི་སྡེ་བ་ལས་ཆུང་ངུའི་དུས་རབ་ཏུ་བྱུང་སྟེ་ཕྱིས་བསྙེན་པར་རྫོགས། བསྟན་རྩ་འདུལ་བའི་གནས་ལ་བཅས་མཚམས་ཕྲ་མོ་ཙམ་ལའང་མིག་འབྲས་བཞིན་སྲུང་སྟེ་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ལའང་ཡ་མ་བྲལ་བའི་ངང་དུ་སྦྱིན་སོགས་ཤེས་རབ་ཀྱི་གནས་ལ་སྦྱང་བ་ཕུན་ཚོགས་མཛད་དེ་ཐེག་པ་ཐུན་མོང་བའི་ལམ་དང་། ལྷག་པར་དུ་སྐོམ་པས་ཆུ་འདོད་བཞིན་དུ་འདོད་པའི་ཐེག་ཆེན་ཤེར་ཕྱིན་ཟབ་མོའི་མདོ་སྡེ་དང་མན་ངག་མངོན་པར་རྟོགས་པའི་རྒྱན་རྣམས་ལ་གསན་པར་འདོད། དེའི་ཚེ་དེའི་དུས་སུ་སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་ཞེས་མཚན་གྱི་བ་དན་མངོན་པར་མཐོ་བའི་སྐྱེས་བུ་ཁྱད་པར་ཅན་གྲགས་ཤིང་ཆུང་ངུའི་དུས་ནས་དེའི་དྲུང་དུ་ཞབས་ལ་བསྙེན་ཏེ་ཐུན་མོང་བའི་སྡེ་སྣོད་དང་ཁྱད་པར་དུ་ཤེར་ཕྱིན་མདོ་སྡེའི་དོན་དང་མན་ངག་རྣམས་ཇི་ལྟ་བ་བཞིན་དུ་ཐུགས་སུ་མ་ཆུད་བར་དུ་གསན། གསན་པ་བཞིན་ཉམས་སུ་བཞེས་ཏེ་རྒྱལ་བའི་ཡུལ་ཤེར་ཕྱིན་གཞུང་ལུགས་ཀྱི་ཚིག་དོན་མཐའ་དག་ལ་ཤིན་ཏུ་མཁས་པར་གྱུར་པས་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་བགྲོད་དེ་འཕགས་པའི་སའི་མངོན་རྟོགས་ཀྱི་ཡོན་ཏན་མང་པོ་ཐུགས་རྒྱུད་ལ་འཁྲུངས་པར་གྲགས། དེ་ནས་རྒྱལ་བ་མ་ཕམ་པའི་ཞལ་གཟིགས་པ་དང་དེའི་མདུན་ནས་ཀྱང་ཆོས་མཉན་པའི་སྐལ་བ་སྨིན་ཅིང་། ཆོས་ཀྱི་ཚུལ་ཐམས་ཅད་ལ་སོམ་ཉི་ཡོངས་སུ་བྲལ་ནས་རྒྱལ་ཚབ་བྱམས་པས་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་ལ་རྒྱལ་བའི་མདོ་ཉི་ཁྲི་དང་སྦྱར་བའི་འགྲེལ་བ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད་དེ་འཛམ་བུ་གླིང་འདིར་མདོ་དང་སྦྱར་བའི་དགོངས་འགྲེལ་དང་པོ་ཡིན་ནོ། །

དེ་ནས་བཟུང་སྐལ་ལྡན་བུ་སློབ་བུ་རྣམས་ལའང་གདམས་ངག་གི་བསྟན་བཅོས་ཀྱང་བཤད་ཁྲིད་དེ་ཉིད་སྤེལ་ཞིང་རྒྱུན་བསྐྱངས་ཏེ་ཤེར་ཕྱིན་ཟབ་མོའི་གཞུང་ལ་ཉམས་བཞེས་གནང་བའི་སློབ་ཚོགས་བརྒྱ་ཕྲག་མང་པོ་ཞིག་བྱུང་། སྐབས་དེར་ཐེག་ཆེན་པའི་གྲུབ་མཐའ་ལ་མཆིས་སོ་ཅོག་གིས་ཀྱང་སློབ་དཔོན་འཕགས་པ་འདི་ཉིད་ཀྱི་ཞབས་སུ་མ་བརྟེན་པ་གཅིག་ཀྱང་བྱུང་མེད་ཅེས་འཕགས་ཡུལ་དུ་ཁྱབ། དེས་ན་དམ་པ་གང་གི་སྐལ་ལྡན་གྱི་སློབ་ཚོགས་ནང་མཁའི་སྐར་ཚོགས་བཞིན་ནང་ནས་ཉི་མ་ལྟ་བུ་བཙུན་པ་གྲོལ་སྡེ་ཡིན། དེའི་སློབ་མ་མཆོག་སྡེ། དེའི་སློབ་མ་དུལ་བའི་སྡེ། དེའི་སློབ་མ་ཡང་དག་རྣམ་པར་སྣང་མཛད་དམ་མཁན་ཆེན་ཞི་བ་འཚོ་རྣམས་ཡིན་ནོ། །དེས་ན་འདིར་ལོ་ངོ་བཅུ་ཕྲག་གསུམ་ལྷག་ཙམ་བསྟན་པ་བསྐྱངས་ནས་མཐར་དགའ་ལྡན་དུ་རྒྱལ་ཚབ་བྱམས་པའི་ཞབས་དྲུང་དུ་གཤེགས་པར་མཛད་དོ། །

སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་པར་བཞག་པའི་ཆོས་ཤེར་ཕྱིན་གྱི་གླེགས་བམ་བསྣམས་ཤིང་། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའོ།

སླར་སྨྲས་པ།

ངེས་དོན་ཟབ་མོའི་རྒྱལ་ཡུམ་ཤེར་ཕྱིན་བདེ་བླག་དོན་དེ་རྟོགས་འདོད་ན། །རྒྱལ་བའི་མདོ་སྦྱར་གཞུང་བཟང་འདི་ལ་མ་བརྟེན་ཐབས་གཞན་ཅི་ཡོད་དམ། །དེའི་ཕྱིར་རྒྱན་གྱི་མན་ངག་བདུད་རྩིའི་བློ་ལྡན་ཚོགས་ཀྱི་ལས་སྐལ་དུ། །རྣམ་མཁྱེན་ས་བོན་གྲུང་པོར་བསྐྲུན་ཏེ་འཕགས་པ་རྣམ་གྲོལ་རྒྱལ་གྱུར་ཅིག།།

 

སྲིད་ཞིའི་ཕ་མཐར་སོན་པའི་ས། །སྲིད་ན་དཀོན་པའི་རིན་ཆེན་ལམ།།

སྲིད་འདིར་མན་ངག་མྱོང་བའི་བུ། །སྲིད་འདས་རྣམ་གྲོལ་ཁྱོད་ཀྱི་དྲིན།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༤༽  སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་ནི།

དེ་ཉིད་ལས།

 

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ།།

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ།།

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི།།

སློབ་དཔོན་སངྒཻ་བཟང་པོར་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ནི་རྒྱལ་པོའི་རིགས་སུ་འཁྲུངས་ཤིང། ཁ་ཅིག་གིས་མའི་སྦྲུམ་མར་གནས་པའི་ཚེ་མའི་ལུས་སངྒཻས་ཟོས་ཀྱང་ཁོག་ཏུ་ཁྱིའུ་འདི་ཉིད་མ་ཟོས་པར་ལུས་པས་མིང་ཡང་སངྒཻ་བཟང་པོ་ཞེས་བཏགས་ཟེར། དེས་ན་ནར་སོན་པ་ན་ཁྱིམ་མེད་པར་རབ་ཏུ་བྱུང་བར་མཛད་དེ་བསྙེན་རྫོགས་ཀྱི་དངོས་པོ་ཞུས། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་ཏེ་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པ་དང་། ཁྱད་པར་དུ་རྒྱལ་བའི་ཤེར་ཕྱིན་ཟབ་མོའི་རྟོགས་པར་ཅི་ནས་ཀྱང་འབད་པར་བྱའོ་དགོངས་ནས་དེའི་ཚེ་དེའི་དུས་སུ་མཁན་ཆེན་ཞི་བ་འཚོས་དཔལ་ནལནྡཱའི་གཙུག་ལག་ཁང་གི་མཁན་པོ་མཛད་ཅིང་བཞུགས། དེའི་མདུན་དུ་བསམ་པས་མོས་པ་དང་སྦྱོར་བས་གུས་པ་གཉིས་ཀྱི་སྒོ་ནས་བརྟེན་ཏེ་རྗེ་བཙུན་བྱམས་པ་མགོན་པོའི་མན་ངག་ལྡན་པའི་འཕགས་པ་ཐོགས་མེད་ཡབ་སྲས་ཀྱི་བརྒྱུད་པའི་ཤེར་ཕྱིན་གྱི་གཞུང་འགྲེལ་རྣམས་ལ་ཞིབ་པར་གསན་སྦྱངས་མཛད། ད་དུང་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པར་བཞེད་ནས་མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་རྒྱལ་ཚབ་བྱམས་པའི་སྒྲུབ་ཐབས་ཤིག་ཞུས་ཏེ་སྒྲུབ་ནས་འགྲུབ། ཉིན་ཅིག་རྨི་ལམ་ན་སྤྱོད་ལམ་ཡིད་དུ་འོང་བའི་དགེ་སློང་སྡེ་སྣོད་འཛིན་པ་ཞིག་མཐོང་བས་དེས་ཁྱོད་རང་ཤར་ཕྱོགས་ཀྱི་ཡུལ་ཁརྶ་པཱ་ཎིར་སོང་ཞིག་ཅེས་ལུང་བསྟན། མནལ་སད་པ་དང་དེར་དངོས་སུ་སོང་ནས་ཞག་གསུམ་དུ་དཀར་སོགས་གི་བྱ་བའམ་སྨྱུང་བར་གནས་ཏེ་རྨི་ལམ་ཞིག་བརྟག་དགོས་དགོངས་ནས་རྨི་ལམ་ན་ཨོ་ཏནྤུར་བི་ཧར་རི་གྷནྡྷོ་ལའི་སྟེང་ན་ནམ་མཁའི་སྤྲིན་ཕུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་ཞིང་ལུས་སྟོད་ཕྱིར་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་གྱི་ཤེར་ཕྱིན་བརྒྱད་སྟོང་པ་གསུམ་པ་ལ་མཆོད་པ་བྱེད་པ་ཡིན་ཟེར། རིང་དུ་བལྟས་པས་རྗེ་བཙུན་གྱི་ཞལ་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱི་སྤྲས་པ་ཕྲག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཇལ། དེ་མ་ཐག་ཕྱག་དང་མཆོད་པ་བྱས་ཏེ་ཉིད་ཀྱི་ཤེར་ཕྱིན་གྱི་བསྟན་བཅོས་ལ་དེང་སང་འགྲེལ་བ་མང་དུ་མཆིས་ན་གང་གི་རྗེས་སུ་འཇུག་པར་བགྱི་ཞུས་པས། ཐམས་ཅད་ཀྱི་གཞུང་ལ་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ་ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་བཀའ་གནང་བའི་མོད་ལ་མནལ་སད་དེ་མཆོད་པ་སོགས་བྱས། དེ་ནས་བསྟན་བཅོས་བརྩམ་པའི་སྦྱིན་བདག་བཙལ་བའི་ཆེད་དུ་ནུབ་ཕྱོགས་སུ་བྱོན་དེའི་དུས་རྒྱལ་པོ་ཆོས་སྐྱོང་གི་ཡུམ་དོན་འཆད་པར་བྱེད་པ་ལ་སློབ་དཔོན་སེངྒེ་བཟང་པོ་ལས་མེད་པར་སྙན་གསན་ནས་དེ་ཉིད་གདན་འདྲེན་པར་ཆེད་དུ་བཏང་བའི་ཕོ་ཉ་དེ་དང་ཕྲད། དེས་གདན་དྲངས་དེ་ནས་འཕགས་པ་རྣམ་གྲོལ་སྡེའི་ཉི་ཁྲིའི་སྣང་བ་ལ་བརྟེན་ནས་ཐོག་མར་ཉི་ཁྲིའི་དང་སྦྱར་བའི་བསྡུས་དོན་ལེའུ་བརྒྱད་མ་མཛད། དེའི་འོག་ཏུ་མངོན་རྟོགས་རྒྱན་དང་བརྒྱད་སྟོང་པའི་རྒྱན་དུ་གཟིགས་ཏེ་བརྒྱད་སྟོང་འགྲེལ་ཆེན་མཛད། དེའི་འོག་ཡུམ་གསུམ་ཆར་གྱི་རྒྱན་དུ་གཟིགས་ཏེ་ཡུམ་གསུམ་ལུང་ཁུངས་ཙམ་དང་རྗེ་བཙུན་གྱི་ལུང་བསྟན་པ་བཞིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་སྦྱར་གཞི་རང་གི་འདོད་པ་མདོར་བསྡུས་ཏེ་སྟོན་པ་འགྲེལ་ཆུང་དོན་གསལ་མཛད་དེ་བྱང་ཆུབ་ལམ་གྱི་རིམ་པ་བློ་སྦྱོང་འདོད་པ་རྣམས་ལ་ཤེར་ཕྱིན་ཚིག་ཉུང་ལ་དོན་ཐམས་ཅད་ཚང་བ་ལྟ་བའི་མིག་ལྟ་བུར་གྱུར། དེས་ན་གཞུང་འདི་ནི་དུས་ད་ལྟའི་བར་དུ་གངས་ཅན་ལྗོངས་ན་རིས་སུ་མེད་པའི་ཆོས་སྡེ་རྣམས་ཀྱི་འཆད་ཉན་ཀྱི་གཞུང་རྩ་བ་ལྟ་བུ་ཞིག་ཡིན་ཅིང་འདི་ཉིད་ཀྱི་དངོས་སློབ་གཙོ་བོ་ནི། སློབ་དཔོན་ཆོས་བཤེས་གཉེན་དང་། ཀུ་ས་ལའི་རིན་ཆེན་བཟང་པོ་སོགས་ཡིན་ནོ། སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་རྒྱན་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་པར་བཞག་པའི་ཆོས་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པའོ།།

སླར་སྨྲས་པ།

འོད་སྲུང་ཀུན་དགའི་དུས་སུ་མེད་ཀྱང་རྒྱལ་བའི་ཐུགས་བསྐྱེད་དུས་སྨིན་ཏེ། །དགའ་ལྡན་གནས་སུ་བཞུད་པ་མེད་ནའང་མ་ཕམ་ཞལ་གཟིགས་གསུང་ཡང་བྱོན། །ཟབ་རྒྱས་འདྲེན་པའི་ཤིང་རྟ་མིན་ཡང་རྒྱལ་ཡུམ་གསལ་བྱེད་ཀུན་གྱི་དཔོན། །རྒྱལ་བ་ཤཱཀྱ་སེངྒེ་མིན་ཡང་སློབ་དཔོན་སེངྒེ་ཨེ་མ་རྨད།།

 

ཤེར་མདོའི་མན་ངག་བསྟན་བཅོས་ཀྱི། །

ཤེར་འགྲེལ་གླེགས་བམ་གྲངས་མང་ཡང་།།

ཤེར་ཕྱིན་དོན་གསལ་འདི་ལྟ་བུའི། །

ཤེས་ལྡན་ལག་ན་ནོར་བུ་བཞིན།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༥༽ སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་ནི།

དེ་ཉིད་ལས།

 

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས།།

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར།།

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ།།

ཡོནྟ་འོད་ཀྱི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ནི་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་ལས་སྐུ་འཁྲུངས། །དེ་ཡ་་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས། ཡོན་ཏན་མཆོག་མངའ་འོད་འབྱེད་པའི། །ས་ཆེན་ལ་འབྱེད་འདུལ་མངོན་གྱི། །གཞུང་ལུགས་ཉི་མ་ལྟར་གསལ་བའི། འོད་མཛད་འབྱེད་ལ་ཕྱག་འཚལ་ལོ། །ཞེས་དང་། པདྨ་འགྱུར་མེད་རྒྱ་མཚོ་ཤེར་འགྲེལ་ལས། སྤྲུལ་པའི་ཐེག་ཆེན་སྐྱེས་བུ་ཐ་སྙད་ཀྱི་གྲུབ་མཐའ་ཉན་ཐོས་ལྟར་ཞལ་གྱི་བཞེས་པ་ཡོན་ཏན་འོད། ཅེས་གསུངས་པས། མདོར་ན་ཐེག་ཆེན་ས་གསུམ་ལ་གནས་པའི་ཚུལ་འཛིན་པའི་ཉན་ཐོས་གྲུབ་མཐའ་སྐྱོང་བའི་སློབ་དཔོན་འདི་ནི། ནར་སོན་པ་ན་ཁྱིམ་གཞིའི་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་སངས་རྒྱས་ཀྱི་བསྟན་ལ་ཞུགས་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཡོན་ཏན་འོད་ཅེས་བརྗོད། སངས་རྒྱས་གཉིས་ལ་སློབ་དཔོན་དབྱིག་གཉེན་གྱི་མདུན་ན་དད་དམ་མོས་གུས་ཆེན་པོའི་སྒོ་ནས་རབ་ཏུ་བསྟེན་ཏེ་སྡེ་སྣོད་གསུམ་དང་ལྷག་པར་དུ་བསླབ་པ་ཚུལ་ཁྲིམས་ཀྱི་གཞུང་ལམ་དམ་ཆོས་འདུལ་བའི་གནས་ལ་མཁས་པར་གྱུར་ཏེ་གཞུག་ལུགས་འབུམ་ཕྲག་བཅོ་བརྒྱད་སོགས་ཁ་ཏོན་བྱེད་ནུས་པའི་སྐྱེས་བུ་ཁྱད་པར་ཅན་ཏོ། །མདོར་ན་བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་རྩོད་པའི་ཁྱུ་མཆོག་ཏུ་གྱུར་པ། བདེ་བར་གཤེགས་པའི་ཆོས་འདུལ་བའི་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་ཏེ། འདུལ་ལུང་སྡེ་བཞིའི་དོན་མཐའ་དག་ཕྱོགས་གཅིག་ཏུ་སྡེབ་ནས་འདུལ་བ་མདོ་རྩ་བ་ཞེས་བྱ་བ་དང་དེའི་རང་འགྲེལ། འདུལ་བ་ལས་བརྒྱ་རྩ་གཅིག་པ། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་བ་སོགས་མཛད་དེ་ཐེག་པ་གོང་འོག་གི་གཞུང་འགྲེལ་དཔག་ཏུ་མེད་པ་མཆིས་ཏེ། དེས་ན་འཕགས་པའི་ཡུལ་འདིར་བསྟན་རྩ་དམ་ཆོས་འདུལ་བའི་གནས་ལ་དར་ཞིང་རྒྱས་པར་མཛད་དོ། །སློབ་དཔོན་གང་གི་སློབ་མ་ཞི་བ་འོད། དེའི་སློབ་མ་ཤཱཀྱ་འོད་བཅས་སོ། །སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བའི་ཕྱག་གཡས་ཆོས་འཆད་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་ཞུགས་པའི་རྣམ་པའི་རྣམ་པོ།།

སླར་སྨྲས་པ།

རྨད་བྱུང་རྒྱལ་བསྟན་རིན་ཆེན་གཞི་མ་དམ་ཆོས་འདུལ་བའི་ལམ་པོ་ཆེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་ཞེས་ཐུབ་གསུང་འདའ་ཁའི་ཞལ་ཆེམས་བརྗིད། །འདུལ་གཞུང་རྒྱ་མཚོའི་དགོངས་དོན་ལེགས་བསྡུས་ཡོད་སྨྲའི་ལུགས་ཀྱི་བསྟན་བཅོས་འདིས། །སྐལ་བཟང་ཡི་གར་གསོས་སྨན་གྱུར་ཅིང་ས་གསུམ་ལ་གནས་ཡོན་ཏན་འོད།།

 

མཆོག་གི་སྤྲུལ་བའི་ཅོད་པན་རློམ་པ་དང་། །

མཆོག་གི་བསླབ་ཁྲིམས་འཛིན་པའི་བནྡེ་གཉིས།།

མཆོག་དམན་རིགས་རུས་མི་གཙོ་ཤཱཀྱའི་བསྟན། །

མཆོག་དམན་བཟང་ངན་འབྱེད་པ་སུ་ཡི་ལུགས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

༡༦༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་ནི།

དེ་ཉིད་ལས།

 

བསླབ་གསུམ་ཡོནྟ་ནོར་བུའི་མཛོད་ལ་དབང་།།

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད།།

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག།།

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་སློབ་དཔོན་འདི་ནི། ཉིད་ཀྱིས་མཛད་པའི་འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་པ་འདི་གསུམ་རིག་རྣམས་ཀྱིས་བཤད་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་དང་། གཞན་ཡང། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་བྱང་བ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་བ་དོན་བྱས་ཡིན། །ཞེས་སློབ་དཔོན་བསོད་ནམས་གྲགས་དང་ཞི་བ་འོད་གཉིས་ཀྱི་མདུན་དུ་བརྟེན་ནས་འདུལ་བའི་གནས་ལ་ཤིན་ཏུ་མཁས་པ་ཞིག་སྟེ་འདུལ་བ་བདུད་རྩིའི་རྒྱན་ཞེས་གསོལ་ཏོ། །ཁོང་གིས་མཛད་པའི་བསྟན་བཅོས་ལས་བོད་དུ་འགྱུར་བའི་གཞུང་ལ། འདུལ་བ་སུམ་བརྒྱ་པ། དེའི་རང་འགྲེལ་འོད་ལྡན་སོགས་ཡིན་ནོ། །དེ་དག་འགྲེལ་འོད་ལྡན་སོགས་ཡིན་ནོ། །དེ་དག་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་ཝ་རྩངས་དེ་ཝ་རཀྴི་ཏས་བོད་སྐད་དུ་བསྒྱུར་བ་དང་། །ཀ་ཅིག་སློབ་དཔོན་འདི་ཉིད་ཀྱི་སློབ་མ་སངྒཻ་གདོང་ཅན་དང་། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་པ་འདོད་ནའང་བརྟགས་ཞེས་བུ་སྟོན་གྱིས་གསུངས་སོ། །སྐུའི་ཆ་ལུགས་ནི། དབུ་ལ་པཎ་ཞྭ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཡས་ཆོས་འཆད་དང་གཡོན་འདུལ་བའི་མདོ་གླེགས་བམ་བསྣམས། ཞབས་སེམས་དཔའི་སྐིལ་ཀྲུང་དུ་བཞུགས་ཤིང་། རྒྱབ་ཏུ་དམ་ཆོས་འདུལ་ལུང་སྡེ་བཞི་གླེགས་བམ་བརྩེགས་པ། མཁར་སིལ་དང་ལྷུང་བཟེད་ཆུ་ཚགས་སོགས་བཀོད་པའི་རྣམ་རོལ་དུ་བཞུགས་པའོ།།

སླར་སྨྲས་པ།

བསླབ་ཁྲིམས་གནང་བཀག་ཡོངས་སུ་ཚང་བའི་ལྗོན་ཤིང་འབྲས་ལྡན་གཡོ་བ་ཡི། །འདུལ་བ་མདོ་སོགས་མན་ངག་སྦྱར་ཏེ་འདོད་པའི་ཅོང་ནད་སེལ་བྱེད་དུ། །བདུད་རྩིའི་འཚོ་བྱེད་ལེགས་བཤད་བསྙིལ་ཏེ་དྲི་བསྲུང་མངར་མིའི་སྐྱེད་ཚལ་དུ། །རྐང་དྲུག་བུང་བ་དགའ་སྟོན་རྒྱས་བྱེད་འདུལ་འཛིན་ཤཱཀྱ་འོད་དེ་མཁྱེན།།

 

དྲི་མེད་སངས་རྒྱས་བསྟན་པ་ལ། །

སྐྱོན་མེད་རྩ་བར་འཛིན་འདོད་ན།།

ལྷད་མེད་བསླབ་གསུམ་རིན་ཆེན་ལ། །

གཡེལ་མེད་དགེ་ལ་བརྩོན་པར་རིགས།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

 

 

 

 

༡༧༽  དཔལ་ལྡན་མར་མེ་མཛད་ཀྱི་རྣམ་ཐར་ནི། དེ་ཉིད་ལས།

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ།།

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ།།

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ།།

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས།།

ཞེས་གསུངས་པའི་དམ་པ་འདི་ནི་རྒྱ་གརད་ཤར་ཕྱོགས་བྷང་གྷལ་གྱི་ཡུལ་དུ་སྐུ་འཁྲངས། མཁན་ཆེན་ཞི་འཚོའི་གདུང་རྒྱུད་དང་གཅིག་པ་ཡིན་པའི་ཡབ་རྒྱལ་པོ་དགེ་བའི་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་ཆེ་བ་པདྨའི་སྙིང་པོ་རྒྱལ་སྲིད་འཛིན། ཆུད་བ་དཔལ་གྱི་སྙིང་པོ་རབ་ཏུ་བྱུང་སྟེ་དགེ་སློང་བཱིརྻ་ཙནྡྲ་ཞེས་བྱ་བའི་མཚན་གསོལ་གསང་སྔགས་ཀྱི་བསྐྱེད་རིམ་བརྟན་པ་ཞིག་བྱུང་། འབྲིང་པོ་ཟླ་བའི་སྙིང་པོ་ནི་ཇོ་བོ་འདི་ཉིད་ཡིན། འཁྲུངས་ནས་ཞག་བདུན་ན་ཚེ་རབས་ཀུན་གྱི་ལྷག་པའི་ལྷ་རྗེ་བཙུན་སྒྲོལ་མས་ཞལ་བསྟན་ཏེ་གསུང་སྩལ། དེ་དགུང་ལོ་ལྔ་ལོན་པ་ན་ནང་དོན་ཕུན་སུམ་ཚོགས་པའི་ཆོས་ཚིགས་གཅད་ཀྱང་ཐོགས་མེད་དུ་གསུངས་ཐུབ་པ་དང་། དགུང་ལོ་བཅུའི་བར་རིག་གནས་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས་ཤིང་། དེ་ནས་སློབ་དཔོན་ཛི་ཏཱ་རིའི་དྲུང་ནས་ཆོས་ཞུས་ཏེ་རེ་ཞིག་ནལནྡཱར་བླ་མ་བྱང་ཆུབ་བཟང་པོའི་སྤྱན་སྔར་སོང་ཞིག་ཅེས་ལུང་བསྟན། དེའི་དྲུང་ནས་ཐེག་ཆེན་སེམས་བསྐྱེད་སྐོར་ཞུས་ཏེ་གཙུག་ལག་ཁང་འདིའི་བྱང་ཕྱོགས་ན་ཚེའི་རིག་འཛིན་བརྙེས་ཤིང་སྤྲོས་བྲལ་དབུ་མའི་དོན་ལ་མངའ་བའི་རྒྱལ་སྲས་རིག་པའི་ཁུ་བྱུག་བཞུགས་པའི་དེའི་དྲུང་དུ་སོང་ཞེས་གསུངས། དེར་རིགས་པའི་ཁུ་བྱུག་ཞབས་ལ་བསྙེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་སྤྱི་དང་ལྷག་པར་དུ་དབུ་མའི་ལྟ་བའི་མན་ངག་རྣམས་ཞིབ་པར་གསན་པ་དང་ཁོང་གིས་དབུ་མའི་དོན་ལ་རྣམ་པར་བྱང་ཆུབ་པ་བླ་མ་ཞེས་ཡོད་དེར་སོངས་གསུངས། བླ་མ་ཨ་ཝ་དྷཱུ་ཏིས་ཆོས་རྣམ་དག་བསྒྲུབ་པ་ལ་རྒྱལ་སྲིད་ཀྱི་འབྱོར་པ་དེ་སྤངས་དགོས་པས་དེ་བློས་བཏང་ན་ཚུར་ཤོག་ཅེས་གསུངས་ཡབ་ཡུམ་ལ་དེ་ལྟར་གནང་བ་ཞུས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ནས་བླ་མ་དེའི་མདུན་ཞབས་ལ་གཏུགས། ཡང་ཁོང་གིས་ལུང་བསྟན་ནས་བླ་མ་རཱ་ཧུལ་གུབྟ་ཞེས་བྱ་བར་མཁའ་འགྲོ་མས་བསྟན་ཐོབ་པ་དང་ཀྱཻ་རྡོ་རྗེ་ཞལ་གཟིགས་ཐོབ་པ་ཅན་ཡིན་པས་དེར་སོངས་གསུངས་པ་དང་སོང་ནས་སྨིན་བྱེད་ཀྱི་གདམས་པ་མང་པོའི་རྒྱུད་དག་པར་བྱས་ཏེ་གསང་མཚན་ལ་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་གསོལ་ཞིང་ལོ་བདུན་ཙམ་བཞུགས། །དེ་ནས་རྣལ་འབྱོར་པ་ཀཱམལ་རཀྵི་ཏ་ལས་གསང་སྔགས་ཀྱིས་སྨིན་པར་བྱེད་པའི་བཀའ་དྲིན་ཕལ་ཆེ་བརྙེས་ཁོང་ནི་སེམས་ཙམ་རྣམ་རྫུན་པ་ཡིན་པས། ཇོ་བོ་དབུ་མ་བཞེད་པས་མི་མཉེས་ཀྱང་ཕྱིས་བླ་མ་ཡང་ཕྱག་རྒྱ་ཆན་པོ་དངོས་གྲུབ་ཐོབ་ནས་རྗེས་ཐོབ་ལ་ལྡང་བས་ཆོས་རྣམས་ཀྱི་རང་བཞིན་ལ་ནི་ཁྱོད་ཀྱི་འདོད་པ་ལྟར་འདུག་གསུངས་ནས་དབུ་མ་པར་གྱུར་ཅེས་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས་གསུངས། དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་མཛད། དེའི་ཚེ་ཤར་ཕྱོགས་གྷངྒལ་རུ་མུ་སྟེགས་རྣམས་ཚར་བཅད་ཕྱི་རོལ་པ་ནང་བསྟན་ལ་བཅུག་སྟེ་གསང་སྔགས་ལ་མཁྱེན་ནུས་ཅན་ཁོང་ལས་ལྷག་པ་མེད་དགོངས་ནས་ཐུགས་རྒྱལ་ཅུང་ཟད་བྱུང་བས། ནུབ་ཅིག་རྨི་ལམ་ན་མཁའ་འགྲོ་མ་རྣམས་ཀྱིས་གླེགས་བམ་སོགས་ཁག་མང་པོ་དྲི་རྩད་གནང་སྟེ་མཚན་ཡང་མ་གསན་མང་པོ་བྱུང་། ཡང་རྗེ་བཙུན་སྒྲོལ་མ་བྱོན་ནས་ཁྱོད་སྔགས་མཁན་ཡིན་ནམ་གསུངས་པས་ལགས་ཞུས། འོ་ན་སྒྲུབ་ཐབས་འདི་རྣམས་མཁྱེན་ནམ་གསུངས་དཔེ་ཡང་མཐོང་མ་མྱོང་ཞུས་པས་ཁྱོད་གསང་སྔགས་ལ་ཐུགས་རྒྱ་ཆེ་ན་གསང་སྔགས་མི་ཡུལ་ན་རྟའི་སྤུ་རྩེ་ཙམ་ལས་མེད་སྔགས་ཀྱི་དཔེ་དོན་མང་པོ་མཁའ་འགྲོ་མའོ་ཕྱག་རྒྱ་ཡོད་པ་ཡིན་གསུངས་ནས་ཡལ་ཞིང་དེ་མ་ཐག་སྔགས་ལམཁས་པའི་ཐུགས་རྒྱལ་ཆག རྒྱུན་དུ་སྔགས་སྤྱོད་ཀྱིས་ཚེ་འདིར་འཚང་རྒྱ་ཐུབ་པ་ཞིག་འདོད་ཀྱང་ཉིན་ཅིང་དཔལ་ཧེ་རུ་ཀ་བྱོན་ཏེ་ཨ་ཝ་དྷཱུ་ཏིའི་སྤྱོད་པས་ཁྱོད་གར་ཡང་ཕྱིན་པར་མི་འགྱུར་རོ་ཞེས་ལུང་བསྟན་ཏོ།།

ཡང་རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བྱུང་དགོས་ཚུལ་སོགས་ལུང་བསྟན་བྱུང་བ་དང་། རྣལ་འབྱོར་མ་ཞིག་གིས་རབ་ཏུ་བྱུང་ན་བསྟན་པ་ལ་ཕན་ཞེས་བསྐུལ་སོགས་བྱུང་བ་ལ་བརྟེན་ནས། དགུང་ལོ་ཉི་ཤུ་རྩ་དགུ་ལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཏུ་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པའི་མཁན་པོ་སྦྱོར་ལམ་པ་ཤཱི་ལ་རཀྵི་ཏས་ལས་རབ་ཏུ་བྱུང་མཛད་དེ་མཚན་དཱི་པམ་ཀ་ར་ཤྲཱི་ཛྙན་ཞེས་བཏགས། དེ་ནས་ཨོ་ཏྱནྟ་པུར་རུ་མ་དྷརྨ་རཀྵི་ཏའི་དྲུང་ནས་ཐེག་པ་ཆུང་ངུའི་རྣམ་བཞག་ཐམས་ཅད་ཀྱི་རྩ་བ་ལྟ་བའི་ཕྱོགས་ཀྱི་ཆོས་མངོན་པ་སྡེ་བདུན་དང་། སྤྱོད་པའི་ཕྱོགས་ཀྱི་འདུལ་ལུང་སྡེ་བཞི་སོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་གཞུང་གསན་ནས་སྡེ་བ་བཅོ་བརྒྱད་པོའི་འདུལ་བའི་ཕྱག་ལེན་རྣམས་མ་འདྲེས་པ་མཁྱེན། བཱི་ཀ་མ་པུ་རིའི་གཙུག་ལག་ཁང་ནས་ཐེག་པ་ཆེན་པོ་ཤེར་ཕྱིན་གྱི་གཞུང་ཤཱནྟི་པའི་ལུགས་དང་སེང་བཟང་གི་ལུགས་ཏེ་མདོར་ན་ཐེག་ཆེན་གྱི་སྡེ་སྣོད་ཐམས་ཅད་གསན་ཆུབ་མཛད། དེ་ལྟར་མདོ་སྔགས་ཀྱི་གཞུང་རྣམས་ལ་ཉམས་བཞེས་མཛད་དེ་གྲུབ་པའི་རྟགས་མཚན་དུ་མ་མངོན་དུ་གྱུར་ཏེ། རེ་ཞིག་བླ་མ་རཱ་ཧུལ་གུཔྟས་མངོན་པར་ཤེས་པས་མཁྱེན་ཅིང་ཇོ་བོ་ལ་གསུངས་ཏེ་ཡི་དམ་ལྷ་མཇལ་བ་དང་། ཐུན་མོང་གི་དངོས་གྲུབ་དང་ཏིང་ངེ་འཛིན་ཇི་ཙམ་ལྡན་ཡང་རང་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་བློ་སྦྱོངས་དགོས་པ་སོགས་གདམས་པ་གནང་། དེ་ནས་ཇོ་བོས་བྱམས་སྙིང་རྗེ་བྱང་ཆུབ་སེམས་མཐར་ཕྱིན་པའི་མན་ངག་ཡོངས་རྫོགས་མངའ་བའི་སུ་ཞིག་ཡོད་སྙམ་བརྩད་བཅད་པས་ན་བླ་མ་གསེར་གླིང་པ་མཚན་ཐོས་པ་ཙམ་གྱིས་མི་བཟོད་པའི་དད་པ་སྐྱེས། དེའི་ཚེ་དེའི་དུས་བླ་མ་གསེར་གླིང་པ་ཆེན་པོ་ཞེས་བྱ་བའི་སྙན་པར་གྲགས་ཤིང་དེའི་དྲུང་ངེས་པར་དུ་འབྱོན་པར་དགོངས་ནས། དཀའ་ཚེགས་ཆེན་པོས་སྒོ་ནས་ཚོང་པ་ལྷན་དུ་ཟླ་བ་བདུན་གྲུ་བོ་ཆེ་ནང་དུ་བྱོན་ཏེ་གསེར་གླིང་དུ་འབྱོར།

དེ་ནས་བླ་མས་རྒྱུད་བརྟགས་ཕྱིར་ཟླ་བ་བཅུ་གཉིས་ཙམ་ཞལ་མཇལ་གནང་ཞིང་ལན་གཅིག་ཚོགས་འཁོར་གྱི་མཆོད་པ་གནང་བའི་སར་མཇལ་བའི་ཚེ་ཚེ་རབས་སྔོན་གྱི་བླ་སློབ་ཡིན་པས་ཕན་ཚུན་མཁྱེན་ནས་བླ་མས་ཀྱང་ཐུགས་བརྩེས་བདག་གིར་བསྐྱངས་ཞལ་གདམས་དུ་མ་གནང་སྟེ་གཙོ་བོ་ཁྱོད་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ། ལོ་བཅུ་གཉིས་སུ་ཁོ་བོའི་སར་འདུག་ཐུབ་བམ་ཞེས་གསུངས་ནས་དེ་ལྟར་ཞལ་བཞེས་གནང་སྟེ་ལོ་བཅུ་གཉིས་རིང་དཔོན་སློབ་དབུ་སྔས་སྤྲད་པར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཚུལ་གྱི་གཞུང་ཐམས་ཅད་གསན། ཁྱད་པར་དུ་བདག་གཞན་བརྗེ་བའི་བློ་སྦྱོང་གི་ཚུལ་གཞན་ལ་མེད་པའི་གདམས་ངག་རྣམས་གསན་བསམ་མཛད་དེ་བླ་མ་གཞན་ཐམས་ཅད་ལས་བཀའ་དྲིན་ཆེ་བ་ཡིན་གསུངས། གསེར་གླིང་པ་ལ་སློབ་བུ་ཆེན་བཞིའི་ནང་ནས་གཅིག་ནི་ཇོ་བོ་རྗེ་ཡིན། གཞན་རྣམས་ཤནྟི་པ་དང་། ཛྙ་ན་ཤྲཱི་མི་ཏྲ་དང་། རཏྣ་ཀིརྟི་བཅས་ཡིན། དེ་དག་ལས་སྔར་གསེར་གླིང་པས་གདམས་པ་གང་མངའ་བ་ཐམས་ཅད་ཀྱང་ཇོ་བོའི་རྗེས་མ་ལུས་པ་ཆད་པ་གསན། དེ་ལྟར་བརྟུལ་ཞུགས་ཀྱིས་བྱིན་གྱིས་བརླབས་པའི་ཌོམྦི་བ་དང་བསྟན་པའི་སྒོ་འབྱེད་པའི་བྱང་ཆུབ་ཀི་སེམས་ཀྱི་བློ་སྦྱོང་གི་གདམས་པ་གནང་བ་སོགས་བཀའ་དྲིན་ཆེ་བའི་བླ་མ་དགུ། ཕྱག་རྒྱ་ཆེན་པོ་གྲུབ་པ་བརྙེས་པའི་ཀཱ་མ་ལ་རཀྵི་ཏ་སོགས་ལུང་རྟོགས་གཉིས་དང་ལྡན་པ་བླ་མ་བཅུ་གསུམ།་དེའི་ནང་ནས་རྟག་ཏུ་བརྟེན་པའི་བླ་མ་བཞི་སྟེ། གསེར་གླིང་པ་དང་། ཤཱནྟི་པ་དང་། ཛི་ཏ་རི་དང་། བྱང་ཆུབ་བཟང་པོ་དང་བཞིའོ།།

མདོར་ན་བླ་མ་བཅུ་ཕྲག་གསུམ་ལྷག་ཙམ་དགེ་བའི་བཤེས་གཉེན་མཉེས་པ་གསུམ་གྱི་སྒོ་ནས་རྣམ་པར་དག་པའི་སྒོ་ནས་བསྟེན་པར་མཛད་ནས་མ་ཧཱ་པནྜི་ཏའམ་མཁས་པའི་དབང་པོ་ཞེས་འཕགས་ཡུལ་དུ་མཚན་གྱི་སྙན་པའི་བ་དན་གྱིས་མངོན་པར་ཁྱབ། དེའི་དུས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་མང་པོ་འབུལ་བ་དང་་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སཻངྒ་མངགས་ཀྱང་ཕྱིར་ལོག་ཅིང་བོད་དུ་གདན་དྲངས་མ་ཐུབ། ད་དུང་ལྷ་བླ་མ་ཡིད་ཐང་མ་ཆད་པར་གསེར་འཚོལ་དུ་ཕེབས་པས་དུས་རབས་བཅུ་གཅིག་པའི་གར་ལོག་གི་རྒྱལ་པོའམ་སྔར་ཁ་ཆེ་ཡུལ་གྱི་མི་རིགས་ཏུར་ཀིའི་ནང་གསེས་ཤིག་ཡིན། དེའི་རྒྱལ་པོ་ཞིག་གིས་བཙིན་དུ་བཟུང་སྟེ་ཁྱོད་ཀྱིས་རྒྱལ་ཁམས་མུ་སྟེགས་ཀྱི་ལམ་ལ་བཀོད་ན་བཙོན་ལས་བགྲོལ་བྱ་དགའ་ཡང་སྦྱིན་དེ་མིན་ན་གསེར་ལུས་ཚད་མཉམ་པ་ཞིག་མ་བྱུང་ན་མི་གཏེར་ཟེར། ལྷ་བླ་ཞི་བ་འོད་ཀྱིས་བོད་ཁམས་སྟོད་སྨད་ཀུན་ཏུ་གསེར་བསྡུས་ནས་སྐུ་ལུས་ཙམ་ཞིག་རྙེད་དེ་བཙོན་ལས་དགྲོལ་བར་བརྩམས་ཀྱང་ད་དུང་གསེར་དབུའི་ཚ་མ་ལོངས་པས་ན་མ་མངགས། ཁོང་ནི་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་མྱོང་བས་ཁོང་གིས་མངགས་ཀྱང་བློ་ཡང་མི་གསལ། ན་ཚོད་ཀྱང་རྒས་པས་བསྟན་པའི་དོན་བྱ་མི་ནུས་གསེར་རྣམས་ཇོ་བོ་སྤྱན་དྲོངས་ངས་ཇོ་བོ་གདན་དྲངས་ཆེད་ལུས་སྲོག་འདི་ལྟར་རྒྱལ་པོ་ངན་པ་ལ་བྱིན་ཡོད་ང་ཡང་ཚེ་འཕོས་ནས་ཁྱེད་ཀྱི་དྲུང་དུ་སྐྱེ་ཞིང་ཐེེག་ཆེན་གྱི་ལམ་ལ་སློབ་མ་འགྱུར་བའི་སྨོན་ལམ་ཡོད་ཅེས་ཇོ་བོའི་སྙན་དུ་གསོལ་ཐུབ་པ་གྱིས་ཤིག་གསུངས་ནས་ཕྱིས་དེར་སྐུ་གཤེགས་སོ།།

སྐབས་དེར་ནག་ཚོས་རྒྱ་གར་དུ་ལོ་གཉིས་བཞུགས་ཏེ་ཆོས་མངོནཔ་སོགས་མཁས་པར་གྱུར་ནས་བོད་དུ་ཕྱིར་བྱོན་པར་ལྷ་བླ་མ་བྱང་ཆུབ་འོད་བྱོན་ནས་བོད་ཡུལ་འདིར་བསྟན་པ་དར་གུད་ཆེ་བར་བྱུང་ཇོ་བོ་གདན་འདྲེན་པར་ལན་གཉིས་བཏང་ཡང་དོན་མ་འགྲུབ་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་་དཔོན་གཡོགས་ལྔ་མངགས་ནས་གསུང་ཕྲིན་དེ་རྣམས་ཞུས་གསུངས་ཏེ་གསེར་སྲང་བདུན་བརྒྱ་བཅས་ཏེ་བསྐུར་ཏེ་བི་ཀྲཱ་མ་ཤཱི་ལའི་གཙུག་ལག་ཁང་དུ་འབྱོར་ཇོ་བོ་ལ་གསེར་སྲང་རྣམས་ཕུལ་ཏེ་ཞུ་ཕྲན་དོན་རེ་རེ་བཞིན་བརྗོད། ཇོ་བོས། ལྷ་བླ་མ་ཁུ་དབོན་བྱང་ཆུབ་སེམས་དཔར་འདུག་པས་ད་བྱང་ཆུབ་སེམས་དཔའི་བཀའ་ཡང་བཅག་མི་རུང་། ངའི་ཆེད་དུ་ཁོང་གི་མི་དང་ནོར་རྣམས་ཆུད་ཟོས་སོང་བས་ང་ངོ་ཡང་གནོང་བ་ཡོང། བོད་ཀྱི་མི་རྣམས་སྙིང་ཡང་རྗེ་རུང་སྟེ། ང་ཡང་ན་སོ་རྒས་ཤིང་བྱ་བ་མང་པོ་འཕྱོ་ཡང་ཡོད་པས་ཐོན་ཏེ་མི་འོང་གསུངས། འོན་ཏེ་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ངས་བརྟག་པ་བྱ་ཡི་གསུངས་ནས་དོ་ནུབ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་སྟེ་དོན་གསུམ་ཞུ་སྟེ། དང་པོ་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ། གཉིས་པ་ལུས་སྲོག་ལ་བར་ཆད་འོང་ངམ། གསུམ་པ་བོད་དུ་སོང་ན་བསྟན་པ་ལ་ཕན་ཐོགས་སམ་ཞེས་གསོལ་བ་བཏབ་པས་རྨི་ལམ་བོད་དུ་བྱོན་ན་ཕན་ཐོགས། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་གིས་ ༼འབྲོམ་སྟོན་པ་༽  བསྟེན་ནས་ཕན་ཐོགས་གསུངས། མ་བྱོན་ན་ཚེ་ལོ་དགུ་བཅུ་གོ་གཉིས་ཐུབ་བྱོན་ན་བདུན་ཅུ་རྩ་གཉིས་ལས་མི་ཐུབ་གསུངས། བོད་ལ་ཕན་ཐོགས་ན་ཚེ་ཐུང་ཡང་ཐུང་དགོངས་ནས་བོད་ལ་ཕེབས་པའི་ཐུགས་བསྐྱེད་དོ། །དེའི་དུས་ཇོ་བོས་ཐབས་མཁས་ཀྱིས་རྡོ་རྗེ་གདན་སོགས་ཕྱ་སྐོར་མཆོད་འབུལ་སོགས་ཕེབས་པར་མཛད། དེ་ནས་གནས་བརྟན་རཏྣ་ཨ་ཀ་ར་སོགས་ཀྱིས་བོད་ཀྱི་རྒྱལ་པོས་ངེང་ཀྱི་མི་རྐུ་བར་བཏང་འདུག་ཇོ་བོ་ཡང་གཤེགས་པར་དགྱེས་པ་འདུག་པས་མ་བཏང་ན་གཞན་དོན་ལ་བར་ཆད་ལ་འགྲོ། ཚེ་དང་ལྡན་པ་ཡང་ང་རང་གི་སློབ་མ་ཡིན་པས་མི་དགའ་བྱ་མི་རུང་ལོ་གསུམ་བོད་ལ་ཕེབས་པར་བསྒོས། དེ་ནས་ཚུར་སྤྱན་དྲོངས་ལ་ཇོ་བོ་མ་བཞུགས་ན་རྒྱ་གར་ན་བསྟན་པ་ནུབ་པ་འདྲ་བ་ཡིན་ནོ་གསུངས། སྤྱི་ལོ  ༡༠༤༠ ལོར་དགུང་ལོ་ང་དགུ་བྱོན་པར་བལ་ཡུལ་དུ་ལོ་གཅིག་དང་དེ་ནས་པུ་རངས་སུ་གཤེགས་ཏེ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསུ་བ་ཆེན་པོས་སྤྱན་དྲངས་ཏེ། ཨེ་མ་ཧོ་དགེ་སློང་བྱང་ཆུབ་འོད་བདག་གིས། །རྟག་ཏུ་བསམ་པའི་བླ་མ་སྤྱན་དྲོངས་པས། བོད་ཀྱི་ཡུལ་དུ་སྐྱེས་བུ་ཆེན་པོ་འདིའི། གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་སྨོན་ལམ་ཡང་མཛད་དོ།།

དེ་ནས་ལས་འབྲས་ཀྱིི་ཆོས་སྐོར་གསུང་བར་ཞུས་ཏེ་ཐུགས་མཉེས་ཏེ་ལས་འབྲས་ཆོས་ཀྱི་རྣམ་བཞག་ཁོ་ནར་གསུངས། དེའི་དུས་ལོ་ཙཱ་བ་རིན་ཆེན་བཟང་པོ་བོད་ན་ཤིན་ཏུ་གྲགས་པས་ཁིང་གིས་པཎྜི་ཏ་ལས་ཆོས་ཞུས་དགོས་པ་མ་མཆིས་ཀྱང་བསུ་བ་ཞིག་དགོས་སྙམ་ནས་སྤྱན་དྲངས་ཏེ་ཐོག་མར་སྟན་མཉམ་པར་བཤམ་པར། ཇོ་བོས་ཐོག་མར་རྒྱུད་སྡེ་ལྷ་ཚོགས་ཀྱི་བྲིས་འབུར་བཞུགས་པ་ལ་ཚིགས་སུ་བཅད་པ་རེ་དང་དབུ་དུད་རེ་མཛད་པས་ཁོང་གསང་སྔགས་ཀྱི་བདག་པོ་ཡིན་ནོ་དགོངས་ཏེ་རང་གི་སྟན་ན་ཅུང་ཟད་ཕྲི། དེ་ནས་ཇོ་བོས་ལོ་ཙཱ་བར་ཆོས་འདི་དང་འདི་མཁྱེན་ནམ་ཞེས་དྲིས་པས་རེ་རེ་བཞིན་འཚལ་ཞུས། ཇོ་བོ་ཐུགས་མཉེས་ཤིང་ཁྱེད་ལྟ་བུ་བོད་ལ་བཞུགས་ན་ཁོ་བོ་འདིར་འོང་དགོས་པ་མ་མཆིས་གསུངས། དེ་ནས་ལོ་ཙཱ་བས་ཀྱང་ཇོ་བོ་ལ་ཐུན་མོང་དང་ཐུན་མིན་ཆོས་དྲི་བ་མཛད་དེ་སྔར་གསན་མ་མྱོང་བ་འགའ་གསུངས་པས་ཧ་ལས་ཏེ་རང་གི་སྟན་མེད་པ་མཛད། དོ་ནུབ་ལོ་ཙཱ་བས་རྒྱུད་སྡེ་སོ་སོ་རྟེན་དྲུང་དུ་ཐུགས་དམ་སོ་སོ་མཛད་པར་ཇོ་བོ་གསན་ནས་ཆོས་ཐམས་ཅད་གང་ཟག་གཅིག་གིས་སྟན་ཐོག་གཅིག་ལ་ཉམས་སུ་ཇི་ལྟར་སྒྲུབ་བམ་གསུངས། སོ་སོ་ནས་གང་བཤད་པ་བཞིན་ཉམས་སུ་ལེན་དགོས་ལགས་ཞུས། འོ་ཁོ་བོ་འོང་དགོས་པ་འདུག་དགོངས་ནས་ཞལ་རས་ནག་ཐིག་གེ་སོང་། ལོ་ཙཱ་བས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་གདམས་པ་ཞུས་ཏེ་ཐབས་ལམ་གཅིག་གི་སྟེང་དུ་ཆོས་ཐམས་ཅད་སྒྲུབ་ཐུབ་པ་དགོས་པ་ཡིན་གསུངས་སོ།།

དེ་ནས་ཇོ་བོས་ཨུ་པ་སི་ཀ་གང་དུའང་ཐོན་པས་རྗེ་བཙུན་རྣལ་འབྱོར་མའི་ལུང་བསྟན་སོགས་བསླུས་ཨེ་ཡིན་གསུངས། དེ་རྗེས་པུ་རངས་ན་བཞུགས་པའི་ཚེ་རྗེ་བཙུན་སྒྲོལ་མས་ད་ནི་ཞག་གསུམ་གྱི་དྲོའམ་བཞི་ན་བོད་ཀྱི་ཨུ་པ་སི་ཀ་འབྱོན་པས་དེ་ལ་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོས་ཀྱང་ཞག་གསུམ་གྱི་བར་བྱ་ར་མཛད་དེ་ཇོ་བོས་གྲོང་དུ་ཆོས་སྟོན་དུ་གཤེགས་པའི་སྐབས་སུ་ཤུལ་དུ་ཕེབས་པས་ང་བླ་མ་ལ་མཇལ་སྐབས་སྐད་ཅིག་སྔ་ཕྱི་ཙམ་ལའང་ཁྱད་ཡོད་གསུངས་ནས་བྱོན་ཏེ་མཇལ་ཏེ་དཔོན་སློབ་གཉིས་ཀས་མཁྱེན་ཅིང་གུས་པས་བཏུད། ཇོ་བོས་ཀྱང་ཕྱག་འབྲོམ་གྱི་དབུ་ཐོག་ཏུ་བཞག་སྟེ་ཐུགས་སྨོན་མཛད་དེ་ཁྱོད་ངའི་དྲུང་ན་སྡོད། སྒྲོལ་མས་ལུང་བསྟན་པ་ཡང་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་གསུངས་ཏེ་ཆོས་མང་ཆོས་མང་པོ་གནང་དེས་ན་ལོ་གསུམ་ཡང་ཚང་བས་རྒྱ་གར་དུ་ཕྱིར་ཕེབས་རྩིས་མཛད་ཅིང་། འབྲོམ་གྱིས་བཞུགས་པར་ཞུས་ཀྱང་མ་གསན་པས། ༡༠༤༢ ལོར་དགུང་ལོ་རེ་གཅིག་དུས་ཡིན། དེ་ནས་དབུས་ཀྱི་ལྷ་ས་བསམ་ཡས་སོགས་དགེ་འདུན་བརྒྱ་ཕྲག་མང་པོ་བཞུགས་པ་འདི་ལྟ་བུ་ཚངས་སྤྱོད་གྲངས་མང་པོ་རྒྱ་གར་ན་ཡང་དཀོན་གསུངས་ཏེ་དེའི་ཁྲོད་ན་དགྲ་བཅོམ་པ་བཞུགས་ཡོད་མཆི་གསུངས་ན་ནས་བོད་ཕྱོགས་ལ་སྐུ་ཕྱག་མང་པོ་མཛད། དེའི་དུས་སུ་བལ་ཡུལ་མཐའ་མཚམས་སུ་སྡེ་འཁྲུགས་ལངས་སྐབས་ཕེབས་མ་ཐུབ་པར་རེ་ཞིག་ཕྱིར་འགྱངས་གནང་སྟེ་བཞུགས་མུས་བྱས་སོ།།

དེ་ནས་འབྲོམ་སྟོན་པ་ཕེབས་ནོད་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས་སུ་དཀོར་མཛོད་གླིང་དུ་རྒྱ་དཔེ་རྣམས་ཞལ་ཕྱེ་ནས་གཟིགས་པས་སྔར་མ་གསན་པའི་རྫོགས་པ་ཆེན་པོའི་རྒྱུད་རྣམས་གཟིགས་པས་ངས་མི་ཡུལ་ནམ་ཟད་མཁའ་འགྲོ་མའི་ཕྱག་ནས་བསྣམས་པའི་དཔག་མེད་མཇལ་ཡང་། འདིའི་རྒྱུད་རྣམས་མི་འདུག་དགོངས་ནས་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ག་ལ་ཡོད་གསུངས་ནས་ཐུགས་རྒྱལ་ཡང་ཆག་སྟེ། འདི་རྣམས་ནི་སློབ་དཔོན་པདྨས་སྲིན་ཡུལ་སོགས་དང་། དཔལ་ནལནྡཱ་ནས་རྒྱུད་ཀྱི་རྒྱ་དཔེ་དེ་རྣམས་རྫུ་འཕྲུལ་གྱསི་བླངས་སོ་གསུངས་ནས་བསམ་ཡུལ་སུ་མཇལ་བ་དང་དེའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་ལྟ་བུ་རྒྱ་གར་ནའང་མ་བྱུང་བ་འདུག་དགོངས་ཏེ་སློབ་མ་རྣམས་ལ་གསུང་དེ་དག་ཀྱང་ཡི་རང་གི་གནས་སུ་གྱུར། དེ་ནས་ཡར་ལུང་སོགས་ཟླ་ཤས་བཞུགས་ཏེ་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས་དེར་ལོ་དགུ་དང་། འཕན་པོ་དང་། ཡེར་པ། ལྷ་ས་སོགས་སུ་ལོ་ལྔ་བཅས་ལ་ལོ་བཅུ་བདུན་གྱི་རིང་ཆོས་འཁོར་སྐོར་ཞིང་བྱང་ཆུབ་ལམ་སྒྲོན་སོགས་མཛད་པ་དང་། གཞན་ཡང་བསྟན་བཅོས་མང་པོ་བསྒྱུར་བ་མཛད། བོད་དུ་བཞུགས་རིང་དངོས་སློབ་གཙོ་བོ་ལྷ་བླ་མ་ཁུ་དབོན་རྣམས་དང་། དགེ་བཤེས་ཁུ་བརྩོན་འགྲུས་གཡང་དྲུང་དང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དགེ་བཤེས་ཁམས་ལུང་པ། དགེ་བཤེས་དགོན་པ་བ། ལོ་ཙཱ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་སོགས་སློབ་མ་བྲག་ལས་འདས་པ་བྱུང་ཡོད་པ་དང་། ཁོང་བོད་དུ་སློབ་མ་རྣམས་ལ་ཆོས་གསུངས་པའི་སྐབས་བླ་མ་གཞན་རྣམས་ཀྱི་མཚན་བརྗོད་པའི་གནས་སྐབས་སུ་ཐལ་མོ་སྙིང་ཁར་སྦྱར་བ་དང་། ཇོ་བོ་གསེར་གླིང་པའི་མཚན་གསུངས་པའི་ཚེ་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ཏེ་སྤྱན་ཆ་ཤོར་ཞིང་བཞུགས་པ་ན་སློབ་མ་རྣམས་ཀྱིས་ཇོ་བོས་དེ་ལྟར་གནང་བ་ཅི་ཡིན་ནམ་ཞུས། ཇོ་བོས། བླ་མ་ཁོང་རྣམས་ཀྱི་ངོ་ན་སྤང་རྟོགས་ཀྱི་ཡོན་ཏན་ལ་ཁྱ་མེད་ཀྱང་ཁོ་བོའི་རང་རྒྱུད་ལ་བྱང་ཆུབ་སེམས་ཀྱི་ཡོནྟ་ཅཅུང་ཙམ་ཡོད་པ་འདི་ངོ་བོ་གསེར་གླིང་པའི་བཀའ་དྲིན་ལས་ཡིན་གསུངས་ཏེ་བོད་དུའང་ཆོས་གཙོ་བོ་སྐྱབས་སུ་འགྲོ་སེམས་བསྐྱེད་སྐོར་དང་སྐྱེས་བུ་གསུམ་གྱི་ལམ་རིམ་བྱང་ཆུབ་ལམ་སྒྲོན་གསུངས་པའོ།།

དམ་པ་འདི་ཉིད་ཀྱིས་མཛད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ། དབུ་མའི་མན་ངག་རིན་ཆེན་ས་ཟ་མ་ཏོག་ཁ་ཕྱེ་བ། བྱང་སེམས་ནོར་བུའི་འཕྲེང་བ། ཤེར་ཕྱིན་བསྡུས་འགྲེལ་སོགས་དང་། གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། མི་འཁྲུགས་པའི་སྒྲུབ་ཐབས་སོགས་ཏེ་མདོ་རྒྱུད་ཀྱི་བསྟན་བཅོས་བརྒྱ་ཕྲག་ལྷག་ཙམ་བརྩམས་པ་དང་བསྒྱུར་བ་སོགས་མཛད་ཡོད། གཤམ་གསལ་དཀར་ཆག་ལས་བསྟན་བཅོས་མཛད་པ་སོགས་ཀྱི་མཚན་རྣམས་བཀོད་དོ། །མཐར་འབྲོམ་གྱིས་མྱ་ངན་ལས་མི་འདའ་བའི་བཞུགས་གསོལ་འདེབས་ཀྱང་སྐུ་དངོས་ཀྱི་བཞུགས་ཚུལ་དེ་ཙམ་གནང་སྟེ་དགུང་གྲངས་བདུན་ཅུ་དོན་གསུམ་ལ་སྤྱི་ལོ་ ༡༠༥༤ ལོར་བདོ་ཟླ་དགུ་པའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་ན་མོ་ཆེར་གཟུགས་སྐུ་བསྡུ་བའི་ཚུལ་བསྟན་ཏེ་ཆོ་འཕྲུལ་མཐའ་ཡས་པ་བསྟན་ཅིང་དགའ་ལྡན་དུ་གཤེགས་སོ། །སྐུའི་ཆ་ལུགས་ནི། སྐུ་མདོག་མདངས་དང་ལྡན་ཞིང་ཆོས་གོས་རྣམ་གསུམ་གསོལ་ཏེ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གདན་པདྨའི་སྟེང་དུ་ཞབས་སྐྱིལ་མོ་ཀྲུང་དང་རྒྱབ་ཏུ་རིན་ཆེན་ཟ་མ་ཏོག་བཀོད་པའི་རྣམ་པའོ།།

སླར་སྨྲས་པ།

རྒྱལ་བའི་ཐུགས་བསྐྱེད་སྲས་ཀྱི་ཐུ་བོའི་མཚུངས་མེད་གངས་དཀར་ལྷུན་པོ་རུ། །མོས་གུས་ཉི་མས་འོད་སྟོང་འཕྲོ་ཞིང་མདོ་རྒྱུད་ལེགས་བཤད་ཡོངས་རྫོགས་ཀྱང་། །སྐལ་ལྡན་གདུལ་བྱའི་བློ་སྒོ་བསྟུན་ཏེ་བྱང་ཆུབ་ལམ་བཟང་སྨན་བསྐྲུན་ཏེ། །རྒྱལ་བསྟན་ཀུན་གྱི་མིག་གཅིག་ལྟ་བུ་མཁས་གྲུབ་གཉིས་ལྡན་མར་མེ་མཛད།།

 

སྔོན་བྱོན་དམ་པ་རྣམས་ཀྱིས་ཀྱང་། །

སྟོང་ཉིད་བྱང་ཆུབ་ལམ་བསྟེན་ཞིང།།

རྨོངས་པ་བརྡོ་བའི་རང་རེས་ཀྱང་། །

ཐར་ལམ་གྲུ་དེར་ཅིས་མི་བསྟེན།།

ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

 

ག༽ མཐར་མཇུག་གི་གྲུབ་དོན་བསྟན་པ།

 

དེ་ལྟར་དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་པ་འདི་ཉིད་རབ་གནས་མེ་ཕག་ལོའི་དབྱུག་ཟླ་བའི་མང་ངོའི་བཟང་པོ་གཉིས་པ་རྒྱལ་བ་ལྷ་ལས་བབ་པའི་དུས་དང་སྤྱི་ལོ་ ༢༠༠༧ ཟླ་༡༡ ཚེས་༡ ཉིན་འཕགས་ཡུལ་དྷེ་ར་དྷུན་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་ནས་མཁན་མིང་འབྲོང་སར་བསོད་ནམས་ཚེ་རྒྱལ་གྱིས་གྲུབ་པའི་དགེ་བར་གྱུར་ཅིག། །།

སླར་སྨྲས་པ།

བཅུ་ཕྲག་རིགས་པའི་གཞུང་ལུགས་འབྱུང་གནས་ནམ་མཁའི་ཁྱོན་བཞིན་འཕགས་ཡུལ་དུ། །ཞི་བདེའི་བདུད་རྩི་ཆར་ཆིལ་བསྙིལ་བའི་མཁས་དང་གྲུབ་པའི་ཆུ་འཛིན་འཁྲིགས། །དུས་སུ་བབ་པའི་སྦྲང་ཆར་ལྟ་བུའི་ནལནྡཱ་ཡི་གཙུག་ལག་ཁང་། །པཎ་ཆེན་བཅུ་བདུན་ཁོ་ནས་རྟོགས་བརྗོད་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་སྤྲོ།།

ཚད་བཞིས་དྲངས་པའི་རྣམ་དག་བྱུང་བ་ཡི།།

གསང་གསུམ་ཡོན་ཏན་བརྗོད་པའི་གཏམ་དབེན་ཡང་།།

སྒྲིབ་གཉིས་རྒྱུན་ཐག་འཆིང་བའི་བདག་ལྟ་བུའི།།

རྩེ་གཅིག་མོས་པ་ཐོབ་ཕྱིར་འདི་ཀོ་རྨད།།

ནམ་ཞིག་སེམས་ཅན་བློ་ཡི་འགྱུ་འཕྲོར་ངེས་འབྱུང་ཞིང་སའི་རྒྱུད་བརླན་ཅིང་། །ཡོན་ཤཱཀ་འདུལ་བའི་གནས་ལ་འདྲེས་ཤིང་ངུར་སྨྲིག་ཚུལ་བཞིན་ཐོབ་པ་དང་། །ཐ་སྙད་བླང་དོར་འཇུག་པའི་ཆོས་སུ་རྣམ་དཔྱོད་འཕེལ་བའི་རིགས་པའི་ལམ། །གུས་རྟག་རྩེན་ཏེ་ཕྱོགས་གླང་ཆོས་གྲགས་བློ་གྲོས་རྩལ་དང་འདབ་རྒྱས་གྱུར་ཅིག།།

གཞན་ཕན་བྱང་ཆུབ་སེམས་ཀྱི་བསླབ་པའི་གཞིར།།

དུས་གསུམ་རྒྱུན་ཆད་མེད་པའི་དྲན་ཤེས་ཀྱིས།།

ཞི་འཚོ་ཞི་བ་ལྷ་ཡི་ཐུགས་རྒྱུད་བཞིན།།

རྨད་བྱུང་བསླབ་སྤྱོད་བཟང་པོའི་དོན་ལྡན་ཤོག

མ་རིག་གདོན་ཆེན་བརླམས་པའི་ཞིང་།།

བདེན་པར་སྣང་ཡང་རྨི་ལམ་བཞིན།།

ཐོགས་མེད་དབྱིག་གཉེན་སེམས་ཙམ་གཞུང་།།

སྣང་བ་སེམས་ཉོད་རྟོགས་པར་ཤོག།།

དེ་ལྟར་ངེས་འབྱུང་བྱང་ཆུབ་སེམས་འདྲེས་ཤིང་།།

པདྨའི་ངང་ཚུལ་གདམས་པའི་སྒོམ་རིམ་སྟེ།།

ཞི་ལྷག་ཟུང་དུ་འབྲེལ་བའི་དཔྱོད་སྒོམ་གྱིས།།

རྣམ་པར་མི་རྟོག་དོན་ལ་གོམས་གྱུར་ཅིག།།

མདོར་ན་འགྲོ་བའི་རེ་བ་བསྐོང་ཞིང་ཡིད་བཞིན་ནོར་ལྟར་སྟོང་ཉིད་སྙིང་རྗེའི་ལམ། །ངོ་མཚར་མཛད་ཆེན་བསྐྲུན་པར་བྱེད་ཅིང་ཨ་ཏི་ཤ་ཡི་ལམ་རིམ་མཐར་ཕྱིན་ནས། །རྒྱལ་བ་ཀུན་གྱི་མཁྱེན་རྩེའི་ནུས་པའི་ཡེ་ཤེས་བེམ་སྟོང་དངོས་མེད་གལ་སྟེ། །འཕགས་སེང་དགོངས་པའི་ཤེར་ཕྱིན་མངོན་གྱུར་མཁྱེན་གསུམ་རྫོགས་ཤིང་ཡོན་ཏན་སྐུ་བརྙེས་ཤོག།།

 

འཁོར་འདས་ཡེ་ནས་ཀ་དག་ཅིང་། །

ཀླུ་སྒྲུབ་ཡབ་སྲས་དབུ་མའི་ལམ།།

མཉམ་རྗེས་དབྱེར་མེད་ཟབ་མོའི་དོན། །

ཆོས་སྐུའི་དགོངས་ཀློང་རྟོགས་གྱུར་ཅིག།།

དེ་ལྟར་བརྩམས་པའི་ལེགས་བྱས་ཀྱི། །

དགེ་བ་སྒྲུབ་པ་གང་ཡོད་དེ།།

མཁའ་ཁྱབ་འགྲོ་བ་མ་ལུས་རྣམས། །

བདག་གིས་སྨོན་པ་འགྲུབ་གྱུར་ཅིག།།

དགེའོ།།  དགེའོ།།  དགེའོ།།  སརྦ་མངྒལམ།།

 

 

 

 

 

 

 

པཎ་ཆེབ་བཅུ་བདུན་གྱི་རེ་རེའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་རྣམ་གྲངས།

 

ཀླུ་སྒྲུབ་ཀྱི་གསུང།

 

༼བསྟོད་ཚོགས་ཀ་པ༽  ཆོས་དབྱིངས་བསྟོད་པ། དཔེ་མེད་ཀྱི་བསྟོད་པ། འཇིག་རྟེན་ལས་འདས་པའི་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པའི་བསྟོན་པ། སྐུ་གསུམ་གྱི་བསྟོད་པ། སེམས་ཅན་འགུ་བའི་བསྟོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ། བསམ་གྱི་མི་ཁྱབ་པའི་བསྟོད་པ། བླ་ན་མེད་པའི་བསྟོད་པ། སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱི་བསྟོད་པ། དམྱལ་བ་ལས་གདོན་པའི་བསྟོད་པ། ༼རྒྱུད་ཡ་པ༽  མཆན་ཁོང་གི་སྦྱོར་བ། ༼རྒྱུད་ཤ་པ༽  སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྤྱིའི་མངོན་པར་རྟོགས་པ། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ནག་པོ་ཆེན་པོའི་སྒྲུབ་ཐབས། ནག་པོ་ཆེན་པོའི་བསྟོད་པ་རྐང་བརྒྱད་པ། ༼རྒྱུད་ས་པ༽  དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་བ་ལེའུ་བཅུ་བདུན། ལེའུ་བཅོ་བརྒྱད་པ་རྒྱ་ཆེར་འགྲེལ་བ། ༼རྒྱུད་ངི་པ༽  སྒྲུབ་པའི་ཐབས་མདོར་བྱས་པ། དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་སྒོམ་པའི་ཐབས་མདོ་བསྲེ་བ། རིམ་པ་ལྔ་པ། ༼རྒྱུད་ཆི་པ༽  རིམ་ལྔའི་དཀའ་འགྲེལ། ༼རྒྱུད་ཛི་པ༽  རྡོ་རྗེ་གཏུམ་པོ་ལྷ་ལྔ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ། ༼རྒྱུད་ཝི་པ༽  པྱག་རྒྱ་བཞི་གཏན་ལ་དབབ་པ། ༼རྒྱུད་ཞི་པ༽  དངོས་པོའི་སྦྱོར་བ། ཚིགས་སུ་བཅད་པ་ཕྱེད་དང་ལྔའི་འགྲེལ་བ། ༼རྒྱུད་ཟི་པ༽  རང་བཞིན་གྲུབ་པའི་གཞིའི་མན་ངག རྡོ་རྗེ་ཐིག་པའི་ལྟུང་བ་སྦོམ་པོའི་ལྟུང་བརྒྱད་པ། ༼རྒྱུད་ནུ་པ༽  ཚེ་དཔག་མེད་བསྟོད་པ། འཕགས་པ་ཚེ་དང་ཡེ་ཤེས་དཔག་མེད་པའི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ། འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་དབེན་པའི་འདོད་འཇོའི་རྣམ་པར་བཤད་པ། འཕགས་མ་རིག་པ་ཆེན་མོ་སོ་སོར་འབྲང་མའི་འཁོར་ལོའི་སེམས་སྦྱོང་། ༼རྒྱུད་མུ་པ༽  ཀླུ་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། ༼དབུ་མ་ཙ་པ༽  དབུ་མ་རྩ་བའི་ཚིག་ལེའུ་བྱས་པ། རིག་དྲུག་ཅུ་པའི་ལེའུ་བྱས་པ། ཞིབ་མོ་རྣམ་པར་འཐག་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པའི་ཚིག་ལེའུ་བྱས་པ། དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སྟོང་ཉིད་བདུན་བཅུའི་འགྲེལ་བ། རྩོད་བཟློག་འགྲེལ་བ། རྟེན་འབྲེལ་སྙིང་པོ་ཚིག་རྣམ་བཤད། མ་རྟོགས་པར་རྟོགས་པར་བྱེད་པའི་རབ་བྱེད། དབུ་མ་སྲིད་པ་འཕོ་བ་ཞེས་བྱ་བ། རང་བཞིན་གསུམ་ལ་འཇུག་པ། སྐྱེ་མེད་རིན་པོ་ཆེའི་མཛོད། ༼དབུ་མ་གི་པ༽  བྱང་ཆུབ་སེམས་བསྐྱེད་ཀྱི་ཆོ་ག ༼དབུ་མ་ངི་པ༽  འཕགས་བོད་ས་ལུའི་ལྗང་པའི་ཚིག་ལེའུ་བྱས་པ། ས་ལུའི་ལྗང་པའི་རྒྱ་ཆེར་བཤད་པ་བརྒྱ་ཕྲག་བཅུ་གཉིས་པ། ༼དབུ་མ་ཇི་པ༽  བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་བ། བཟང་པོ་སྤྱོད་པའི་སྨོན་གྱི་རྒྱལ་པོའི་བཤད་པ། འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་བ། ༼སྣ་ཚོགས་པེ་པ༽  རྒྱལ་པོ་ལ་གཏམ་བྱ་བའི་རིན་ཆེན་འཕྲེང་བ། སྲིད་པ་ལས་འདས་པའི་གཏམ། བཤེས་པའི་སྤྲིངས་ཡིག ༼སྣ་ཚོགས་ཧེ་པ༽  སྦྱོར་བ་བརྒྱ་པ་ཞེས་བྱ་བའི་སྨན་གཞུང་། སྨན་འཚོ་བའི་མདོ་ཚིགས་ས་བཅད། ༼སྣ་ཚོགས་ངོ་པ༽  སྤོས་སྦྱོར་གྱི་བསྟན་བཅོས། ཤེས་རབ་བརྒྱ་པ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་གསོ་ཐིགས་བཅས་སོ།།

 

ཨརྻ་དེ་ཝའི་གསུང་།

༼རྒྱུད་ཡ་པ༽  རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞིའི་སྒྲུབ་པའི་ཐབས། ཡེ་ཤེས་དབང་ཕྱུག་གི་སྒྲུབ་ཐབས། གདན་བཞི་དཀྱིལ་འཁོར་གྱི་སྙིང་པོ་མདོར་བསགས་པ། ༼རྒྱུད་ཀི་ཁི༽  སྒྱོན་མ་གསལ་བྱར་ཞེས་བྱ་བའི་ལེའུ་དང་པོའི་འགྲེལ་བ། ༼རྒྱུན་ངི་པ༽  སྤྱོད་བསྡུས་སྒྲོན་མེ། སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ། འོད་གསལ་དོན་འགྲེལ་མངོན་པར་བྱང་ཆུབ་པའི་མན་ངག རོ་བསྲེགས་པའི་ཆོ་ག་ ༼རྒྱུད་ཞི་པ༽  རྣམ་པར་མི་རྟོག་པའི་རབ་བྱེད། གོ་བར་བྱེད་པའི་སྙིང་པོ། ༼རྒྱུད་ཟེ་པ༽  དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱི་མི་ཁྱབ་པ། ༼དབུ་མ་ཙ་པ༽ ཆ་ཤས་ཀྱི་ཡན་ལག་ཏུ་བྱེད་པ། ༼དབུ་མ་ཚ་པ༽  རྣལ་འབྱོར་སྤྱོད་པའི་བཞི་བརྒྱ་པ། འཁྲུལ་བཟློག་པ། གཏན་ཚིགས་གྲུབ་པ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུ་བྱས་པ། དེའི་འགྲེལ་བ། དབུ་མ་འཁྲུལ་འཇོམ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། ༼དབུ་མ་ཡ་པ༽  རྣལ་འབྱོར་སྤྱོད་པའི་བརྒྱ་པའི་འགྲེལ་བ། ༼སྣ་ཚོགས༽  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པའོ།།

 

 

སངས་རྒྱས་བསྐྱངས་ཀྱི་གསུང་།

༼དབུ་མ་ཙ་པ༽  དབུ་མ་རྩ་བའི་འགྲེལ་བ་བུདྡྷ་པ་ལི་ཏའོ།།

 

ལེགས་ལྡན་འབྱེད་ཀྱི་གསུང་།

༼རྒྱུད་ཨ་པ༽  སྒྲོན་མ་གསལ་བར་བྱེད་པ་པའི་དཀའ་བ་བཏུས་པའི་འགྲེལ་བ། ༼དབུ་མ་ཚ་པ༽  དབུ་མའི་བསྟན་བཅོས་རྩ་བའི་འགྲེལ་ཤེས་རབ་སྒྲོན་མ། དབུ་མ་རིན་ཆེན་སྒྲོན་མ། ༼དབུ་མ་ཛ་པ༽  དབུ་མ་སྙིང་པོ་ཚིག་ལེའུ་བྱས་པ། དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ། ༼འདུལ་བ་སུ་པ༽  སྡེ་བ་ཐ་དད་དུ་བྱེད་པ་དང་རྣམ་བཤད་དོ།།

 

ཟླ་བ་གྲགས་པའི་གསུང།

༼རྒྱུད་ཤ་པ༽  རྡེ་རྗེ་ཕག་མོའི་སྒྲོལ་མ་བསྟོད་པ། ༼རྒྱུད་ར་པ༽  སྒྲོན་མ་གསལ་བར་བྱེད་པ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་བ། ༼རྒྱུད་ངི་པ༽  རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བདུད་རྩིའི་འཁྱིལ་བའི་སྒྲུབ་ཐབས། གསང་བ་འདུས་པའི་མངོན་པ་རྟོགས་པའི་འགྲེལ་བ། ༼རྒྱུད་ནུ་པ༽  ཐུགས་རྗེ་ཆེན་པོ་ལ་སྨྲེ་ངག་གི་བསྟོད་པ། ༼དབུ་མ་འ་པ༽  དབུ་མ་རྩ་བའི་འགྲེལ་བ་ཚིགས་གསལ། དབུ་མ་ལ་འཇུག་པ། དབུ་མ་ལ་འཇུག་པའི་བཤད་པ། དབུ་མ་ཤེས་རབ་ལ་འཇུག་པ། ༼དབུ་མ་ཡ་པ༽  རིག་པ་དྲུག་བཅུ་པའི་འགྲེལ་བ། རྣལ་འབྱོར་སྤྱོད་པའི་བརྒྱ་པའི་འགྲེལ་བ་རྒྱ་ཆེར་འགྲེལ་བ། ཕུང་ལྔའི་རབ་ཏུ་བྱེད་པ། སྟོང་ཉིད་བདུན་བཅུ་པའི་འགྲེལ་བ།་༼དབུ་མ་གི་པ༽  སྐྱབས་འགྲོ་བདུན་བཅུ་པའོ།།

 

ཞི་བ་ལྷའི་གསུང་།

༼བསྟོད་ཚོགས་ཀ་པ༽  བཤགས་པའི་བསྟོད་པའི་འགྲེལ་བ། ༼རྒྱུད་ཟི་པ༽  ལྷན་ཅིག་སྐྱེས་པའི་གླུ། བདེ་སྡུག་གཉིས་བྲལ་གྱི་གླུ། ༼དབུ་མ་ལ་པ༽  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ༼དབུ་ཁི་པ༽  བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག ༼མདོ་སྡེ་ཇི་པ༽  འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་དོན་གསལ་བར་བྱེད་པ། ༼སྣ་ཚོགས༽  འཕགས་པ་ཡེ་ཤེས་ཀྱི་མདོའི་དོ་གསལ་བ། ༼བཟོ་རིག་པ༽  མོ་རྩིས་བཅས་སོ།།

 

 

 

ཞི་བ་འཚོའི་གསུང།

༼བསྟོད་ཚོགས་ཀ་པ༽  བཅོམ་ལྡན་འདས་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་དབྱངས་ཀྱི་རྒྱ་ཆེར་བཤད་པ། དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ། ༼རྒྱུད་ཀ་པ༽  ཀུ་རུ་ཀུལེའི་མན་ངག་ཆེན་པོ་ལྔ་པ། ༼རྒྱུད་པུ་པ༽  བདེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར། རྒྱས་པའི་མདོ་སྡེའི་མན་ངག་དེའི་སྨོན་ལམ་ཁྱད་པར་རྒྱས་པ། དེའི་སྨོན་ལམ་གདམས་པའི་མདོ་སྡེ་ལས་བཏུས་ཏེ་རིམ་པར་བཀླགས་པ། ༼རྒྱུད་ཙུ་པ༽  དེ་ཁོ་ན་ཉིད་གྲུབ་པ། ༼རྒྱུད་རུ་པ༽  དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། ༼དབུ་མ་ས་པ༽  བདེན་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལའ དབུ་མ་རྒྱན་གྱི་ཚིག་ལེའུ་བྱས་པ། དབུ་མ་རྒྱན་གྱི་འགྲེལ་བ། ༼སེམས་ཙམ་ཧི་པ༽  སྡོམ་ཉི་ཤུ་པ། ༼ཚད་མ་ཞེ་པ༽  རྩོད་པའི་རིགས་པའི་འགྲེལ་བ་དོན་མ་པར་བྱེད་པ། ༼ཚད་མ་ཟེ་འེ༽  དེ་ཁོ་ན་ཉིད་བསྡུས་པ་ཚིག་ལེའུ་བྱས་པའོ།།

 

 

ཀཱ་མ་ལ་ཤཱི་ལའི་གསུང།

༼རྒྱུད་ཞི་པ༽  ཞི་བྱེད་མན་ངག་སྒྲོན་མ་སྐོར་དགུ་ལ། མན་ངག་སྐུའི་སྒྲོན་མ། ཐེག་པ་གསུང་གི་སྒྲོན་མ། ཡང་ངག་པའི་ལྟ་བའི་སྒྲོན་མ། རིན་པོ་ཆེའི་སྒྲོན་མ། མཉམ་ཉིད་གཞིའི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། བྱང་ཆུབ་སྤྱོད་པའི་སྒྲོན་མ། རྣལ་འབྱོང་ལམ་གྱི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ། མན་ཌལ་གྱི་ཆོ་ག་ཞེེས་བྱ་བ་དང། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག བསྐྱེད་རིམ་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་པྱིན་པའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། འཇམ་དཔལ་ཁྲོ་བོར་སྒྲུབ་ཐབས། ༼རྒྱུད་ཟི་པ༽ མཁའ་འགྲོ་རྡོ་རྗེ་གསང་བའི་གླུར་བྲུལ་ཚོ་བདུན་དུ་བསྟན་པ། ༼དབུ་མ་ས་པ༽  དབུ་མ་རྒྱན་དཀའ་འགྲེལ་། དབུ་མ་སྣང་བ། དེ་ཁོ་ན་ཞེས་བྱ་བའི་རབ་ཏུ་བྱེད། ཆོས་ཐམས་ཅད་རང་བཞིན་མེད་པའི་ཉིད་དུ་གྲུབ་པ། ༼དབུ་མ་ཀི་པ༽  བྱང་ཆུབ་སེམས་ཀྱི་བསྒོམ་པ། ༼དབུ་མ་ནི་པ༽  བྱང་ཆུབ་སེམས་ཀྱི་སྒོམ་དང་པོ། སྒོམ་རིམ་གཉིས་པ། སྒོམ་རིམ་གསུམ་པ། རྣལ་འབྱོར་སྒོམ་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་བ།་༼དབུ་མ་མ་པ༽  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་བ། ༼མདོ་སྡེ་ཇི་པ༽  འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་བ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་བར་བྱེད་པ། ༼འདུས་བ་སུ་པ༽  དགེ་སྦྱོང་གི་ཀཱ་རི་ཀ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་བྱས་པ། ༼སྣ་ཚོགས་ངེ་པ༽  ལྷོ་ཟ་མོ་ཚངས་པའི་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ། དད་བསྐྱེད་སྒྲོལ་མ། ༼ཚད་མ་ཝེ་པ༽  རིགས་ཐིག་ཕྱོགས་སྔ་མ་མདོར་བསྡུས་པ། ༼ཚད་མ་ཟེ་འེ༽  ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་བ་བཅས་སོ།།

 

ཐོགས་མེད་ཀྱི་གསུང་།

༼རྒྱུད་མུ་པ༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། ༼མདོ་སྡེ་ངི་པ༽ འཕགས་པ་དགོངས་པ་ངེས་པར་འགྲེལ་རྣམ་བཤད། སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་བ། ཆོས་རྗེས་སུ་དྲན་པའི་འགྲེལ་བ། དགེ་འདུན་རྗེས་སུ་དྲན་པའི་འགྲེལ་བ། སེམས་ཙམ་པའི་ལྟ་བ་གཏན་ལ་འབེབས་པའི་བསྟན་བཅོས། ༼སེམས་ཙམ་ཕི་པ༽  ཐེག་པ་ཆེན་པོ་རྒྱུད་བླ་མ། ༼སེམས་ཙམ་ཚི་པ༽  ས་སྡེ་ལྔའི་སྤྱོད་པའི་ས་ཡི་དངོས་གཞི་ས་མང་། ༼སེམས་ཙམ་ཛི་པ༽  རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས། ༼སེམས་ཙམ་ཝི་པ༽  བྱང་ཆུབ་སེམས་དཔའི་ས། ༼སེམས་ཙམ་ཞི་པ༽  རྣལ་འབྱོར་སྤྱོད་པའི་རྣམ་པར་གཏནལ་དབབ་པ་བསྡུ་བ། ༼སེམས་ཙམ་འི་པ༽  གཞི་བསྡུ་བ་ནང་གི་རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། ༼སེམས་ཙམ་རི་པ༽  མངོན་པ་ཀུན་ལས་བཏུས་པའི་སྡོམ་བམ་པོ་བཞི་པ། མངོན་པ་ཀུན་ལས་བཏུས་པ་རྣམ་པར་བཤད་པ་བམ་པོ་ལྔ་པ། ༼སེམས་ཙམ་ཧི་པ༽  བསམ་གཏན་སྒྲོན་མ་ཞེས་བྱ་བའི་མན་ངག་གོ།

 

དབྱིག་གཉེན་གྱི་གསུང།

༼བསྟོད་ཚོགས་ཀ་པ༽  དཀོན་མཆོག་གསུམ་གྱི་བསྟོད་པ། ༼ཤེར་ཕྱིན་རྡོ་རྗེ་བཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་བ། ༽  ༼མདེ་སྡེ་ངི་པ༽  ཤེར་ཕྱིན་རྡོ་རྗེ་གཅོད་པའི་གནས་བདུན་གྱི་འགྲེལ་བ། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པའི་རྒྱ་ཆེར་བཤད་པའི་འགྲེལ་བ། ག་ཡ་གོ་རིའི་རྣམ་པར་བཤད་པ། འཕགས་པ་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། ༼མདོ་སྡེ་ཅི་པ༽  བློ་གྲོས་མི་ཟད་པས་བསྟན་པའི་མདོ་རྒྱ་ཆེར་འགྲེལ་བ། ༼མདོ་སྡེ་ཇི་པ༽  ས་བཅུའི་རྣམ་པར་བཤད་པ། ༼མདོ་སྡེ་ཉི་པ༽  འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་བ། ༼སེམས་ཙམ་ཕི་པ༽  ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་བཤད་པ། ༼སེམས་ཙམ་བི་པ༽  དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ། ཆོས་དང་ཆོས་ཉིད་རྣམ་འབྱེད་པའི་འགྲེལ་བ། ༼སེམས་ཙམ་རི་པ༽  ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ཐེག་པ་ཆེན་པོ་རབ་ཏུ་གནས་པ། ༼སེམས་ཙམ་ཤི་པ༽  ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་པ་སུམ་ཅུ་པའི་ཚིག་ལེའུ་བྱས་པ། ཕྱི་རོལ་གྱི་དོན་འགོག་པ་ཉི་ཤུ་པའི་ཚིག་ལེའུ་བྱས་པ། དེའི་འགྲེལ་བ། རང་བཞིན་ངེས་པར་བསྟན་པ། ཕུང་པོ་ལྔ་རབ་ཏུ་བྱེད་པ། རྣམ་བཤད་རིག་པའི་མདོ་སྡེའི་དུམ་བུ་བརྒྱ་པ། རྣམ་པར་བཤད་པའི་རིག་པ། ལས་གྲུབ་པའི་རབ་བྱེད་པ། ཐེེག་ཆེན་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ༼མངོན་པ་ཀི་ཁི༽  ཆོས་མངོན་པ་མཛོད་ཚིག་ལེའུ་བྱས་པ། དེའི་རང་འགྲེལ། ༼མངོན་པ་ཐུ་པ༽  ཚིགས་སུ་བཅད་པའི་དོན་བསྡུས་པ། ༼སྣ་ཚོགས་ཀྱི་གེ་པ༽  ཡོན་ཏན་བདུན་པ་ཡོངས་སུ་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། ཚོགས་ཀྱི་གཏམ། ༼སྣ་ཚོགས་ངེ་པ༽  འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པའོ།།

 

ཕྱོགས་གླང་གི་གསུང།

༼བསྟོད་ཚོགས་ཀ་པ༽  ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་བ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། ༼རྒྱུད་ནུ་པ༽  འཕགས་པ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་རྟོག་གེ་བ་རྣམས་་ཀྱི་གཙུག་གི་ནོར་བུ། ༼དབུ་མ་ན་པ༽  དོན་སུམ་ཅུ་སོ་གཉིས་སུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་པའི་ཚིག་ལེའུ་བྱས་པ། རྣལ་འབྱོར་ལ་འཇུག་པ། ༼མདོ་སྡེ་ཉེ་པ༽  ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་པ། ༼མངོན་པ་ཇུ་ཉུ༽  མངོན་པ་མཛོད་ཀྱི་འགྲེལ་བ་གནད་ཀྱི་སྒྲོན་མེ། ༼ཚད་མ་ཅེ་པ༽  ཚད་མ་ཀུན་ལས་བཏུས་པ། དེའི་རང་འགྲེལ། རིག་པ་ལ་འཇུག་པ། དམིགས་པ་བརྟག་པ། དུས་གསུམ་བརྟག་པ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པའི་སྒོ། ཕྱོགས་ཆོས་འཁོར་ལོའི་ཞེས་གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་ཕབ་པ། ༼སྣ་ཚོགས་ཆོ་པ༽  བཟང་སྤྱོད་སྨོན་ལམ་འགྲེལ་བའོ།།

 

ཆོས་གྲགས་ཀྱི་གསུང་།

༼བསྟོད་ཚོགས་ཀ་པ༽  སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ། ༼རྒྱུད་ཝ༽  དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་གཙིག་གི་ནོར་བུ། ༼འདུལ་བ་ཧུ་པ༽  སྐྱེས་རབ་ཀྱི་རྒྱ་ཆེར་བཤད་པ། ༼ཚད་མ་ཅེ་པ༽  ཚད་མ་རྣམ་འགྲེལ་ཚིག་ལེའུ་བྱས་པ། ཚད་མ་རྣམ་ངེས། རིགས་ཐིག གཏན་ཚིགས་ཀྱི་ཐིག་པ། འབྲེལ་བ་བརྟག་པ་རབ་བྱེད་པ། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ། རྩོད་པའི་རིགས་པ་རབ་ཏུ་བྱེད་པ། རྒྱུད་གཞན་གྲུབ་པའོ།།

 

རྣམ་གྲོལ་སྡེའི་གསུང་།

༼དབུ་མ་ཁ་པ༽  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་རྒྱན་གྱི་ཚིག་ལེའུ་བྱས་པའི་རྣམ་པར་འགྲེལ་བ་ཉི་ཁྲི་སྣང་བའོ།།

 

སེང་གེ་བཟང་པོའི་གསུང།

༼དབུ་མ་ག་ང་ཅ༽  ཤེར་ཕྱིན་སྟོང་ཁྲག་ཉི་ཤུ་ལྔ་པ་མངོན་རྟོགས་རྒྱན་གྱི་རྗེས་འབྲང་ཉི་ཁྲི་ལེ་བརྒྱད་མ། ༼དབུ་མ་ཇ་པ༽  ཤེར་ཕྱིན་སྡུད་པ་དང་སྦྱར་བ་དཀའ་འགྲེལ་རྟོགས་སླ། ཤེར་ཕྱིན་མངོན་རྟོགས་རྒྱན་འགྲེལ་བ་དོན་གསལ། ༼སྒྲ་རིག་པ་རི་པ༽  བརྡ་སྤྲོད་པ་ཙགླ་པའི་མདོའི་རྣམ་དབྱེ་བའི་ཚིག་ལེའུ་བྱས་པ་བཅས་སོ།།

 

ཡོན་ཏན་འོད་ཀྱི་གསུང།

༼སེམས་ཙམ་འི་པ༽  བྱང་ཆུབ་སེམས་དཔའི་ས་ཡི་འགྲེལ་བ་སྦྱི་པའི་རབ་ཏུ་བྱེད་པ། ཚུལ་ཁྲིམས་ཀྱི་ལེའུའི་འགྲེལ་བ། ༼སེམས་ཙམ་སི་པ༽  ཕུང་ལྔའི་རྣམ་འགྲེལ ༼འདུལ་བ་ཝུ་པ༽  འདུལ་བ་མདོ་རྩ་བ། ཆོ་ག་ལག་ལེན་གཏན་ལ་འབེབ་པར་བྱེད་པ་ལས་བརྒྱ་རྩ་གཅིག་པ། ༼འདུལ་བ་ཞུ་ཟུ༽  འདུལ་བ་མདོའི་འགྲེལ་བ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། ༼འདུལ་བ་ལུ་པ༽  འདུལ་བ་མདོ་རྩ་བའི་འགྲེལ་བ་ཆུང་བ་བརྟགས།

 

ཤཱཀྱ་འོད་ཀྱི་གསུང་།

༼འདུལ་བ་ཤུ་པ༽  གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུ་བྱས་པ་སུམ་བརྒྱ་པ། དེའི་འགྲེལ་བ་འོད་ལྡན་བམ་བརྒྱད་མའོ།།

 

ཇོ་བོ་རྗེའུ་གསུང།

༼རྒྱུད་ཀ་པ༽  གཏོར་མའི་ཆོ་ག ༼རྒྱུད་ཞ་པ༽  ལཱུ་ཡིས་མཛད་པའི་མངོན་རྟོགས་རྣམས་འབྱེད་པ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་མངོན་རྟོགས། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། དཔལ་མངོན་པར་རྟོགས་པ་ཞེས་བྱ་བ། དཔའ་བོ་གཅིག་པའི་སྒྲུབ་ཐབས། རྡོ་རྗེ་གདན་གྱི་གླུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་བ། སྤྱོད་པའི་གླུ། སྤྱོད་པའི་གླུའུ་འགྲེལ་བ། ༼རྒྱུད་འ་པ༽  དཔལ་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ། ༼རྒྱུད་ཤ་པ༽  དཔལ་མགོན་པོའི་གཏོར་ཆོག ༼རྒྱུད་མི་པ༽  གཤིན་རྗེ་ནག་པོའི་སྒྲུབ་ཐབས། གཤིན་རྗེ་རྣམ་པར་སྣང་མཛད་ཀྱི་མངོན་རྟོགས། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས། འོད་དཔག་མེད་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་སྒྲུབ་ཐབས། གཤིན་རྗེ་གཤེད་རྡོ་རྗེ་རྣོན་པ་སྒྲུབ་ཐབས། རྡོ་རྗེ་སེམས་མའི་སྒྲུབ་ཐབས། མཁའ་འགྲོ་མའི་བདེ་བའི་སྒྲུབ་ཐབས། མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས། ལས་ཀྱི་རྡོ་རྗེ་གོ་རཱི་མའི་སྒྲུབ་ཐབས། དབྱུག་པ་གཤེད་རྗེ་གཤེད་སྣམ་པར་འཇོམས་པ། རལ་གྲའི་གཤེད་རྗེ་གཏུམ་མོའི་སྒྲུབ་ཐབས། པད་མ་གཤིན་རྗེ་ཤེས་རབ་བདེ་བ་ཅན་སྒྲུབ་ཐབས། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ། ༼རྒྱུད་ཞི་པ༽  འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ༼རྒྱུད་ཟི་པ༽  ཇོ་བོ་རྗེའི་གླུ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག སྐུ་གསུང་ཐུགས་རབ་གནས། རྩ་ལྟུང་རྒྱ་ཆེར་འགྲེལ། ༼རྒྱུད་རུ་པ༽  མི་འཁྲུགས་པའི་སྒྲུབ་ཐབས། དེའི་དཀྱིལ་འཁོར་གྱི་ཆོ་ག ལས་སྒྲིབ་རྣམ་པར་སྦྱོང་བ། ༼རྒྱུད་པུ་པ༽  ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩིའི་བུམ་ཆོག དཔལ་ཡབ་ཡུམ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བདེ་སྦྱིན་དམ་པ། བདུད་རྩི་ཐབ་སྦྱོར་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེ་དྲི་མ་མེད་པ། རྒྱལ་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བ། གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་གོ་ཆ་མ། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དུག་ལས་རྒྱལ་བ། འཇམ་དཔལ་དབྱངས་ཀྱི་དཔའ་བོ་གཅིག་གྲུབ་པའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ། འཕགས་པ་རྡོ་རྗེ་རྣམ་པར་འཇོམ་པའི་ཁྲུས་ཀྱི་ཆོ་ག་དང་། རབ་ཏུ་གནས་པའི་ཆོ་ག བསྒྲུབ་བྱ་གཟའི་བྱད་དུ་གཞུག་པའི་འཁོར་ལོ་ཅན། བསྒྲུབ་བྱ་ཐོག་གིས་བསད་པའི་ལས་སྣ་ཚོགས་པའི་ཆོ་ག བསྒྲུབ་བྱ་སྐྲག་པའི་ལས་ཆུ་ཐིགས། འགལ་བར་སྐྲག་པར་བྱེད་པའི་ལས་སྣ་ཚོགས་པའི་འགལ་མེའི་འཁོར་ལོ། བསྒྲུབ་བྱ་ཀླུ་རྣམས་ཀྱི་བྱད་དུ་གཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲི། ཤི་བའི་སེམས་ཅན་སྡིག་པ་ལས་ཐར་བར་བྱེད་པའི་རོ་བསྲེག་པའི་ཆོ་ག མཆོད་རྟེན་གདབ་པའི་ཤི་བའི་སྡིག་པ་ལས་བྱང་བར་བྱེད་པ་རབ་བྱུང་འཇིགས་བྲལ། འཇིགརྟེན་གྱི་ལྷ་མཉེས་པར་བྱེད་པ་དོན་གྲུབ་པ། ཚོགས་བདག་གི་སྒྲུབ་པའི་དབུལ་བ་གཏེར་སྦྱིན། གཟའ་ངན་བཟློག་པའི་ཆོ་ག གཟའ་ཡི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ། ཀླུ་ཆེན་བརྒྱད་ཀྱི་མཆོད་པས་ནད་ཡམས་དྲག་པོ་ལས་ཐར་བྱར་བྱེད་པ། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ། ཀླུའི་གདོན་ལས་ཐར་བར་བྱེད་པ། ཀླུའི་སྲོག་མེ་དཔལ་གྱི་འཁོར་ལོ། སྒྲ་ལས་གནས་པ་བསམ་གཏན། སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་བཅད་པ། ཁྲོ་བོ་རྒྱལ་པོ་མི་གཡོ་བ་བསྟོད་པ་གཉིས། དམ་ཚིག་སྲུང་བའི་སྒྲུབ་ཐབས། སཱ་ཚ་ལྔ་གདབ་པའི་ཆོ་ག གཙུག་གཏོར་དྲི་མེད་ཀྱི་གཟུགས་ཆོག ༼རྒྱུད་མུ་པ༽  རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། དེའི་སྒོམ་ཆོག འཇིགས་པ་བརྒྱད་སྐྱོབ་པའི་སྒྲུབ་ཐབས། འཕགས་མ་སྒྲོལ་མའི་བསྟོད་པ། ༼དབུ་མ་ཀི་པ༽  དྲན་པ་གཅིག་པའི་མན་ངག དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་གཏོགས། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། ༼དབུ་མ་ཁི་པ༽  ཡུམ་རྒྱས་འབྲིང་བསྡུས་གསུམ་དོན་མཐུན་མངོན་རྟོགས་བརྒྱད་དུ་བསྟན་པ། ༼དབུ་མ་ཨ་པ༽  བདེན་གཉིས་ལ་འཇུག་པ། ༼མདོ་སྡེ་ཁི་པ༽  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། བྱང་ཆུབ་ལམ་གྱི་སྒྲོན་མེ། དེའི་དཀའ་འགྲེལ། བྱང་སེམས་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། ཐེག་ཆེན་ལམ་གྱི་སྒྲུབ་ཐབས། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་རིམ་ལ་བསྐུལ་བ། མདོ་ཀུན་ལས་བཏུས་པའི་མན་ངག མི་དགེ་བཅུའི་ལས་ལམ་བསྟན་པ། ལས་རྣམ་པར་འབྱེད་པ། ༼མདོ་སྡེ་ནི་པ༽  མདོ་ཀུན་ལས་བཏུས་པའི་ཆོ་ག ༼མདོ་སྡེ་གི་པ༽  ལྟུང་བ་བཤགས་པའི་ཆོ་ག བླ་མ་བྱ་བའི་རིམ་པ། ༼མདོ་སྡེ་ཇི་པ༽  ལས་སྒྲིམ་རྣམ་པར་སྦྱོང་བའི་ཆོ་ག ༼སྣ་ཚོགས་ངེ་པ༽  དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་བཅས་སོ།།

 

དཔྱད་གཞིའི་ཡིག་ཁུངས་རྣམས་ཀྱི་མཚན།

  1. ༸གོང་ས་མཆོག་གི་གསུང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད།
  2. འབྲི་གུང་རིག་འཛིན་ཆོས་གྲགས་ཀྱི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ།
  3. འཇམ་མགོན་མི་ཕམ་རིན་པོ་ཆེའི་མཁན་སློབ་ཆོས་གསུམ་ལ་བསྟོད་པ།
  4. འདུལ་བ་པོད་ཀ་ཁ་ལྷ་སའི་དཔར།
  5. བཀའ་འགྱུར་དཀར་ཆག་ལྷ་སའི་དཔར།
  6. བསྟན་འགྱུར་དཀར་ཆག་སྡེ་དགེའི་དཔར།
  7. སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ།
  8. མཁན་ཆེན་ཞི་འཚོའི་དབུ་མ་རང་འགྲེལ།
  9. ཀཱ་མ་ལ་ཤཱི་ལའི་དབུ་མའི་སྒོམ་རིམ་ཐོག་མཐའ་བར་གསུམ།
  10. ཀཱ་མ་ལ་ཤཱི་ལའི་དབུ་མ་རྒྱན་དཀའ་འགྲེལ།
  11. དབུ་མ་རྩ་ཤེར་འགྲེལ་བ་བུ་དྡྷ་པ་ལི་ཏ།
  12. རྩ་ཤེར་འགྲེལ་བ་ཤེས་རབ་སྒྲོན་འཕྲེང།
  13. རྩ་ཤེར་འགྲེལ་བ་ཚིག་གསལ།
  14. དབྱིག་གཉེན་མངོན་མཛོད་རྩ་བ།
  15. མཛོད་འགྲེལ་མཆིམས་ཆེན།
  16. ཤེར་འགྲེལ་དོན་གསལ།
  17. ཇོ་བོ་རྗེའི་ལམ་མཆོག་རིན་ཆེན་འཕྲེང་བའི་འགྲེལ་བ།
  18. ཟླ་གྲགས་གསང་འདུས་འགྲེལ་བ།
  19. དེའི་འགྲེལ་བཤད།
  20. ཟླ་གྲགས་འཇུག་འགྲེལ།
  21. ཟླ་གྲགས་བཞི་བརྒྱ་པའི་འགྲེལ་བཤད།
  22. རྗེ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེགས་འབུམ།
  23. འབྲི་གུང་རིག་འཛིན་ཆོས་གྲགས་ཀྱི་དགོངས་གཅིག་ཉི་སྣང་།
  24. རྣལ་འབྱོར་ཞེ་སྡང་རྡོ་རྗེའི་མཛད་པའི་ཐེག་ཆེན་བསྟན་པའི་སྙིང་པོའི་འགྲེལ་བ།
  25. མཁན་པོ་ཡོན་དགའི་སྡོམ་གསུམ་རྣམ་ངེས་མཆན་འགྲེལ།
  26. སྨིན་ལིང་ལོ་ཆེན་གྱི་སྡོམ་འགྲེལ་དཔག་བསམ་སྙེ་མ།
  27. སྨིན་གླིང་པད་མ་འགྱུར་མེད་རྒྱ་མཚོའི་ཤེར་འགྲེལ།
  28. ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད།
  29. གོ་རམ་པའི་སྡོམ་གསུམ་རབ་དབྱེའི་འགྲེལ་བ།
  30. གོ་རམ་པའི་ཤེར་ཕྱིན་སྦས་དོན་རབ་གསལ།
  31. མི་ཕམ་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་།
  32. འབྲི་གུང་པད་མའི་རྒྱལ་མཚན་གྱི་འབྲི་གུང་གདན་རབས།
  33. བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་དང་རྒྱལ་རབས།
  34. ཀ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་བརྒྱུད་རྣམ་ཐར།
  35. དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང།
  36. ཀློང་ཆེན་ཆོས་འབྱུང།
  37. བུ་སྟོན་ཆོས་འབྱུང།
  38. སྟག་ལུང་ཆོས་འབྱུང་།
  39. ཏཱ་ཏ་ན་ཐའི་རྒྱ་གར་ཆོས་འབྱུང་།
  40. དགེ་ཆོས་ཀྱི་སིང་ག་ལ་ཡི་ལོ་རྒྱུས།
  41. དགེ་ཆོས་ཀྱི་རྒྱ་གར་གྱི་གནས་ཡིག
  42. ཁང་དཀར་དེབ་སྔོན་གསར་མ།
  43. མཁན་ཚུལ་ཁྲིམས་བློ་གྲོས་ཀྱི་བློ་གསར་ཡིད་ཀྱི་དགའ་སྟོན།
  44. ཨཱཙཱ་རྻ་སརཏ་ཙནྡྲ་དས་ཀྱི་དག་ཡིག
  45. དུང་དཀར་ཚིག་མཛོད།
  46. བོད་རྒྱ་ཚིག་མཛོད།

 

མཇུག་གི་གཏམ།

 

དེང་འདིར་ཁོ་བོས་བྲིས་པའི་དཔལ་ནལནྡྲའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ཞེས་བྱ་བ་འདི་ཉིད་ལ་ཞུས་དག་དང་། རིག་མཛོད་བཀོད་སྒྲིག་སོགས་གྲོགས་དན་གནང་མཁན་ལ་མ་བརྟེན་པར་གཟིགས་པ་པོའི་སྤྱན་སྔར་བསྟར་རྒྱུ་གང་ཡང་མེད་ལ། དེས་ན་སྐབས་འདིར་ཞུས་དག་གནང་མཁན། གླེ་མེ་དཀོན་མཆོག་པ་སངས་དང༌། ནག་ཆུ་དཀོན་མཆོག་ཚུལ་ཁྲིམས། དེབ་གཟུགས་དང་ཁ་ཤོག་བཀོད་སྒྲིག་སོགས་རིག་མཛོད་པ། ཨ་མཚེ་ཀརྨ་བསྟན་འཛིན། དགོངས་འགྲེལ་བསྟན་བཅོས་ཀྱི་དཔེ་ཚན་ཕྱོགས་བཏུས་པ། སྐྱོར་དཔོན་བསྟན་འཛིན་ནོར་བུ། མཚམས་སྦྱར་སོགས་དབྱིན་ཡིག་ཕབ་སྒྱུར་བ། མེ་གྷན་ཧ་ཝཌ། དེ་རྣམས་ཀྱིས་ཁེ་མེད་ལྷག་བསམ་གྱི་ལས་དོན་ཁོ་ནར་གཉེར་བ་ཡིན་སྟབས་ཁོ་བོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གཞན་ཡང་དཔེ་བསྐྲུན་གྱི་མཐུན་སྦྱོར་བྱེད་པོ་མ་ལེ་ཤའི་འཇམ་དབྱངས་གླིང་ཆོས་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དཀོན་མཆོག་ཡེ་ཤེས་གཙོས་དངོས་ཤུགས་རྒྱུད་གསུམ་གྱིས་རྣམ་ཐར་དཔེ་བསྐྲུན་ལ་རྒྱུ་སྦྱོར་ཞལ་འདེབས་ཆེ་ཆུང་ལ་མ་ལྟོས་པར་གྲོགས་དན་གནང་མཁན་ཐམས་ཅད་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་ལས་དོན་འདི་ལ་བརྟེན་ནས་རྣམ་དཀར་གྱི་ལེགས་ཚོགས་གང་བྱུང་བ་ཐམས་ཅད་རིས་མེད་ཀྱི་༸སྐྱབས་མགོན་༸གོང་ས་མཆོག་དང་། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེའི་དབུས་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། ཞི་བར་གཤེགས་པ་དཔལ་ལྡན་བླ་མ་དམ་པ་སོགས་ཀྱི་ཐུགས་དགོངས་རྫོགས་ཏེ་འབྲེལ་ཐོགས་མཁའ་ཁྱབ་འགྲོ་བ་རྣམས་ཕན་དང་བདེ་བའི་རྒྱུ་ལས་མི་འདའ་བའི་སྨོན་འདུན་དང་བཅས་སོ།། །།

 

དཔར་བྱང་སྨོན་ཚིག་བཞུགས།

 

རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །

གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབས་ཀླུང་། །

ཚིག་གི་གཟིགས་མ་རེས་ཀྱང་དུག་གསུམ་གྱི། །

དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །

དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས། །

ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །

གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །

ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །

ཅེས་འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན་རྣམ་འདྲེན་ཤཱཀྱ་སེང་གེའི་རིང་ལུགས་བློ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དག་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།།

 

 

 

རྩོམ་པ་པོ། མཁན་པོ་བསོད་ནམས་ཚེ་རྒྱལ།

 

ཞུ་དག་པ། དཀོན་མཆོག་པ་སངས། ནག་ཆུ་དཀོན་མཆོག་ཚུལ་ཁྲིམས།

དེབ་གཟུགས་དང་ཁ་ཤོག་བཀོད་སྒྲིག་སོགས་རིག་མཛོད་པ། ཨ་མཚེ་ཀརྨ་བསྟན་འཛིན།

 

དགོངས་འགྲེལ་བསྟན་བཅོས་ཀྱི་དཔེ་ཚན་ཕྱོགས་བཏུས་པ།

སྐྱོར་དཔོན་བསྟན་འཛིན་ནོར་བུ།

 

མཚམས་སྦྱར་གྱི་དབྱིན་ཡིག་ཕབ་སྦྱོར་བ། མེ་གྷན་ཧེ་ཝཊ།

 

དཔེ་སྐྲུན་སྒྲིག་ཡུལ། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་།

པར་གཞི། སྤྱི་ལོ་ ༢༠༠༨ ལོར་པར་ཐེངས་དང་པོ་བསྒྲིགས།

པར་ཐེངས། སྤྱི་ལོ་ ༢༠༠༨ ཟླ་བ་ ༡ པར་ཐེངས་དང་པོ་བརྒྱབ།

དཔེ་བསྐྲུན་གྲངས། ༡-༥༠༠ ཐམ་པ་ཞུས།