༄༅། །དཔལ་ཆོས་ཀྱི་གྲགས་པའི་གསོལ་འདེབས།

 

༄༅། །དཔལ་ཆོས་ཀྱི་གྲགས་པའི་གསོལ་འདེབས།[1]

༼ པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པ།༽

 

ན་མོ་དྷརྨ་ཀཱིརྟཱི་ཡ། དཔལ་གྱི་མཐར་ཐུག་དོན་གཉིས་ལྷུན་གྲུབ་པའི། །ཡོན་ཏན་ལྡན་ཞིང་ཆོས་ཀྱི་རྔ་བོ་ཆེ། །སྲིད་པ་གསུམ་ན་སྒྲོག་པའི་གྲགས་པ་ཅན། །སྐྱབས་ཀྱི་མཐར་ཐུག་ཁྱོད་ལ་གསོལ་བ་འདེབས། །ཁྱོད་ཀྱི་ལེགས་བཤད་ཆ་ཤས་ཙམ་གྱིས་ཀྱང་། །གདུལ་བྱའི་བློ་མུན་ཐམས་ཅད་དྲུངས་འབྱིན་པའི། །རིགས་ལམ་འདི་ཉིད་རྒྱས་པར་བྱ་བའི་ཕྱིར། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །

ཆོས་ཀྱི་གྲགས་པའི་གཞུང་ལུགས་རྒྱ་མཚོ་ལ། །ཐོས་བསམ་སྒོམ་པ་འབད་པས་བགྱིས་པའི་མཐུས། །འགྲོ་ཀུན་ཉོན་མོངས་ཀུན་ལས་སྐྱོབ་བྱེད་པའི། །བློ་གྲོས་སྤོབས་པའི་སྣང་བ་རྒྱས་པར་ཤོག །རྩོད་པས་ལོག་སྨྲ་ཝ་སྐྱེས་སྐྲག་བྱས་ཤིང་། །རྩོམ་པས་མཁས་རྣམས་མགུ་བ་བསྐྱེད་པ་དང་། །འཆད་དང་བསྒོམས་པས་ཐུབ་པའི་བསྟན་པ་ཆེ། །བླ་ནས་བླ་རུ་འཕེལ་བར་བྱིན་གྱིས་རློབས། །ལེགས་ལྡན་ནག་པོ་འཁོར་དང་བཅས་པས་ཀྱང་། །ཆོས་ཀྱི་གྲགས་པའི་བཀའ་ལས་མི་འདའ་བར། །བདག་ཅག་རྣམས་ཀྱི་རེ་བ་མ་ལུས་པ། །འབད་པ་མེད་པར་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་གནས་ལྔ་རིག་པའི་པཎྜི་ཏ་དང་གྲུབ་ཐོབ་ཀུན་གྱི་འཁོར་ལོས་བསྒྱུར་བ་དཔལ་ཆོས་ཀྱི་གྲགས་པའི་གསོལ་འདེབས་འདི་ནི་རང་ཉིད་ཀྱང་མོས་པ་ཆེན་པོས་བསྐུལ་ཞིང་། ཁྱད་པར་དུ་རིག་པ་སྨྲ་བའི་གཞུང་ལུགས་ལ་བློ་གསལ་དོན་གཉེར་བ་བཞད་པ་དགེ་སློང་ཡེ་ཤེས་ཆོས་འཕེལ་དང་། སྲད་པ་བློ་བཟང་ཡོན་ཏན་བཅས་ཊཱིཀྐ་བ་རྣམས་ཀྱིས་བསྐུལ་བ་ལྟར་༸རིག་པ་སྨྲ་བ་༸ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།།  །།

[1] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད་གསུམ་པ། ༼ཁ༽ བཀྲས་ལྷུན་པར་མ། ཤོག་གྲངས་ ༥༣བ༣ ནས་ ༥༤ན༢ བར།

Leave a Reply

Your email address will not be published. Required fields are marked *