༄༅། །དཔལ་ཆོས་ཀྱི་གྲགས་པའི་རྟོགས་པ་བརྗོད་པའི་རྣམ་པར་བཤད་པ་འཕྲིན་ལས་རྒྱ་མཚོའི་རླབས་ཀྱི་འཕྲེང་བ།

 

༄༅། །དཔལ་ཆོས་ཀྱི་གྲགས་པའི་རྟོགས་པ་བརྗོད་པའི་རྣམ་པར་

བཤད་པ་འཕྲིན་ལས་རྒྱ་མཚོའི་རླབས་ཀྱི་འཕྲེང་བ་

ཞེས་བྱ་བ་བཞུགས་སོ།།[1]

 

༼མཛད་པ་པོ། གཙང་མཁན་ཆེན་དཔལ་ལྡན་རྒྱ་མཚོས་ (1610-1684) མཛད་པ།༽

 

ན་མོཿཤྲི་ཤཱཀྱ་ཝཱ་ར་ཝཱནྟ་ཡ། ཆོས་ཀྱི་རྒྱ་མཚོའི་ཟླ་དབང་ཆེ། །གཞན་འཕྲུལ་དབང་བྱེད་བདག་པོའི་དཔུང་། །རྣམ་གནོན་སྟོབས་བཅུའི་ཟློས་གར་མཁན། །གྲགས་པའི་འཁོར་ལོ་འཛིན་དེ་རྒྱལ། །དྲི་ཟའི་རྒྱུད་མངས་མགྲིན་པར་འཆང་བ་དྲང་སྲོང་ཟླ་སྲིན་ཡིད་སྲུབས་གཉེན། །ཞིང་ཤེས་ངང་པའི་ཤིང་རྟ་ཅན་གྱི་ཨུཏྤལ་སྔོ་ལྡན་ཀུན་དགའི་སླད། །ཤེས་བྱ་མ་ལུས་བདག་གིར་བྱེད་པོ་དྷརྨ་ཀཱིརྟིའི་རབ་རྟོགས་གཏམ། །

མངོན་པར་བརྗོད་ལ་རྣམ་འཚེའི་ཉེས་ཚོགས་འཁོར་ལོའི་མགོན་གྱིས་ད་སྲུངས་ཤིག །རྒྱལ་བའི་བསྟན་པ་ནོར་བུའི་མཆོད་སྡོང་ཆེར། །རིག་འཛིན་བདག་གིས་འབད་པས་བསྒྲུབས་པ་ཡིས། །ཚངས་པ་མཆོག་གི་བློ་གྲོས་ལ་བསྟན་ཚིག །ལེགས་བཤད་རྒྱ་མཚོའི་རྔ་སྒྲ་འདིར་མཆོད་སྤྲིན།།

དེང་འདིར་གང་བཤད་པར་བྱ་བ་འདི་དཔལ་ཆོས་ཀྱི་གྲགས་པའི་རྟོགས་བརྗོད་དོ། །འདི་འཆད་པ་ལ་གསུམ་སྟེ། འཇུག་པའི་བྱ་བ་ཉེ་བར་དགོད་པ། བཤད་པ་ཉེ་བར་དགོད་པ། མཐར་ཕྱིན་པའི་མཛད་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། གང་ཞིག་བསྟན་བཅོས་རྩོམ་པའི་ཚེ། །བློ་གྲོས་ཀུན་ནས་འཕེལ་བའི་ཕྱིར། །ལྷག་པའི་ལྷ་ལ་ཕྱག་བྱ་བ་ནི། །ན་མོ་མཉྫུ་ཤྲི་ཡེ་ཞེས་པ་སྟེ། ཎ་མ་རབ་ཏུ་འདུད་པ་ལའོ་ཞེས་པའི་བྱིངས་རྐྱེན་གྱིས་བསྒྱུར་བའི་སྟོབས་ཀྱིས་ན་མཿ ཞེས་པར་སོང་བའི་རྣམ་བཅད། ཨ་ཡིག་དག་གི་བར་དུ་ཨུའོ། །ཨ་དང་སྒྲ་ལྡན་དག་གི་འང་ངོ་། །ཞེས་པའི་དོན་གྱིས་ཨུར་བསྒྱུར། ཨའི་ཡི་གེ་ཨུའི་ཡི་གེ་ལ་ཨོའོ་ཞེས། མའི་སྲོག་ཡིག་ཨོ་རུ་བསྒྱུར་ནས། ཕ་རོལ་ཕྱིས་པས་ན་མོ་ཞེས་པར་སོང་བ་ནི་ཕྱག་འཚལ་བ་དང་། མཉྫུ་ཤྲི་ཡེ་འཇམ་དཔལ་གྱི་སྐད་དོད་ལ། ངེ་བྷྱྃ་བྷིས་བཞི་པའོ་ཞེས་པའི་དོན་གྱིས་ངེ་བྱིན། ང་ལྡན་རྣམས་ཡཻ་ཡཱས་ཡཱས་ཡམ་འོ་སོགས་ཀྱི་དོན་ལས་ཡེ་རུ་བསྒྱུར་ཞིང་། དེ་ཡང་ཕྱག་འཚལ་ཞེས་པ་བཤད་པའི་གཞིའོ།།

ཡུལ་གང་དུ་ན་འཇམ་དཔལ་ལའོ། །དགོས་པ་ཅིའི་ཕྱིར་དུ་ན། བློ་གྲོས་ཡོངས་སུ་འཕེལ་བའི་ཕྱིར་དུའོ། །ཡུལ་དེ་ལ་ཕྱག་བྱས་པས་དགོས་པ་དེ་འགྲུབ་པའི་རྒྱུ་མཚན་ནི། དེ་ཉིད་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། ཉོན་མོངས་དྲི་མ་ཀུན་ལས་འདས། །ཞེས་པ་ལྟར། ཉོན་མོངས་པའི་རེག་བྱ་རྩུབ་མོ་དང་བྲལ་བས་འཇམ་དཔལ་དང་། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་། ཞེས་བཤད་པ་བཞིན། འདུས་མ་བྱས་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ཞིང་། མཁྱེན་བརྩེ་གཉིས་ཀྱིས་གཞན་རྒྱུད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པའི་ནུས་པ་ཅན་ཡིན་པ་ལས་སོ།།

གཉིས་པ་མཚན་བཤད་པ་ལ། ཇི་སྐད་དུ། འཐད་པ་སྒྲུབ་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་བཞིན། །དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། །ལོག་པར་སྒྲུབ་ཕྱིར་ངེས་ཚིག་བཞག །འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །ཅེས་འདོད་རྒྱལ་ཐོག་མའི་མིང་ལ་སྒྲ་བཤད་མེད་ཅིང་། རྗེས་གྲུབ་ཀྱི་མིང་ལ་སྒྲ་བཤད་མི་འཆད་པ་དང་། དོན་ལྡན་རྣམ་པ་བརྒྱ་ལ་སྒྲ་བཤད་བརྒྱད་བཤད་པ་ལས། འདིར་ཡིན་པ་སྒྲུབ་པའི་རྐྱེན་དང་། དངོས་པོའི་རྐྱེན་དང་། མིང་གཞན་སྤོང་བའི་ངེས་ཚིག་རྣམས་ཀྱི་སྒོ་ནས་འཆད་དགོས་ཤིང་། དེ་ཡང་རིགས་པ་སྨྲ་བ་ཡོངས་ཀྱི་གཙུག་གི་ནོར་བུ་ཇི་ལྟ་བ་དང་། ཇི་སྙེད་པ་གཟིགས་པའི་ཡོན་ཏན་དུ་མའི་དཔལ་དང་ལྡན་ཞིང་། འཇམ་དཔལ་རྩ་བའི་རྒྱུད་ལས།

ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །

ཞེས་གསུངས་པ་ལྟར། ཕ་རོལ་རྣམ་པར་གནོན་པ་སྟེ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ། དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་པ་ལྟར། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད་ཅེས་པ་ལྟར། ཆོས་ཀྱི་གྲགས་པ་ཞེས་པའི་མཚན་རྣམ་པར་དཀར་བ་ཅན་དེའི་རྟོགས་པ་བརྗོད་པ། ཞེས་བསྟན་བཅོས་འདི་རང་གི་ངོ་བོའི་ངེས་ཚིག་གིས་གྲུབ་ཅིང་། འཁོར་ལོ་རིམ་པ་གསུམ་ནས་བཤད་པའི་ངེས་པའི་ལམ་གྲུབ་མཐའ་སྨྲ་བ་བཞིའི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་སྡེབས་ལེགས་སུ་བསྒྲིགས་པ་ངེས་དོན་པདྨ་དཀར་པོའི་ཕྲེང་བས་རིགས་པའི་སྣང་བ་རྒྱས་བྱེད་ཅེས་བྱ་བ། དངོས་པོའི་རྐྱེན་གྱིས་གྲུབ་བོ།།

གསུམ་པ་བསྟན་བཅོས་རྩོམ་པའི་སྒོ་བཤད་པ་ལ་གཉིས་ཏེ། རྩོལ་བའི་སྒོ་ཕྱག་བྱ་བ་དངོས་དང་། དེའི་ཤུགས་ལ་དམ་བཅའ་བཤད་པའོ། །དང་པོ་ནི། མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ། །ཞེས་སྒོ་གསུམ་བཤད་པ་ལས། འདིར་ཕྱག་བྱ་བ་བསྟན་བཅོས་རྩོམ་པའི་སྒོར་བགྱིས་ཏེ། ཐོག་མར་ལས་ནི་ཕྱག་འཚལ་བའོ། །འདིའི་དོན་ལུས་ངག་ཡིད་གསུམ་གུས་པས་འདུད་པའོ། །བྱེད་པ་པོ་གང་གིས་ན། བསྟན་བཅོས་རྩོམ་པ་པོ་ཉིད་ཀྱིས་སོ། །ཡུལ་སུ་ཞིག་གི་ཆེད་དུ་ན། ཆོས་ཀྱི་ཚུལ་ཀུན་ནས་གསལ་བར་བྱེད་པའི་ཉི་མ། གཞལ་མེད་གྲངས་མེད་བསམ་མེད་དང་། །ཞེས་པ་ལྟར། བསམ་གྱིས་མི་ཁྱབ་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བར་གྲུབ་པའི་ལང་ཚོ་སྟེ། མཛེས་པ་ཅན་ཉིད་ལའོ། །ཚུལ་ཇི་ལྟར་དུ་ན་ཡོན་ཏན་བརྗོད་པའི་སྒོ་ནས་ཏེ། ནམ་ཡང་ཞེས་པ་དུས་ཀུན་གྱི་ཚེ་སྙན་པར་གྲགས་པའི་ཤིང་རྟའི་ཁྲི་ལ་བཀོད་ནས། ཚངས་པ་དང་ཁྱབ་འཇུག་དང་བདེ་འབྱུང་ལ་སོགས་པ་རྗེས་སུ་འབྲང་བ་དག་གིས། ལོག་རྟོག་མུན་ཆེན་གསལ་བར་བྱེད་པའི་རིགས་པའི་སྣང་བ་བགྲང་ལས་འདས་པ་སྤྲོ་བར་མཁས་པ་སྟེ། རྒྱལ་བས། ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །ཞེས་ལུང་བསྟན་ཅིང་འགྲན་པའི་ཟླ་དང་བྲལ་བ་དང་། གཞན་ཡང་མུ་སྟེགས་བྱེད་དག་གིས་སངས་རྒྱས་ཀྱི་བསྟན་པ་མུན་པའི་མལ་དུ་འཇུག་པར་ཉེ་བ་ན། དམ་པའི་ཆོས་ཀྱི་ཚུལ་ཀུན་ནས་གསལ་བར་བྱེད་པའི་ཟླ་བ་སྟེ། མཁས་པར་གྲགས་པའི་འོད་དཀར་གྱིས་ཕྱོགས་ཀྱི་མཐའ་མཛེས་ཅན་ཕྱིར་རྒོལ་ནུབ་ཀྱི་རི་རྒྱལ་གྱི་ཕྱེད་དུ་རྣམ་པར་བརྩེ་བས་དགོངས་ནས། ཐུབ་པའི་བསྟན་པ་ཤར་གྱི་རི་བོའི་རྩེར་ལྷན་ནེར་འཆར་བ་རིགས་པ་སྨྲ་བ་མང་པོས་ཕྱག་བྱ་བའི་འོས་སུ་གྱུར་པ་དེ་ལ་ཕྱག་བགྱིའོ། །ཞེས་ཤོ་ལོ་ཀ་གཉིས་པོ་འདིས་དཔེ་དོན་ཐ་དད་དུ་མ་བཀོད་པར་དོན་དཔེའི་གཟུགས་སུ་སྦྱར་བས། ཐ་དད་སྣང་མིན་གྱུར་པ་ཡི། །དཔེ་ཉིད་ངོ་བོ་ཅན་དུ་འདོད། །ཅེས་པ་ལྟར། གཟུགས་ཅན་གྱི་རྒྱན་དུ་འདོད་ཅིང་། གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ། །ཞེས་ཚིགས་ཅད་བཞི་བཤད་པ་ལས། འདི་གཉིས་ནི་བརྗོད་བྱའི་དོན་རང་དབང་ཅན་དུ་རྫོགས་པར་སྟོན་པས་ན་གྲོལ་བའི་ཚིགས་བཅད་དོ།།

གཞན་ཡང་། རྣམ་འགྱུར་ཏེ་ལུགས་མི་འདྲ་བའི་རྟ་བརྒྱས་ཉེ་བར་དྲངས་པ་ཡིས། དམ་པའི་ཆོས་ཀྱི་ཤིང་རྟ་གྱེན་དུ་བགྲོད་པར་བྱེད་པའོ། །ལུང་དང་རིགས་པའི་རབ་སྙེམས་ཏེ་སྟོབས་ཀྱིས་དྲེགས་པའི་ཁ་ལོ་བ་ཆེན་པོ། སྐལ་བ་དང་ལྡན་པ་དག་ལ་གཞུང་ལུགས་ཀུན་གྱི་ལམ་སྲོལ་སྟོན་པར་མཁས་པ། དམ་པའི་ཆོས་ཀྱི་ཤིང་རྟའི་སྲོལ་ཏེ་ལམ་འབྱེད་པ་པོ་ལ་ཕྱག་བགྱིའོ། །དེ་ཡང་སུ་ཞིག་ཅེ་ན། དེ་ནི་ཀུན་ཏུ་བཟང་པོའི་ཞལ་གྱི་འཛུམ་འཕྲེང་ལས། དལ་བུར་འབབ་པའི་ཆོས་ཀྱི་བདུད་རྩིའི་ལྦུ་ཕྲེང་། བློ་གྲོས་ཀྱི་པདྨོར་ཉེ་བར་སིམ་པ། སྙན་པར་གྲགས་པའི་ཟློས་གར་མཁན་ཆེན་པོ་ཆོས་ཀྱི་གྲགས་པ་སྟེ། དེ་ཉིད་ནི་རྣམ་པ་ཀུན་ཏུའང་རིགས་པའི་ལམ་དུ་བདེ་བར་རྒྱུ་བ་ཉིད་དོ། །འདིར་ཀུན་ཏུ་བཟང་པོ་ཞེས་པ་བཅོམ་ལྡན་འདས་ཀྱི་མཚན་དུ། ཚིག་གཏེར་དང་འཆི་མེད་མཛོད་དང་། སྣ་ཚོགས་གསལ་བ་ལ་སོགས་པའི་མངོན་བརྗོད་ཀྱི་གཞུང་རྣམས་སུ་བཤད་དོ།།

གཉིས་པ་ཤུགས་ལ་རྩོམ་པར་དམ་བཅའ་བ་ནི། ཇི་སྐད་དུ། རྣམ་ངེས་ལས། གང་ལ་འཕགས་པ་ཉིད་ཀྱི་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད། །ཅེས་དང་། ཕྱོགས་ཀྱི་གླང་པོ་ཉིད་ཀྱི་རྟོགས་བརྗོད་དུ། འཇམ་པའི་དབྱངས་ཉིད་མངོན་སུམ་དུ་བྱོན་ནས་རྗེས་བཟུང་ཞེས་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བར་བཤད་ཅིང་། དེའི་ཚུལ་ཡང་། ཆོས་མཆོག་ལས། ཚད་མ་ཀུན་ལས་བཏུས་རྩོམ་པའི་ཚེ་ཉེ་ལོགས་ན་གནས་པའི་མུ་སྟེགས་ཀྱི་ཐུགས་སུན་ཕྱུང་བ་ན། འཇམ་པའི་དབྱངས་ཀྱིས། མངོན་སུམ་དུ་བྱོན་ནས་བུ་མ་བྱེད་ཐེག་པ་དམན་དང་འཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་ཡི། ཁྱོད་ཀྱི་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། ཁྱེད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་སོགས་ཀྱིས་གནོད་མི་ནུས་པར་ཤེས་བྱས་ནས། ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་ཤིང་། བསྟན་བཅོས་རྩོམ་པའི་གནང་བ་སྩལ་བར་བཤད་དོ།།

སློབ་དཔོན་བདག་ཉིད་ཆེན་པོ་དེའི་དངོས་ཀྱི་སློབ་མ་དབང་ཕྱུག་སྡེ་ཞེས་བྱ་བ་ཞིག་ཡིན་པའང་། དེས་སློབ་དཔོན་གྱི་དགོངས་པ་ཅུང་ཟད་མ་ལོན་པར། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཚུལ་གྲུབ་པར་འདོད་པ་ལ། ལུང་འགལ་དྲུག་དང་རིགས་པའི་གནོད་བྱེད་ཀྱི་སྒོ་ནས་འཁྲུལ་པ་སུན་ཕྱུང་ཞིང་། ཡང་དག་པའི་དོན་གཏན་ལ་འབེབས་པར་མཛད་པ་ནི་ཆོས་ཀྱི་གྲགས་པ་སྟེ། མདོར་ན། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ་ལེགས་པར་འདོམས་ཤིང་། ལུང་དང་རིགས་པའི་སྣང་བ་ཆེར་འབར་བའི་རྟོག་གེ་ཉི་མ་ནི། སྲིད་པ་འདིར་བརྩེ་བ་ཆེན་པོས་རྗེས་སུ་ཆགས་པ་ཁྱོད་ཀྱི་རྣམ་དཔྱོད་ཀྱི་ནམ་མཁའ་ལས། རིགས་པ་བྱེད་པ་གཞན་གྱི་བློའི་མཁའ་ཉིད་དུ་གསལ་བར་འཆར་བའི་སྐལ་བ་ཐོབ་པས། གང་གི་གསུང་རབ་ཀྱི་རྗེས་སུ་འབྲངས་ཏེ་རིགས་པའི་ལམ་དུ་འཇུག་པར་བྱའོ། །ཞེས་པ་ནི་དམ་བཅའོ།།  །།

 

གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ་ལ། བསྟན་བཅོས་འཆད་པའི་དགོས་པ་དང་། དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་བཤད་པ་གཉིས། དང་པོ་ནི། སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་པ་ལྟར། རང་ཉིད་ལེགས་བཤད་རྣམས་ལྷུར་ལེན་པ་བསྐྱེད་པའི་ཆེད་དང་། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་པ་ནས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་པའི་བར་གྱིས་བསྟན་པའི་ཉེས་པ་དེར་འགྱུར་གྱིས་དོགས་ནས། རང་ཉིད་ཉེས་པའི་ལམ་དུ་མི་འཇུག་པ་དང་། རང་དང་སྐལ་པ་མཉམ་པའི་སྐྱེ་བོ་འགའ་ཞིག་ལོག་པའི་ལམ་ལས་བསྲུང་བའི་ཕྱིར་ཡིན་ནོ། །དགོས་དོན་སྦྱར་བའི་ཆེད་ནི། སློབ་དཔོན་ཆོས་མཆོག་གིས། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་བསྟན་བཅོས་ལ་འཇུག་པ་དགོས་པར་བཞེད་དེ། བྲམ་ཟེ་ཤམ་ཀ་ར་ནནྟས་གཞུང་མཛེས་པ་དགོས་པར་བཤད་དོ།།

གཉིས་པ་ལ་གསུམ་སྟེ། དེ་ཉིད་ཀྱི་གསུང་རབ་ལས་གཞལ་བྱའི་གནས་གསུམ་གཏན་ལ་ཕབ་པའི་སྒོ་ནས་ངེས་དོན་བཤད་ཚུལ། ངེས་དོན་བདག་མེད་གཉིས་གཞན་ལ་སྟོན་པའི་སྒོ་བསྒྲུབ་པ་དང་སུན་འབྱིན་གྱི་གནས་བཤད་ཚུལ། སླར་ཡང་ངེས་པའི་དོན་ལ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། ལྐོག་གྱུར་གཉིས་གཏན་ལ་ཕབ་པའི་སྒོ་ནས་ངེས་དོན་བཤད་ཚུལ་དང་། མངོན་གྱུར་གཏན་ལ་ཕབ་པའི་སྒོ་ནས་ངེས་དོན་བཤད་ཚུལ་ལོ།།

དང་པོ་ལ། ལྐོག་གྱུར་གཏན་ལ་འབེབས་བྱེད་དགག་སྒྲུབ་ཀྱི་གནད་འབྲེལ་བ་ལ་རག་ལས་པར་བསྟན། འབྲེལ་བ་ཇི་ལྟར་སྒྲུབ་པའི་ཚུལ། དེའི་དགོས་པ་བཤད་ནས། རིག་བྱེད་སོགས་ཕྱི་རོལ་པའི་ལམ་ཚད་མ་ཡིན་པ་དགག །ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་མཁྱེན་པའི་ལམ་བཤད་པའོ། །དང་པོ་ནི། རིགས་གཏེར་དུ།

དགག་དང་སྒྲུབ་པ་ཇི་སྙེད་པ། །འགལ་འབྲེལ་གཉིས་ལ་ལྟོས་པས་ན། །

ཚད་མའི་མཚན་ཉིད་དཔྱོད་པ་ཡི། །སྔོན་དུ་འགལ་འབྲེལ་དཔྱད་པར་བྱ། །

ཞེས་གསུངས་པ་ལྟར། རྒོལ་བ་རང་ཉིད་ཀྱི་ཕྱོགས་སྒྲུབ་པ་དང་། གཞན་ལུགས་ངན་པ་དག་སུན་འབྱིན་པའི་རིགས་པའི་རྩ་བ་འགྲེལ་པ་ལ་རག་ལས་པ་དང་། འགྲེལ་པ་དེ་ཡང་དོན་ལ་གནས་པ་ཙམ་གྱིས་མི་ཆོག་པར་མེད་ན་མི་འབྱུང་བར་ངེས་པའི་ཚུལ་ལ་འཆད་དགོས་ཏེ། ཇི་སྐད་དུ། རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །ཞེས་པ་ནས། འབྲས་བུ་ན་ཡང་ག་ལ་ངེས། །ཞེས་པའི་བར་དུ་དོན་དེ་གསལ་བའི་ཕྱིར། ཡང་ན། དེ་ཡང་མེད་ན་མི་འབྱུང་ངེས་པའི་ཚུལ་ཞེས་པ་ནི། རྟགས་ཆོས་ཀྱི་འབྲེལ་པ་དེ་ཡང་མེད་ན་མི་འབྱུང་ངེས་ཕྱིར། ཞེས་དང་། རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་པ་ལྟར། མེད་ན་མི་འབྱུང་གི་འབྲེལ་པ་ལ་འཆད་དགོས་ཀྱི་དེ་ལས་གཞན། འདི་ནི་ལྡན་དང་འདུ་བ་དང་། །ཁྱད་པར་དང་ནི་ཁྱད་པར་ཅན། །བྱེད་དང་ཕྲད་པ་ལ་སོགས་པ། །འབྲེལ་པར་འདོད་ཅེས་བཤད་པའི་ཕྱིར། །ཕྱི་རོལ་པ་འདོད་པའི་ལྡན་པའི་འབྲེལ་བ་དང་འདུ་བའི་འབྲེལ་བ་དང་། སྦྱོར་བའི་འབྲེལ་བ། བྱེད་པའི་འབྲེལ་བ། འཕྲད་པའི་འབྲེལ་བ། རྗེ་ཁོལ་གྱི་འབྲེལ་བ་སོགས་ཀྱིས་མི་རུང་སྟེ། ཇི་སྐད་དུ། ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་བ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །ཞེས་ལྡན་པ་དང་འདུ་བའི་འབྲེལ་པ་འདོད་པའི་གཏན་ཚིགས་དེ་དག་གི་རྟགས་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་མེད་པས་སྒྲུབ་བྱེད་ཡང་དག་མིན་པར་བཤད་པའི་ཕྱིར། སྤྱིར་འབྲེལ་བ་ཙམ་ནི། སམ་བཱནྜ་ཞེས་པའི་སྒྲ་ལས་དྲངས་ན་ཡང་དག་པར་བཅིངས་པའམ། པྲ་ཏི་བནྷ་ཞེས་པའི་སྒྲ་ལས་དྲངས་ན་ཕན་ཚུན་མི་གཏོང་བ་ལ་འདོད་པའི་དོན་ཏེ། རིགས་གཏེར་ལས། ཆོས་གང་ཆོས་གཞན་མི་འདོར་བ་འབྲེལ་བ་རྣམས་ཀྱི་སྤྱི་མཚན་ཏེ། ཞེས་པས་བསྟན་ལ། འདིར་ནི་མེད་ན་མི་འབྱུང་བའི་འབྲེལ་བ་ལ་བྱ་དགོས་ཤིང་། དེའི་དོན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ལ་འདོད་དོ།།

གཉིས་པ་འབྲེལ་བ་ཇི་ལྟར་སྒྲུབ་པའི་ཚུལ་ནི། རྟགས་གང་གི་མི་མཐུན་ཕྱོགས་ལས་ལྡོག་པ་དང་། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་སྒྲུབ་བྱེད་ནི། མེད་ན་མི་འབྱུང་བའི་འབྲེལ་བའི་སྒྲུབ་བྱེད་དུ། མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་སོགས་སུ་མདོར་ཙམ་ཞིག་གསུངས་ལ། མི་མཐུན་ཕྱོགས་ལས་ལྡོག་དེ་ཡང་། །ཇི་ལྟར་མི་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་གནོད་པ་ཅན་གྱི་རྟགས་ལས་སྒྲུབ་དགོས་ཀྱི། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པར་འདོད་པ་ལ་ནི། གཏན་ཚིགས་ཀྱིས་ནི་ཚུལ་གསུམ་ལའང་། །ཞེས་པ་ནས། གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །ཞེས་པའི་བར་དུ་རང་སྡེའི་ཕྱོགས་སུ་ལུང་འགལ་དྲུག་དང་། རིགས་པའི་གནོད་བྱེད་གཅིག་དང་། གཞན་སྡེ་ལ་ཁས་བླངས་ནང་འགལ་རྣམས་བཤད་དོ།།

འབྲེལ་བ་སྒྲུབ་ཚུལ་ཡང་རྒྱས་པར་ན་གསུམ་ལས། འབྲས་བུའི་རྟགས་ཀྱི་འབྲེལ་བ་སྒྲུབ་ཚུལ་ནི། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུ་ཆོས་ཀྱི་རྗེས་འཇུག་ཕྱིར། །ཞེས་པ་ནས། གང་ཞིག་གང་གི་རྗེས་འགྲོར་མཐོང་། །དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང་། །བསྡུ་བའི་ཚིགས་སུ་བཅད་པའོ། །ཞེས་པའི་བར་གསུངས། རང་བཞིན་རྟགས་ཀྱི་འབྲེལ་བ་སྒྲུབ་ཚུལ་ནི། རང་བཞིན་ལ་ཡང་མེད་མི་འབྱུང་། །ཞེས་པ་ནས། འབྲས་དང་ངོ་བོ་དེ་དག་ལས། །རང་བསྒྲུབ་བྱ་ལ་འབྲེལ་ངེས་ཕྱིར། །ཞེས་པའི་བར་དུ་རྒྱས་པར་བཤད། མི་དམིགས་པའི་རྟགས་ཀྱི་འབྲེལ་བ་སྒྲུབ་ཚུལ་ཡང་། དེ་ཡི་ངོ་བོ་མི་དམིགས་ན། །ཞེས་པ་མན་ཆད་དུ་རྒྱས་པར་སྤྲོས་ཏེ་བཤད།

མདོར་ན་འབྲེལ་བ་དེ་ཡང་སེལ་ངོར་སྒྲུབ་ཀྱི་དོན་དམ་དུ་མིན་ཏེ། ཇི་སྐད་དུ། འབྲེལ་བ་བརྟག་པ་ལས། གཞན་དབང་ཁོ་ནར་འབྲེལ་བ་ནི། །གྲུབ་ན་གཞན་དབང་ཅི་ཞིག་ཡིན། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་བ་ཡང་དག་དུ་ན་མེད། །ཅེས་དང་། རྣམ་པར་ངེས་པ་ལས། དོན་དམ་པར་ཡོད་པ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མིན་ནོ། །འབྲེལ་བ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་པ་ལས་དོན་དེ་གསལ་བའི་ཕྱིར། དགོས་པ་བཤད་ནས་རིག་བྱེད་སོགས་ཕྱི་རོལ་པའི་ལམ་ཚད་མ་ཡིན་པ། དགག་པ་ནི། མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་ཡིན་མཐོང་ལས་ཡིན། །ཞེས་པ་མན་དུ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་མི་འགྲུབ་པ་དང་། རྟགས་གང་གི་མི་མཐུན་ཕྱོགས་ལ་ལྡོག་པ་སྒྲུབ་བྱེད་རྣམས་མེད་ན་མི་འབྱུང་བའི་འབྲེལ་བའི་སྒྲུབ་བྱེད་དུ་བཤད་པ་དེ་ལྟར་ཤེས་ན། སྐྱེས་བུ་རྟག་པ་བྱེད་པོ་ཉིད། །དངོས་རྣམས་རྟག་དང་དབང་པོ་འདས། །དབང་པོས་གཟུང་བྱ་དངོས་པོ་རྣམས། །རྒྱུ་དང་གནས་འཇིག་མི་མཉམ་དང་། །གཞན་ལ་ཚད་མ་རྣམ་གཉིས་ཀྱིས། །རྣམ་པར་བསལ་བའི་སྤྱོད་ཡུལ་ལམ། །ལུང་ལ་བལྟོས་པ་རྗེས་དཔག་དང་། །འགལ་བ་དག་ནི་རྗོད་བྱེད་པ། །འགལ་བ་ཀུན་ཏུ་མ་བསལ་ཞིང་། །བསྟན་བཅོས་དོན་ཡང་མ་བསྟན་ལ། །དེ་བདེན་དོན་ཅན་ཁས་ལེན་པ། །གཡེམ་མ་མུར་ཅོར་གྱིས་རྒྱལ་ལོ། །ཞེས་བཤད་པ་བཞིན་མཆོད་སྦྱིན་གྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། ངེས་བརྗོད་དང་། སྙན་ཚིག་སྟེ། རིག་བྱེད་རྣམ་པ་བཞི་བྱེད་པ་པོ་དང་བཅས་པ་ཚད་མ་མིན་པར་འགྲུབ་པའོ། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་ན་ཚད་མ་དེ་ཉིད་བསྡུས་པ་ལས། སྐྱེ་འཇིག་མེད་པར་ཡང་དག་ལྡན། །སྒྲ་ཡི་རང་བཞིན་ཚངས་པ་མཆོག །གང་དེ་ཡོངས་སུ་གྱུར་པ་ནི། །དངོས་པོའི་གྲོང་ཉིད་རབ་ཤེས་བྱ། །ཞེས་གསུངས་པ་ལྟར། རིག་བྱེད་པ་དེ་ལ་གཉིས་ཏེ། ཚངས་པ་དང་སྒྲའི་ཚངས་པའོ། །ཕྱི་མ་དེ་ལ་བརྡ་སྤྲོད་པ་ཞེས་ཀྱང་བྱ་ཞིང་། དེའི་འདོད་པ་ནི། མེས་པོ་ཚངས་པ་སྒྲའི་ངོ་བོ་ཡི་གེ་ཨོཾ་གྱི་བདག་ཉིད་དུ་གནས། དེ་ཡོངས་སུ་གྱུར་པ་ལས་གཟུགས་ལ་སོགས་པའི་དངོས་པོའི་ཚོགས་འདི་སྐྱེ་བ་ཡིན་ལ། དེ་ལས་ཤེས་པ་རྣམས་སྒྲའི་རྣམ་པ་དང་ལྡན་པར་སྐྱེ་བས་ན། རིག་བྱེད་ནི་ཚངས་པ་ལས་བྱུང་བར་འདོད། སྙན་ངག་བསྟན་བཅོས་འགའ་ཞིག་ལས་ས་ར་སྭ་ཏིའི་མཚོ་ལས་རིག་བྱེད་བྱུང་བར་ཡང་གསུངས་ཤིང་། བརྡ་སྤྲོད་པ་དེའི་རིག་བྱེད་བདེན་པར་བསྒྲུབས་པ་ན། ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་བརྗོད་པར་བྱེད། །ཅེས་པ་ལྟར། བདེན་པའི་དོན་ཅན་ཡིན་ནོ། །སྐྱེས་བུས་མ་བྱས་པའི་ཕྱིར། །ཞེས་འགོད་ཅིང་དེའི་ཤེས་བྱེད་ཀྱང་། བྱེད་པ་པོ་སྐྱེས་བུ་མི་དྲན་པ་དང་། ཐོག་མེད་ཡིན་པའི་རྒྱུ་མཚན་གྱིས་སྐྱེས་བུས་མ་བྱས་པར་འདོད་དེ། ཇི་སྐད་དུ། བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལའོ། །ཞེས་དང་། ཇི་ལྟར་སྐྱེས་བུ་འདི་གཞན་ལས། །མ་ཐོས་པ་ནི་ཡི་གེ་དང་། །ཚིག་བཀོད་པར་ནི་བརྗོད་ནུས་མེད། །དེ་ལྟར་གཞན་ལའང་འགའ་ཞིག་སྨྲ། །ཞེས་པ་ལས་གསལ་ལོ། །དེ་མི་འཐད་པའི་ཚུལ། འདི་ལ་རྗེས་སུ་བརྗོད་པའང་ཡོད། །དེ་ན་ངན་པའི་མུན་པས་ཁྱབ། །ཅེས་དང་། སྤེལ་བ་ཡིས་ནི་གཞུང་ལུགས་གཞན་ཡང་ཞེས་སོགས་སུ། མ་བྱས་པའི་སྒྲུབ་བྱེད་དགག་པ་དང་། བསྒྲུབ་བྱ་མ་བྱས་པ་ཉིད་དགག་པ་སོགས་རྣམ་གཞག་རྒྱས་པར་འབྱུང་ངོ་།།

གཞན་ཡང་སྐྱེས་བུས་མ་བྱས་པའི་རིག་བྱེད་བདེན་པར་བསྒྲུབ་པ་འགོག་པ་ནི། སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་པར་སྒྲུབ་པའི་གཏན་ཚིགས་ཆོས་ཅན། རྟགས་ཡང་དག་མིན་ཏེ། མི་མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར། དེའི་ཚུལ་ནི། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་ལོག་པའི་དོན། །ཞེས་མགོ་མཚུངས་ཀྱི་སྒོ་ནས་རྗེས་འགྲོ་བཀག་ཅིང་། སྐྱེས་བུས་མ་བྱས་ཞེས་བྱ་ཉིད། །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན། །སྐྱེས་བུའི་ཉེས་པས་སྐྱོན་མེད་པའི། །མེ་སོགས་རྣམ་པ་གཞན་དུ་མཐོང་། །ཞེས་དང་། མེད་ཕྱིར་གཏན་ཚིགས་མ་བསྟན་ནའང་། །དེ་ནི་ཡོད་པར་དོགས་འགྱུར་ཏེ། །དངོས་པོ་འགལ་བ་དག་ལ་ཡང་། །ཁྱབ་པར་བྱེད་པ་མཐོང་ཕྱིར་རོ། །ཞེས་བདེན་རྫུན་གཉིས་ཀ་ལ་སྐྱེས་བུས་བྱས་པ་གཅིག་གི་ཁྱབ་པ་མཐོང་བ་དང་། སྐྱེས་བུས་མ་བྱས་ཤིང་དེའི་ཉེས་པའི་སྐྱོན་མེད་པའི་མེ་སོགས་དོན་བདེན་པ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་ཞེས་པའི་རྟགས་མི་མཐུན་ཕྱོགས་ལ་ཞུགས་པར་བསྒྲུབས་ཤིང་། ཀུན་ལ་མེད་པ་མི་དམིགས་པ། །མི་འགྲུབ་ཅེས་ནི་བཤད་ཟིན་ཏོ། །ཞེས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་མི་འགྲུབ་པར་ཡང་བཤད་དོ། །

དེ་དག་གི་སྐབས་སུ་སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་པར་མི་འགྲུབ་པར་བཤད་ནས། ཕྱོགས་གཅིག་བདེན་པའི་རྟགས་ཀྱིས་བདེན་པར་སྒྲུབ་པའང་། གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །ཞེས་པ་ནས། སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་ཅན་གཅིག་མེད་པ་ཡིན། །ཞེས་པའི་བར་དུ་བཀག་ལ། སྐབས་དེ་དག་ཏུ་རིག་བྱེད་ཚད་མ་ཡིན་པ་དགག་པ་ན། རིག་བྱེད་དང་རང་ལུགས་ཀྱི་ཁྱད་པར་ཅི་ཞེ་ན། བསྟན་བཅོས་སྐབས་དང་འབྲེལ་མེད་དང་། །ཞེས་པའི་སྐབས་སུ་བསྐལ་དོན་ལུང་གིས་མི་འགྲུབ་པར་བཤད་པ་ན། རིག་བྱེད་པའི་ལུང་གིས་མ་དམིགས་ན་མེད་དགོས་ཏེ། ལུང་ཚད་མ་ནི་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་ཕྱིར། དཔེར་ན་རིག་བྱེད་བཞིན་ནོ། །ཞེས་གཞལ་བྱའི་གནས་གསུམ་ཀ་ལ་ལུང་སྒྲུབ་བྱེད་དུ་འཇུག་པར་འདོད་དོ།།

སངས་རྒྱས་པས་ནི། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །ཅེས་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་གཉིས་ལུང་གི་བསྒྲུབ་བྱ་མིན་པར་བཤད་ནས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང་། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང་། །གནོད་མེད་འདི་ཡི་མི་སླུ་བའོ། །ཞེས་གཞལ་བྱའི་གནས་དང་པོ་གཉིས་ཀ་ལ་དཔྱད་པས་རྣམ་པར་དག་ནས། གསུམ་པ་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པའི་ཆེད་ལུང་སྒྲུབ་བྱེད་དུ་འཇུག་པ་དང་། ཤིན་ལྐོག་ལུང་གིས་འགྲུབ་པའི་ཚུལ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །ཞེས་སོགས་དང་། ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །ཞེས་སོགས་སྐབས་མང་པོར་བཤད་པས། རིག་བྱེད་ཀྱི་ལུགས་དང་སྟོན་པ་སངས་རྒྱས་ཀྱི་བསྟན་པའི་ཁྱད་པར་ཕྱེའོ།།

ཡང་ན་སངས་རྒྱས་ཀྱི་བསྟན་པའི་གསུང་རབ་ནི། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པས་རྣམ་པར་དག་ནས། གསུམ་པ་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་ཚེ་ཚད་མར་འགྱུར་ཞིང་། རིག་བྱེད་ནི། རིག་བྱེད་ཚད་མ་དང་ནི་འགའ་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིགས་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་པ་ལྟར། ཞེན་པའི་བརྗོད་བྱའི་དོན་གྱིས་སྟོངས་ཤིང་། དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། །ཞེས་ནང་འགལ་དུ་མ་དང་བཅས་པར་བཤད་པས་གཞལ་བྱའི་གནས་གསུམ་པར་འཕོ་མི་སྲིད་པ་དེའི་ཕྱིར། དེ་ཉིད་ཀྱི་ཁྱད་པར་འགྲུབ་བོ། །དེ་ལ་དགོངས་ནས། སངས་རྒྱས་གསུང་ནི་བརྗོད་དོན་དང་། །འབྲེལ་བ་མེད་ཀྱང་དཔྱད་གསུམ་གྱིས། །རྣམ་པར་དག་ནས་གནས་གསུམ་པར། །འཕོ་བའི་ཚེ་ན་ཡིད་ཆེས་ཚིག །རིག་བྱེད་ནང་འགལ་དང་བཅས་པས། །གནས་གསུམ་པར་ནི་འཕོ་མི་སྲིད། །ཅེས་གསུངས་སོ།།

མདོར་ན། རིག་བྱེད་བདེན་པར་སྒྲུབ་པའི་གཏན་ཚིགས་རྣམས་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར། རྟགས་ཆོས་ཀྱི་འབྲེལ་བ་མེད་པས་རྟགས་ཡང་དག་ཏུ་མི་རུང་བ་དང་། སྒྲུབ་བྱེད་ཡང་དག་ཏུ་འགྱུར་བ་ལ་རྟགས་ཆོས་ལ་འབྲེལ་བ་དགོས་པ་དེའི་ཕྱིར། ཚད་མ་གྲུབ་པའི་ལེའུར་བཅོམ་ལྡན་འདས་ཚད་མར་སྒྲུབ་པའི་གཏན་ཚིགས་བཤད་པ་རྣམས་ཀྱང་། རང་དོན་རྗེས་སུ་དཔག་པའི་ལེའུར་འགྲེལ་པ་བཤད་པ་ལ་རག་ལས་པ་དེའི་ཕྱིར། སྡེ་བདུན་མཛད་པ་ཁྱོད་ཀྱི་དོན་དང་དོན་མིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཅན་ཡིན་ལ། དེ་ལ་ཡང་ལོག་པར་རྟོག་པས་རྣམ་པར་བཞག་པའི་ཕྱིར་བཤད་པ་ཞེས་ཚད་མ་གྲུབ་པའི་ལེའུར་ཐོག་མར་རང་དོན་རྗེས་སུ་དཔག་པའི་ལེའུ་བཤད་དོ།།

གཉིས་པ་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་མཁྱེན་པའི་ལམ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། ཚད་མ་གྲུབ་པར། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་སོགས། སྙིང་རྗེ་ཆེན་པོ་དང་། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་གང་ཟག་གི་བདག་མེད་གོམས་པའི་ཚུལ་བཤད་ནས། མངོན་སུམ་གྱི་ལེའུར། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །ཞེས་ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ནི་ཐམས་ཅད་མཁྱེན་པའི་ལམ་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ། ཚད་མའི་སྐྱེས་བུ་ངོས་བཟུང་བ། དེ་ཉིད་སྒྲུབ་བྱེད་ཀྱི་ཐབས་བཤད་པ། ཐབས་དེ་ལ་ནན་ཏན་བྱེད་པར་བསྟན་པའོ། །དང་པོ་ནི། ཕྱོགས་ཀྱི་གླང་པོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་བཤད་པའི་དོན་སྡེ་བདུན་མཛད་པས་འདི་ལྟར་བཀྲལ་ཏེ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་ཚད་མའི་སྐྱེས་བུ་ངོས་བཟུང་ནས། དེ་ཉིད་ཚད་མ་ཡིན་པའི་ཚུལ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཞེས་པའི་བར་དུ་རྒྱས་པར་བཤད་ལ། དེ་ཡང་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་ཤེས་པ་ནི། འདིར་བསྟན་ཚད་མའི་སྐྱེས་བུ་དེ་ཡིན་པ་དང་། དེ་ཚད་མར་སྒྲུབ་པ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པ་སྟེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཆོས་ཅན། ཚད་མ་ཡིན་ཏེ། མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་པ་དེ་དང་ལྡན་པའི་ཕྱིར། ཞེས་པ་ནི་རྩ་བའི་གཏན་ཚིགས་ཏེ། དེའི་རྗེས་འགྲོ་ནི་འཇིག་རྟེན་གྱི་ཚད་མ་དག་གི་སྟེང་དུ་གྲུབ། ལྡོག་པ་ནི་རང་བྱུང་ཚད་མ་དང་། གཞན་སྡེས་ཚད་མར་འདོད་པའི་རིག་བྱེད་དང་དབང་ཕྱུག་སོགས་བཀག་པས་འགྲུབ་པའོ།།

ཕྱོགས་ཆོས་སྒྲུབ་ཚུལ་ལ། རྟགས་དང་པོ་མ་ཤེས་དོན་གསལ་ནི། སྔོན་སོ་སོ་སྐྱེ་བོའི་རྟོགས་པ་སྔོན་དུ་སོང་བར་བསྒྲུབས་པ་ཉིད་ཀྱིས་འགྲུབ་སྟེ། ཇི་སྐད་དུ། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་སོ། །མི་བསླུ་བ་ནི། དེ་ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་གསུངས་པ་དེ་དོན་ལ་གནས་པ་ཉིད་ཀྱིས་གྲུབ་སྟེ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུང་། །ཞེས་སོ། །དེའི་ཚེ་མ་ཤེས་དོན་གསལ་ནི། བདེ་བར་གཤེགས་པ་དང་། མི་བསླུ་བ་ནི་སྐྱོབ་པའི་དོན་ནོ།།

གཉིས་པ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་ལ་གཉིས་ཏེ། སྙིང་རྗེ་ཆེན་པོ་དང་། བདག་མེད་རྟོགས་པའི་ཤེས་རབ་བཤད་པའོ། དང་པོ་ལ་གཉིས་ཏེ། སྙིང་རྗེ་ཆེན་པོ་ངོས་བཟུང་བ། དེ་སྐྱེ་བ་དུ་མར་གོམས་པ་མི་འཐད་པ་དགག་པའོ། །དང་པོ་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་སྒྲུབ་བྱེད་ཀྱི་ཐབས་ཐུགས་རྗེ་གོམས་པ་ལས་ཉེས་པ་ཐམས་ཅད་འབྱུང་བའི་ཕྱིར། ཞེས་བདག་ཡོད་པར་སྨྲ་བ་དང་། ཐར་པ་ཁས་ལེན་པ་ཕན་ཚུན་འགལ་བར་བཤད་ནས། དེས་ན་གྲོལ་བ་ཐོབ་པ་ལ་བདག་འཛིན་སྤོང་དགོས། དེ་སྤོང་བ་ལ་བདག་མེད་མཐོང་དགོས་ཞེས་པའོ།།

དེའང་ཅུང་ཟད་རྒྱས་པར་འཆད་ན། བྱེ་བྲག་པ་ནི་ཇི་སྲིད་བདག་དང་བདག་གི་བའི་འཕྲོད་འདུའི་འབྲེལ་བ་མ་ཆད་པ་དེ་སྲིད་དུ་འཁོར་བ་དང་། བདག་གི་བ་སྐྱོན་དང་བཅས་པར་བསྒོམས་པས་དེར་ཤེས་ནས། གཉིས་པོའི་འབྲེལ་བ་ཆད་ནས་བདག་གཅིག་པུ་ཡན་གར་དུ་གནས་པ་ལ་ཐར་པའི་ངོས་འཛིན་དང་། དེ་ལྟ་བུའི་བདག་དེ་བེམ་པོར་འདོད་དེ། རྟེན་དང་ཀུན་འཇུག་ཟད་བྱེད་པ། །རང་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་སོ། །ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང་། །ཞེས་པ་ནས། དེས་ན་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལ་ཇི་ལྟར་གནོད། །ཅེས་པའི་བར་དུ་བདག་ལ་ཆགས་པ་མ་སྤངས་ན། བདག་གི་བ་ལ་ཆགས་པ་སྤོང་མི་ནུས་པ་སོགས་ཀྱི་སྒོ་ནས་བཀག་ཅིང་། བདག་གི་བ་ལ་ཆགས་པ་སྤོང་བ་ལ་བདག་འཛིན་སྤོང་དགོས་པར་བསྟན་ཏེ་རྗེས་སུ་བཟུང་ངོ་།།

གྲངས་ཅན་ནི། བདག་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ལ་ལོངས་སྤྱོད་ཀྱི་བསམ་པ་སྐྱེས་པ་དེའི་ཚེ། སྤྱི་གཙོ་བོ་ཞེས་བྱ་བ་ཤེས་བྱ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་ལ། རྣམ་འགྱུར་ཀུན་གྱིས་མཛོད་ལྟ་བུར་གྱུར་པ་དེའི་ནང་ནས་བློའམ་ཆེན་པོ་ལ་སོགས་པ་རྣམ་འགྱུར་མཐའ་ཡས་པ་བསྒྲུབས་ནས་ལོངས་སྤྱོད་པ་དེ་སྲིད་དུ་འཁོར་བར་འདོད་དེ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང་། །ཞེས་དབང་ཕྱུག་གི་གཞུང་ལས་འབྱུང་ཞིང་། སྤྱོད་འཇུག་ལས་ཀྱང་། གཙོ་བོ་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །ཅེས་བཤད་དོ། །སྐྱེས་བུ་ལོངས་སྤྱོད་ཀྱིས་ཚིམ་ནས་སྒྱུ་མ་ལྟ་བུའི་རྣམ་འགྱུར་སྣ་ཚོགས་པ་དེ་གཙོ་བོའི་ངང་དུ་སྡུད་པར་བྱེད་ཅིང་། བསྡུས་པའི་འོག་ཏུ་གཙོ་བོ་ཉིད་ཀྱང་ནམ་མཁའི་ངང་དུ་ཐིམ་ནས་བདག་ཤེས་རིག་གི་སྐྱེས་བུ་གཅིག་པུར་གནས་པ་དེའི་ཚེ་ཐར་པ་མངོན་དུ་བྱས་པར་འདོད་ཅིང་། བདག་ཤེས་རིག་གི་སྐྱེས་བུ་མཚན་ཉིད་ལྔ་དང་ལྡན་པའི་ཤེས་པར་འདོད། དེ་དག་ནི། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །ཞེས་པ་ནས། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ཆེན་པོ་དག །སེམས་ཅན་ཀུན་ལ་བརྩེ་བ་སྟེ། ཉན་རང་སོགས་དང་ཐུན་མོང་བར་སྙིང་རྗེ་བ་ཙམ་དང་། ཐུན་མོང་མིན་པར་རྫོགས་བྱང་དོན་གཉེར་གྱི་བློ་འདྲེན་ནུས་པ་ཞིག་གོ།

དེ་ལ་ཡང་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་ལས། དེ་རྣམས་ཀྱི་གཞན་དབང་དུ་གྱུར་པ་ལས། སེམས་ཅན་རྣམས་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་བར་འདོད་པའི་བློ་སྐྱེ་ལ། དེ་ཡང་རྫོགས་པའི་སངས་རྒྱས་མིན་པ་སུས་ཀྱང་མི་ནུས་པར་ཤེས་ནས། རྫོགས་བྱང་དུ་དམིགས་པའི་སེམས་བསྐྱེད་ནས་གཞན་དོན་ལ་འཇུག་པར་མཛད་དོ། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་སོ། །གཞན་ཕན་བཞེད་པ་འདི་ལ། གོམས་པ་ཡུན་རིང་ཐུང་ལས་གཞན་དོན་དོན་གཉེར་གྱི་བློ་འབྱུང་མི་འབྱུང་། དེ་ལས་ཕར་ཕྱིན་དྲུག་གི་ཉམས་ལེན་བསྐལ་པ་གྲངས་མེད་གསུམ་དུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པས་ཐེག་པ་གསུམ་ཀའི་ལམ་ཡོད་པའོ།།

གཉིས་པ་ནི། དྲང་སྲོང་འཇུག་སྟོབས་ཅན་ལ་སོགས་པ་སྟེ། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང༌། །རྨ་བྱའི་སྒྲོ་གཤོག་རི་མོ་བཀྲ་བ་དང༌། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་ནི། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་རྒྱུ། །ཞེས་དང་། ལུས་ཀྱང་ཐལ་བ་བཞིན་སོང་བས། །སླར་སྐྱེ་བ་ཡང་ག་ལ་ཡོད། །ཅེས་དང་། བློ་ནི་ལུས་ལ་རྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་འབྱུང་བ་ལྟར། བརྩེ་སོགས་སྐྱེ་བ་དུ་མར་གོམས་པ་མི་འཐད་དེ། བློ་ལུས་ལ་རྟེན་ཚུལ་གསུམ་གྱི་སྒོ་ནས་བསྟེན་པས། ལུས་འགགས་ན་བདག་གི་རྒྱུན་ཆད་པར་འགྱུར་བའི་ཕྱིར། ཞེས་སྨྲ་བ་འཇིག་རྟེན་སྔ་ཕྱི་རྒྱང་དུ་དོར་བ་དག་གི་ངོར། །མ་ཡིན་རྟེན་ནི་དགག་ཕྱིར་རོ། །ཞེས་སྐྱེ་འཇིག་མཉམ་དུ་བྱེད་པའི་རྟེན་པ་ཚད་མས་དགག་པས། མདོར་བསྟན། རྒྱས་པར་འཆད་ན། འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་བལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར། ཞེས་པ་ནས། དེས་ན་རྒྱུ་དང་བྲལ་བའི་ཕྱིར། །ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་པས་རྣམ་ཤེས་མིན་པར་རྣམ་ཤེས་ཀྱི་ཉེར་ལེན་དུ་མི་རིགས་པར་སྒྲུབ་བྱེད་ཀྱི་རྟགས་དང་། ས་སོགས་ཐམས་ཅད་ཀྱི་ས་བོན་ཅན་དུ་དང་། ཤི་བའི་ལུས་ལ་སེམས་གནས་པ་ཧ་ཅང་ཐལ་བ་སོགས་ཀྱི་རིགས་པས་བརྩེ་སོགས་སྐྱེ་བ་དུ་མར་གོམས་པ་མི་འཐད་པར་བཀག་ནས། རྒྱང་འཕེན་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱས་ཏེ། བདག་ལ་ཆགས་པ་དང་ལྡན་པས། དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་དང་། ལོག་ཤེས་དང་ནི་དེ་ལས་བྱུང་། །སྲེད་དང་སེམས་པའི་དབང་དག་གི །དམན་གནས་འགྲོ་བ་སྐྱེ་བ་ཡིན། །ཞེས་འཇིག་ལྟ་དང་། དེ་ལས་བྱུང་བའི་སྲེད་པ་དང་། སེམས་པའི་ལས་ཀྱིས་འགྲོ་བ་རྣམས་ཡང་སྲིད་རྣམས་སུ་འཕེན་པར་བྱེད་ཅིང་། བསོད་ནམས་མིན་པའི་ལས་འདུས་བྱས་པས་ངན་འགྲོའི་སྡུག་བསྔལ་འབྱུང་བ་དང་། བསོད་ནམས་དང་མི་གཡོ་བའི་ལས་འདུས་བྱས་པས་རིམ་བཞིན་འདོད་ཁམས་ཀྱི་ལྷ་མི་དང་། ཁམས་གོང་མའི་གཏན་གྱི་བདེ་བ་འཐོབ་པའོ། །ཞེས་བདེ་འགྲོ་སྟེ་མངོན་པར་མཐོ་བའི་ལམ་དང་། རྣམ་པ་དུ་མར་ཐབས་མང་པོ་ཡུན་རིང་དུས་གསུམ་གོམས་པ་ལས། དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་པས་སྐབས་མང་པོར་ངེས་པར་ལེགས་པའི་བྱང་ཆུབ་ཀྱི་ལམ་བཟང་པོ་གསལ་བར་བསྟན་ནོ།།

གཉིས་པ་བདག་མེད་རྟོགས་པའི་ཤེས་རབ་བཤད་པ་ལ། བདག་ཡོད་པའི་ཕྱོགས་ལ་ཐར་པ་མི་འཐད་པ་དང་། དེ་ནས་གྲོལ་བའི་བདག་མེད་ཀྱི་ཚུལ་བཤད་པའོ། །འཇའ་ཚོན་བཞིན་དུ་ནམ་མཁའི་དབྱིངས་སུ་ཐིམ་པར་འགྱུར་ཞིང་། གྲོལ་བ་འདོད་པས་བདག་སྒོམ་དགོས་ཏེ། ལུང་ལས་བདག་ཤེས་པར་བྱ། བསམ་པར་བྱ། སྒོམ་པར་བྱ། ཞེས་གསུངས་པའི་ཕྱིར། ཟེར་རོ། །དེ་དག་དགག་པ་ནི། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲེད་ལས་སྐྱོན་རྣམས་སྐྱེད་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་པ་ནས། ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་པའི་བར་དུ། བདག་རྟག་པ་བཅིངས་ཐར་གྱི་གཞིར་སྨྲ་བའི་མུ་སྟེགས་རྣམས་ལ་ནི། བདག་ལ་མངོན་པར་ཆགས་པ་ཡོད་ན། ཐར་པའི་གནས་སྐབས་དེར་ཡང་དག་འཁོར་བ་དང་མཚུངས་པར་འགྱུར་རོ། །བདག་ཏུ་འཛིན་པ་ཡོད་ན། གཞན་དུ་འདུ་ཤེས་པ་འབྱུང་ལ། དེ་ལས་བདག་གི་ཆ་ལ་འཛིན་པ་དང་། གཞན་གྱི་ཆ་ལ་སྡང་བ་འབྱུང་ལ། འདི་དག་དང་ནི་ཡོངས་སུ་འབྲེལ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་པའི་བར་དུ་ཁྱེད་ཀྱི་གྲོལ་བའི་གནས་སྐབས་དེར་ཆོས་ཅན། འཁོར་བ་པ་ཞེས་བྱ་སྟེ། བདག་ལ་ཆགས་པ་དང་མ་བྲལ་བའི་ཕྱིར། བདག་ལ་ཆགས་པ་དང་མ་བྲལ་ཀྱང་། བདག་དང་བདག་གི་བ་ཐ་དད་དུ་ཤེས་པས་གྲོལ་བ་ཡིན་ནོ། །ཞེ་ན། སྐྱེ་བོ་རྣམས་ཀྱིས་དབང་སོགས་བདག་དང་ཐ་དད་དུ་ཤེས་པར་བསྒྲུབས་པའི་སྒོ་ནས་བདག་དེ་རྗེས་སུ་བཟུང་བའི་ཕྱིར། བདག་ཤེས་རིག་གི་སྐྱེས་བུ་དང་མཚུངས་པ་བདེ་བར་གཤེགས་པའི་སྙིང་པོ་ཡོན་ཏན་ཀུན་རྫོགས་དང་། གཙོ་བོ་དང་མཚུངས་པའི་ཀུན་གཞི་རྣམ་པར་ཤེས་པ་དང་། ཆེན་པོ་སོགས་ཉེར་གསུམ་དང་མཚུངས་པའི་རྣམ་པར་ཤེས་པ་ཚོགས་བདུན་དང་། སེམས་བྱུང་ཡུལ་དང་བཅས་པ་རྣམས་བཤད་པའི་སྒོ་ནས་རྗེས་སུ་བཟུང་ངོ་། །ཞེས་དང་། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། དོན་བྱེད་པ་སོགས་པ་དག །ཅེས་སོགས་ཀྱི་སྐབས་སུ་འཆད་པ་ལྟར། ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་འགྲོ་བའི་བྱེད་པ་པོ་ཡིན་ཞིང་། དེའི་དབང་བསྐུར་བྱས་པས་འཁོར་བ་ལས་གྲོལ་ཏེ། དེ་ཉིད་ཀྱི་ལུང་ལས་བཤད་པའི་ཕྱིར། ཞེས་ཟེར། དེ་ནི་ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མ་མཐོང་བ་རྣམས་ལ་ནི། །ལུང་ཙམ་གྱིས་ནི་གྲོལ་བར་ཡང་། །སྨྲ་བ་ཡོངས་སུ་མགུ་བྱེད་མིན། །ཞེས་པ་ནས། ལེགས་སྒོམ་ཡང་དག་ལྟ་བ་ཡིས། །སྲིད་པ་རྗེས་འབྲང་བཅས་འཇོམས་བྱེད། །ཅེས་པའི་བར། དབང་ཕྱུག་གི་དབང་བསྐུར་ཐོབ་པ་དེ་དག་ཆོས་ཅན། ཅིའི་ཕྱིར་སྲིད་པར་མི་འགྲོ་སྟེ། དེར་འགྲོ་བའི་རྒྱུ་སྲེད་པ་སོགས་གསུམ་ཚང་བའི་ཕྱིར། གསུམ་པོ་དེ་ཆོས་ཅན། དབང་བསྐུར་བ་ལས་ལྡོག་པ་མ་ཡིན་ཏེ། རང་གི་རིགས་འདྲ་སྔ་མའི་ས་བོན་ཅན་ཡིན་པའི་ཕྱིར། ཞེས་སོགས་ཀྱི་རིགས་པས་རྒྱས་པར་བཀག་སྟེ། དེས་ན་གྲོལ་བ་འདོད་པས་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ཡང་དག་པའི་ལྟ་བ་བསྒོམས་པས་སྲེད་པ་རྗེས་འབྲང་དང་བཅས་པ་འཇོམས་པར་བྱེད་དོ། །ཞེས་རྗེས་སུ་བཟུང་བའི་ཚུལ་དེ་ཙམ་ཞིག་གསུངས་ཀྱིས། གཞན་དབང་ཕྱུག་དེའི་གཟུགས་སུ་སྤྲུལ་ནས་རྡོ་རྗེ་ཐེག་པ་ཟབ་མོ་སྟོན་པར་མཛད་པ་ནི་ལུགས་གཞན་ལས་འབྱུང་ངོ་།།

གཅེར་བུ་པ་ནི་འཁོར་བར་སྐྱེ་བའི་རྒྱུ་ནི་ལས་ཡིན་ཞིང་། ཐར་པ་ལ་གེགས་བྱེད་པ་ལས་ཡིན་པས། ལས་ཟད་པའི་དོན་དུ་དཀའ་ཐུབ་དང་ལུས་ལ་ཞེན་པ་ལྡོག་པའི་ཕྱིར་དུ་གཅེར་བུ་དང་སྐྲ་འབལ་བ་སོགས་བྱེད་ཅིང་། ལས་ལུས་གཉིས་སྤངས་ནས་ཐར་པ་ནམ་མཁའ་ལ་གདུགས་བཀན་པ་ལྟ་བུ་ཡོད་པ་དེའི་ངང་དུ་འཇའ་ཚོན་བཞིན་དུ་ཐིམ་པར་འདོད་དོ། །དེ་ནི། ལས་དང་ལུས་དག་གནས་ན་ཡང་། །ཞེས་པ་ནས། ནུས་པ་འདྲེས་སོགས་འགྱུར་མ་ཡིན། །ཞེས་པའི་བར་དུ་གྲོལ་བ་དོན་གཉེར་གྱིས་ཉོན་མོངས་པ་ལས་ལོགས་སུ་ལས་དང་ལུས་སྤོང་དགོས་པ་མི་འཐད་པར་བསྒྲུབས་ཤིང་། རྒྱལ་བ་ཅན་གྱི་འགྲེལ་པར། ཤིན་ཏུ་བརྒལ་དཀའི་ལས་རྣམས་བྱས་པ་ནི། །བདག་ཉིད་རྣམ་པར་སྨད་པས་བསྲབས་པར་འགྱུར། །བཤགས་དང་སྡོམ་པར་བྱེད་པ་དེ་དག་གི །གཏན་དུ་དྲུངས་ནས་བཏོན་པ་མ་ཡིན་ནོ། །ཞེས་དང་། ཆུང་འགྱུར་རིགས་མི་མཐུན་ཅན་མིན། །ཞེས་འབྱུང་བ་ལྟར། དཀའ་ཐུབ་ཀྱིས་ལས་ཀྱི་འབྲས་བུ་དྲུངས་ནས་འབྱིན་མི་ནུས་པ་བཀག་སྟེ། འོན་ཀྱང་སངས་རྒྱས་པ་རང་ལུགས་ལ་ལས་དང་ཉོན་མོངས་པ་གཉིས་ཀ་སྤོང་བར་བཤད་པ་ནི། ལས་མ་འོངས་པ་སྐྱེ་བའི་རྒྱུ་ཆགས་སོགས་བཅོམ་པས་ལས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་འདོད་ཀྱི། མུ་སྟེགས་ཀྱི་ལུགས་ལྟར་ལས་བྱས་ཟིན་སྤོང་བ་ལ་བསམ་པ་མ་ཡིན་ནོ།།

དེ་ནི། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་དང་། དེ་དང་མཐུན་པར་རྒྱན་གྱི་འགྲེལ་པར་ཡང་། གང་ཞིག་གདོན་མི་ཟ་བར་འབྲས་བུ་འབྱིན་ནུས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བ་ཁོ་ནར་འབྲས་བུ་འབྱིན་པ་སྟེ། དེའི་དོན་དུ་དཀའ་ཐུབ་སོགས་མངོན་པར་སྦྱོར་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་གཞན་གྱི་ཐར་པ་འདོད་ཚུལ་ཅུང་ཟད་བཀག་ནས། སངས་རྒྱས་ཀྱིས་གསུངས་པའི་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་བསྟན་པ་ནི། ལུང་དང་རིགས་པ་རྣམ་དཔྱོད་ལ། །ཞེས་འབྱུང་བ་ལྟར། ལུང་གི་རྗེས་སུ་འབྲང་བ་ཐོས་བྱུང་གི་ཤེས་རབ་དང་། རིགས་པའི་རྗེས་སུ་འབྲང་བ་བསམ་བྱུང་གི་ཤེས་རབ་དང་། དེ་གཉིས་ཀའི་རྗེས་སུ་འབྲང་བ་སྒོམ་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱི་སྒོས་ཆོས་རྣམས་ཀྱི་རང་བཞིན་ལ་རྣམ་པར་བརྟགས་ཏེ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་རབ་དེའམ། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་དེ་ལ་ནི། བདག་མེད་པའི་ལྟ་བ་ཞེས་བྱ་ཞིང་། དེ་ཉིད་ནི་བཤད་ཟིན་ལམ་དེ་བསྒོམས་པ་ལས། གནས་གྱུར་ཞེས་ཐར་འདོད་པ་རྣམས་ལ་འཁོར་བ་ལས་གྲོལ་བའི་ལམ་དུ་བསྟན་ནོ། །དེའི་ཚུལ་ཡང་རྟག་པ་དང་བདེ་བ་དང་། བདག་གི་བ་དང་། བདག་ཏུ་ལྟ་བ་དང་། ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་སྡུག་བསྔལ་ལས་ཐར་བ་ཡིན་ནོ་སྙམ་པ་དང་། བསམ་གཏན་གྱི་བདེ་བ་གྱ་ནོམ་པར་ལྟ་བ་སོགས་ཡང་དག་པ་མིན་པ་བཅུ་དྲུག་གི་གཉེན་པོར། ཡང་དག་པའི་ལྟ་བ་བཅུ་དྲུག་བསྒོམས་པ་ལས་སྲེད་པ་རྗེས་འབྲང་དང་བཅས་པ་བཅོམ། འཁོར་བའི་འཆིང་བ་ལས་སྒྲོལ་ཞིང་། དེའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་པའི་ལྟ་བ་གཅིག་ཉིད་བསྒོམས་པས་རང་རྒྱལ་གྱི་མྱང་འདས་དང་། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ལྟ་བ་སྙིང་རྗེ་ཆེན་པོ་དང་ཟུང་འཇུག་ཏུ་གོམས་པས་ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པའི་བདེ་བ་ཐོབ་བོ།། །།

 

གསུམ་པ་ཐབས་དེ་ལ་ནན་ཏན་བྱེད་པར་བསྟན་པ་ནི། ཕྱོགས་སྔ་མ་ནི། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་པ་ལྟར་རོ། །དེ་ཉིད་ནི་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ་སོགས་ལུགས་འབྱུང་དང་ལུགས་ལྡོག་ཏུ་བཤད་པའི་སྒོ་ནས་འགོག་པར་བྱ་ཞིང་། དེ་ཡང་། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་ཆེད་དུ་བྱ་བ་གཞན་གྱི་དོན་དུ། དངོས་ཀྱི་དམིགས་པ་རྫོགས་བྱང་ལ་དམིགས་པའི་བསམ་པ་ཕུན་སུམ་ཚོགས་པ་བསྐྱེད་ནས། རགས་པར་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། མི་རྟག་པ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ཤེས་རབ་དང་། ཕྲ་བ་ན་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། ཆོས་ཀྱི་བདག་མེད་པའི་ལྟ་བ་གཉིས་ཟུང་འཇུག་ཏུ་སྐྱེ་བ་དུ་མར་གོམས་པ་ནས། དེ་ཉིད་གོམས་པར་བྱེད་པ་པོའི་སྐྱེ་བོ་བདེ་བར་གཤེགས་པ་དང་། སྐྱོབ་པའི་ཚོགས་དོན་ཅན་གྱི་ཚད་མའི་སྐྱེས་བུའམ་ཀུན་མཁྱེན་དུ་འགྱུར་བ་ནི། རང་བཞིན་གྱིས་རྟགས་ཀྱིས་གྲུབ་ལ། དེ་ཡང་ཇི་སྐད་དུ། རྒྱལ་དབང་བློའི་ཀུན་བཏུས་ཀྱི་འགྲེལ་པར། གང་གང་གི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པར་རྗེས་སུ་སྒྲུབ་པ། དེས་དེ་ཐོབ་པ་སྲིད་པ་ཡིན་ཏེ། དཔེར་ན། ནད་མེད་པའི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པའི་ནད་རྣམས་བཞིན། བཅོམ་ལྡན་འདས་ཀྱང་ཚད་མར་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པ་ཡིན་ནོ། །ཞེས་འབྱུང་བ་ལྟར། བྱང་སེམས་འཕགས་པ་ཆོས་ཅན། གཞན་དོན་འཕྲིན་ལས་ཕུན་ཚོགས་དང་། རང་དོན་སྤངས་པ་ཕུན་ཚོགས་ཐུགས་རྒྱུད་ལ་འབྱུང་དུ་རུང་སྟེ། རྒྱུ་བསམ་སྦྱོར་ཕུན་ཚོགས་ཐུགས་རྒྱུད་ལ་མངའ་བའི་ཕྱིར། ཞེས་པའོ། །དེ་དག་སྒྲུབ་བྱེད་ཐུགས་རྗེ་ནས། །དེ་ཕྱིར་ཚད་ཡིན། །ཞེས་པའི་བར་གྱིས་བསྟན་ལ། དེ་དག་གི་སྐབས་སུ་མཆོད་བརྗོད་ལུགས་འབྱུང་གི་སྒོས། འགྲོ་ལ་ཕན་བཞེད་པ་སོགས། རྒྱུ་སྔ་མ་སྔ་མ་ལས། འབྲས་བུ་ཕྱི་མ་ཕྱི་མ་རྗེས་སུ་དཔོག་པའི་རང་བཞིན་གྱི་རྟགས་ལས་ཚད་མའི་སྐྱེས་བུ་སྒྲུབ་བྱེད་ཀྱི་ཐབས་དང་། ཐབས་ལ་ནན་ཏན་བྱེད་པར་བཤད་པ་ལས། ཡང་ན་ལུགས་ལས་ལྡོག་སྟེ། འབྲས་བུ་ཕྱི་མ་ཕྱི་མ་ལས། རྒྱུ་སྔ་མ་སྔ་མ་སྔོན་སོང་དུ་སྒྲུབ་པའི་འབྲས་བུའི་རྟགས་ཀྱི་སྒོ་ནས་ཀྱང་དེ་དག་བཤད་པར་བྱ་སྟེ། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་ནས།  གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པའི་བར་དེར་གསལ་ལོ།།

དེ་ཡང་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་ནི་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་ཡིན་ཏེ། སྡུག་བསྔལ་རབ་ཏུ་ཞི་བའི་ཐབས་འཕགས་པའི་བདེན་པ་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པ་པོ་ཡིན་པའི་ཕྱིར། བདེན་བཞིའི་བླང་དོར་དེ་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་གྱི་བདེན་པ་ནི། བདག་འཛིན་གྱི་གཞིར་གྱུར་པའི་ཕུང་པོ་ལ་བྱ་དགོས་ཏེ། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་སོ། །ཆོས་མངོན་པ་ལས་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་ཤེས་བྱ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་སྣོད་ཀྱི་འཇིག་རྟེན་ཡང་སྡུག་བསྔལ་བདེན་པར་བཤད་དོ། །དེ་དག་ནི། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབས་པའང་མིན། །ཞེས་པ་ལྟར། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་སྒོ་ནས་ཤེས་པར་བྱ་དགོས་ཤིང་། འཁོར་བའི་སྡུག་བསྔལ་དེ་དག་སྤོང་བར་འདོད་པ་རྣམས་ཀྱིས་རྒྱུ་ཀུན་འབྱུང་སྤང་བར་བྱ་དགོས་པས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། མདོ་ལས། སྲེད་པ་ཡང་འབྱུང་བ་ཅན་གྱི། དགའ་བའི་འདོད་ཆགས་དང་བཅས་པ་དང་། དེ་ལས་མངོན་པར་དགའ་བའི་ངང་ཚུལ་ཅན་འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིགས་པའི་སྲེད་པས་སོ། །ཞེས་དང་། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པ། །ཀུན་ལ་རབ་ཏུ་འཇུག་གྱུར་པ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཞེས་པ་ལྟར། སྲིད་པའི་སྲེད་པ་དང་། འདོད་པའི་སྲེད་པ་དང་། འཇིགས་པའི་སྲེད་པ་དང་སྲེད་པ་གསུམ་ལ་གཙོ་བོར་བྱ་སྟེ། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་། །མ་བརྗོད་སྲེད་པ་ཉིད་བཤད་པས། །རྒྱུན་ནི་འཕེན་པར་བྱེད་ཕྱིར་དང་། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །ཞེས་འབྱུང་བས་སོ།།

རྒྱས་པར་ན་ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་གཉིས་ལས། ཉོན་མོངས་པའི་ཀུན་འབྱུང་ལ། རྩ་པའི་ཉོན་མོངས་དྲུག །ཉེ་བའི་ཉོན་མོངས་ཉི་ཤུ་ལ་སོགས་པ་ཕྲ་རྒྱས་ཀྱི་དབྱེ་བའི་རིགས་མཐའ་ཡས་ཤིང་། ལས་ཀྱི་ཀུན་འབྱུང་ལ། བསོད་ནམས་དང་བསོད་ནམས་མིན་པ་དང་། མི་གཡོ་བའི་ལས་ལ་སོགས་པ་མཐའ་ཡས་སོ། །དེ་དག་ནི་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིའི་སྒོ་ནས་སྤང་བར་བྱ་དགོས་པ་ཉིད་དོ། །དེ་སྤངས་པའི་འབྲས་བུ་ནི། རྒྱུ་ཀུན་འབྱུང་གི་བག་ཆགས་སྤངས་པའི་འགོག་བདེན་ཞིག་སྟེ། དེ་ལ་རྒྱན་བཅས་དང་།  རྒྱན་མེད་ཀྱི་འགོག་པ་སོགས་རྣམ་པར་སྤྲོས་པ་མང་ངོ་། །དེ་ནི་འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའི་སྒོ་ནས་མངོན་དུ་བྱའོ།།

གསུམ་པ་སྤོང་བྱེད་ཀྱི་གཉེན་པོ་ལམ་གྱི་བདེན་པ་ནི། ཇི་སྐད་དུ། དེ་ཡི་གནོད་བྱེད་ནི། བདག་མེད་མཐོང་བས་འགལ་བ་ཡིན། །ཞེས་པ་ལྟར། བདག་མེད་རྟོགས་པའི་ཤེས་རབ་ཞིག་གོ །དེ་ལ་ཡང་། ཐེག་པ་གསུམ་གྱི་ལམ་གྱི་དབྱེ་བ་འབྱུང་ངོ་། །དེ་ཉིད་ནི། ལམ་རིག་པ་སྒྲུབ་པ་ངེས་འབྱིན་བཞིའི་སྒོ་ནས་ཉམས་སུ་བླང་བར་བྱའོ་ཞེས་བསྟན་ནོ། །དེ་ལྟར་སྟོན་པའི་སྐྱོབ་པ་གཞན་དོན་ཕུན་ཚོགས་ཆོས་ཅན། ཡེ་ཤེས་ཆོས་སྐུའི་བདག་རྐྱེན་སྔོན་དུ་སོང་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཡིན་པའི་ཕྱིར། དེ་ལྟ་བུའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ་ཁྱད་པར་གསུམ་ལྡན་གྱི་བདེ་བར་གཤེགས་པ་ནི། བདག་མེད་སྒོམ་པར་བྱེད་པའི་ཉམས་ལེན་ཏེ། རྒྱུ་དུས་ཀྱི་སྟོན་པ་སྔོན་དུ་སོང་བ་ལས་བྱུང་ཞིང་། སྟོན་པ་དེ་ཡང་སྙིང་རྗེ་མངོན་དུ་སོང་བ་ལས་བྱུང་ངོ་།།

མདོར་ན་རྒྱུ་ཤེས་རབ་ཀྱིས་རང་དོན་བདེ་གཤེགས་སུ་གྲུབ་ཅིང་། བརྩེ་བས་གཞན་གྱི་ངོར་ཆོས་གསུངས་པའི་མཛད་པ་མི་འདོར་བའི་སྐྱོབ་པར་གྲུབ་པའི་གཏན་ཚིགས་ཀྱིས་ཐུགས་རྗེ་ཆེན་པོ་དང་། སྟོན་པས་སྔོན་སློབ་པ་ལམ་ལ་སྦྱོར་བའི་དུས་སུ། རྒྱུ་བསམ་སྦྱོར་ཕུན་ཚོགས་ཉམས་སུ་བཞེས་སོ། །ཞེས་འབྲས་བུའི་རྟགས་སུ་བཤད་པ་དེ་དག་གི་སྒོ་ནས་ཀྱང་ཐུབ་ཆེན་ཚད་མར་བསྒྲུབས་ཤིང་ཚད་མའི་སྐྱེས་བུ་དང་། དེ་སྒྲུབ་བྱེད་ཀྱི་ཐབས་དང་། ཐབས་ལ་ནན་ཏན་བྱེད་པ་མ་རིག་པའི་ལོག་རྟོག་བཟློག་པར་བྱེད་དོ། །དེ་ལྟར་ལུགས་ལྡོག་འབྲས་བུའི་རྟགས་དང་། ལུགས་འབྱུང་རང་བཞིན་གྱི་གཏན་ཚིགས་རྣམ་པ་གཉིས་ཀྱིས་སྟོན་པ་ཐུབ་པའི་དབང་པོ་ཚད་མར་བསྒྲུབས་ནས། སྟོན་པ་དེས་བཤད་པའི་བསྟན་པ་ཡང་དེ་ཉིད་ཐམས་ཅད་མཁྱེན་པའི་གནས་སུ་གཤེགས་པའི་ལམ་སྲོལ་དེ་ཡིན་པར་དཔྱད་པ་གསུམ་གྱིས་དག་པའི་ལུང་གིས་འགྲུབ་པ་ཡིན་ལ། དེའི་ཚུལ་ཇི་ལྟར་ཞེ་ན། བསྟན་པ་ནི། ཇི་སྐད་དུ་རྣལ་འབྱོར་པ་ཡི་བླ་མས་བསྟན། །ཞེས་པའི་སྐབས་སུ་འབྱུང་བ་ལྟར། བདག་མེད་གཉིས་རྟོགས་པའི་ཤེས་རབ་ལ་བྱ་དགོས་ཤིང་། དེ་ཡང་། གང་ཟག་གི་བདག་མེད་དང་། གཟུང་བ་ཆོས་ཀྱི་བདག་མེད། ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ཟུང་དུ་འབྲེལ་བ་ལས། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པའི་བར་དུ་བགྲོད་ནུས་ཤིང་། བདག་མེད་གཉིས་ཀ་རྟོགས་པར་བྱེད་པ་ལས། སྒྲིབ་གཉིས་བག་ཆགས་དང་བཅས་པར་སྤངས་ཏེ། ཐེག་ཆེན་དགྲ་བཅོམ་པར་འགྱུར་བའོ། །མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་དུ་གསུངས་ཤིང་། འདིར་བཤད་ཟིན། ལམ་དེ་གོམས་པ་ལས། གནས་གྱུར་ཞེས་པའི་སྐབས་སུ་བཤད། དེའི་ཕྱིར་བསྟན་པ་བདག་མེད་གཉིས་ཆོས་ཅན། ཐུབ་པའི་དབང་པོ་ཐམས་ཅད་མཁྱེན་པའི་གནས་སུ་གཤེགས་པའི་ལམ་ཡིན་ཏེ། དེ་ལྟར་མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་དུ་གསུངས་པའི་ཕྱིར། ཞེས་རྩ་བའི་སྦྱོར་བ་དང་། དེའི་ཕྱོགས་མངོན་སུམ་གྱིས་གྲུབ་ལ། ཁྱབ་པ་སྒྲུབ་པ་ན་བསྟན་བཅོས་དེ་རྣམས་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་འགོད་དོ།།

མདོར་ན་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཡིད་ཆེས་པའི་རྟགས་ལས་སྒྲུབ་དགོས་ཀྱི། དར་ཊིཀ་ལས། དང་པོར་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་མ་བྱས་པར། དོན་དེ་དག་རྟོགས་མི་ནུས་པར་མཐོང་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ལུང་གི་སྒྲུབ་བྱེད་དགོས་པར་འདོད་པ་ནི། རིགས་པའི་ཚུལ་ལུགས་མི་ཤེས་ཤིང་། ཚིག་ཙམ་ལ་འཆེལ་བའི་མུ་ཅོར་སྨྲ་བ་འབའ་ཞིག་སྨྲ་བ་ཡིན་ནོ། །ཞེས་དང་། ཡང་ཚད་མ་གྲུབ་པའི་ལེའུ་ནས་ལེགས་པར་བཤད་པའི་གྲུབ་དོན་ཐར་པ་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབས་ཤིང་། གྲུབ་པ་ན་ཤིང་རྟའི་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྲོལ་འབྱེད་གཞན་གྱིས་ནི་ལུང་ལ་མ་ལྟོས་པར་དེ་དག་སྒྲུབ་བྱེད་ཀྱི་ཐབས་མི་རྙེད་པའི་ཕྱིར། ཞེས་འབྱུང་བ་ལྟར་ཚད་མ་གྲུབ་པར་ཐར་པ་དང་ཀུན་མཁྱེན་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་ཞེས་ཟེར་བ་ནི་གད་མོའི་གནས་ཏེ། རྣམ་འགྲེལ་མཛད་པས་ནི། ཇི་སྐད་དུ། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན། ཞེས་དང་། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་བརྗོད་བྱེད་ངག །ཡོངས་དག་དབང་དུ་བྱས་ཡིན་གྱིས། །ཞེས་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པས་དག་པར། གནས་གསུམ་པ་ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་ཚོལ་བ་སྡེ་བདུན་གྱི་སྐབས་འདིར་མི་བཞེད་ཅིང་། ཚད་མ་གྲུབ་པའི་ལེའུ་འདིར་བཤད་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་འདི་ལུང་དཔྱད་པ་གསུམ་གྱིས་དག་པས་འོག་ཏུ་ལུང་དོན་གཏན་ལ་འབེབས་པའི་རིགས་པ་ཡིན་པས། ཁྱབ་འབྲེལ་ལུང་ལ་རག་ལས་པའི་ཕྱིར། དེ་གཉིས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་གོ་སྐབས་མེད་དོ། །གོང་དུ་གཞལ་བྱའི་གནས་གཉིས་དཔྱད་པས་མ་དག་པར། ཤིན་ལྐོག་སྒྲུབ་བྱེད་ཚོལ་བ་འདིར་མི་བཞེད། །ཅེས་བགར་ཚིག་སྨོས་པ་ནི། ཁམས་བསྟན་པའི་མདོ་དང་། མཚན་ཉིད་ཀུན་ལས་བཏུས་ལྟ་བུ་ཐེག་པ་ཆེན་པོའི་ལུང་གཞན་དུ། མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་དཔྱད་པས་དག་པ་དང་མ་དག་པའི་ཁྱད་པར་མེད་པ། གཞལ་བྱའི་གནས་གསུམ་ཀ་ལ་ལུང་ཚད་མར་བྱས་པ་དག་མེད་པའི་དོན་ནོ།།

གཞན་ཡང་། དེ་འདྲ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་སྒྲུབ་ནུས་པ་རྣམ་འགྲེལ་མཛད་པའི་ལེགས་བཤད་མིན་ཏེ། དངོས་སྟོབས་ཀྱི་རིགས་པས་གྲུབ་ན་ཤིན་ལྐོག་མིན་དགོས་ལ་། ཤིན་ཏུ་ལྐོག་གྱུར་ཡིན་ན། སྒྲུབ་བྱེད་ལུང་ལ་མི་ལྟོས་པར་འགལ་བའི་ཕྱིར་རོ། །གནས་གསུམ་པར་ནི་འཕོ་བ་སོགས་དང་། སྤྱི་ལས་འདི་ཡུལ་ལྐོག་གྱུར་ན། །གོ་སྐབས་མེད་པའི་ཕྱིར་བློ་ནི། །ཞེས་སོ། །གལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཤིན་ཏུ་ལྐོག་གྱུར་མིན་ན། ཤིན་ཏུ་ལྐོག་གྱུར་གྱི་མཚན་གཞི་གང་ཡིན། སུམ་ཅུ་རྩ་གསུམ་པའི་ལྷའི་ཚེ་ཚད་ལྟ་བུའོ་སྙམ་ན། དེ་ནི་ཚུར་མཐོང་གི་མངོན་སུམ་གྱིས་གྲུབ་པས་ཤིན་ལྐོག་ཏུ་མི་རུང་ངོ་།།

དེ་དག་གི་དོན་བསྡུ་ནི། ཇི་སྐད་དུ། དེར་ནི་རྗེས་དཔག་འཇུག་མི་འགྱུར། །ཞེས་སོགས་སྐབས་མང་པོར་འབྱུང་བ་ལྟར། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཞེས་བྱ་བ་ནི། དཔུང་ལ་མ་ལྟོས་པའི་ཡང་དག་པའི་རིགས་པའི་མིང་གི་རྣམ་གྲངས་ཡིན་ཞིང་། ཚད་མ་གྲུབ་པའི་ལེའུར་བཤད་པའི་ཐར་པ་དང་། ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམས་ཀྱི་ཕྱོགས་ཆོས་དང་། ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རྩ་བ་ལུང་ལ་ལྟོས་པ་ཤ་སྟག་ཡིན་པས་ཡིད་ཆེས་ཀྱི་རྟགས་སོ། །དེ་ལ་འདི་སྐད་ཅེས། ཕྱི་རོལ་པ་ཡི་ཐར་པའི་གནས། །ཐབས་དང་བཅས་པར་བཀག་ཟིན་ཏེ། །སྙིང་རྗེ་ཉིད་དང་ཟུང་འཇུག་གི །བདག་མེད་རྟོགས་བློ་གཅིག་ཉིད་ཀྱི། །འཁོར་བའི་རྩ་བ་དྲུངས་ཕྱུང་ནས། །ཚད་མའི་སྐྱེས་བུ་འགྲུབ་པའི་ཚུལ། །རྣམ་དག་ལུང་ལ་མ་བརྟེན་པར། །སོ་སྐྱེའི་བློ་ཡི་སྤྱོད་ཡུལ་མིན། །དེ་ཕྱིར་དངོས་པོ་སྟོབས་ཞུགས་ཀྱི། །རིགས་པས་ཀུན་མཁྱེན་འགྲུབ་ཅེས་པ། །གྲགས་པའི་གཞུང་གི་བརྒྱུད་ལས་གོལ།

གཉིས་པ་མངོན་གྱུར་གཏན་ལ་འབེབས་པའི་ཚུལ་ལ། རྒྱས་པར་བཤད་པ་དང་། ལུགས་གཉིས་བསྡུས་ཏེ་གཏན་ལ་ཕབ་པའོ། །དང་པོ་ལ་ཚད་མ་མངོན་རྗེས་གཉིས་དང་། དེའི་གཞལ་བྱ་རང་སྤྱིའི་རང་བཞིན་གཏན་ལ་ཕབ་སྟེ། མདོ་སྡེ་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་སྒྲུབ་བྱེད་བསྟན་པ་དང་། མངོན་གྱུར་གཏན་ལ་ཕབ་པ་དངོས་སོ། །དང་པོ་ནི། ཚད་མ་སྟོང་ཕྲག་བཅུ་གཉིས་པ་ལས། ཚད་མ་དེའི་མཚན་ཉིད་ཀྱི་བསྟན་བཅོས་དག་ལ་ལོག་པར་རྟོག་པ་བཞི་བཤད་པ་ལས། གྲངས་ལ་ལོག་པར་རྟོག་པ་ནི། རྒྱང་འཕན་ནི་མངོན་སུམ་གཅིག་པུར་འདོད་པ་དང་། གྲངས་ཅན་མངོན་རྗེས་གཉིས་དང་སྒྲ་བྱུང་དང་གསུམ་དུ་འདོད། རིག་པ་ཅན་པ་དེའི་སྟེང་དུ་དཔེ་ཉེར་འཇལ་དང་བཞིར་འདོད། རྒྱལ་དཔོག་པ་དོན་གྱིས་གོ་བ་དང་། དངོས་པོ་མེད་པའི་ཚད་མ་དང་དྲུག་ཏུ་འདོད། ཙཱ་ར་ཀ་པ་སོགས་ཁ་ཅིག །རིགས་པའི་དང་། མ་དམིགས་པའི་སྙམ་སེམས་པའི་ཚད་མ་སོགས་བཅུ་གཅིག་ཡིན་ཕྱིར། ཀ་མ་ལ་ཤཱི་ལས་ཕྱོགས་སྔ་མདོར་བསྡུས་སུ་བཤད། གཞན་དབུ་མ་ཐལ་འགྱུར་བ་མངོན་རྗེས་གཉིས་དང་། དཔེ་ཉེར་འཇལ་དང་ལུང་ཚད་མ་སྟེ་བཞིར་འདོད། དེ་དག་ནི་རྣམ་པར་ངེས་པ་ལས། གལ་ཏེ་སྒྲ་དང་ཉེ་བར་འཇལ་བ་ལ་སོགས་པའི་ཚད་མ་གཞན་ཡང་ཡོད་པ་མིན་ནམ། ཞེས་པའི་སྐབས་སུ་བྱུང་ཞིང་། རང་སྤྱི་འདྲེས་པར་འཛིན་པའི་ཚད་མ་ཕུང་པོ་གསུམ་པར་འདོད་པའི་རང་གཞན་གྱི་སྡེ་པ་འགའ་ཞིག་ཡོད་པ། གཞལ་བྱ་ངེས་ན་ཁ་དོག་ནི། །མི་རྟག་ཉིད་དུ་རྟོགས་མི་འགྱུར། །དེ་བློ་ཚད་མ་གཞན་འགྱུར་ཏེ། །ཞེས་སོགས་ཀྱིས་སྟོན་ཅིང་། ལོག་པར་རྟོག་པ་དེ་དག་སེལ་བའི་ཚུལ་ནི། མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། རྣམ་པར་ངེས་པ་ལས། ཚད་མ་ནི་རྣམ་པ་གཉིས་ཁོ་ན་སྟེ། །ཞེས་དང་། འདིར་ཡང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པ་ནས། དྲན་མིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་དུ་སྟོན་ལ། དེའི་ཚུལ། རྒྱང་འཕེན་ལ་མཚོན་ན། དེ་ངེས་ཚད་མ་གཉིས་པ་ཉིད། །ཅེས་དངོས་མེད་ཚད་མས་ངེས་པའི་རྟགས་ཀྱིས་རྗེས་དཔག་ཡོད་པར་བསྒྲུབས་ཤིང་། སྤྱིའི་ཡུལ་ཅན་རྗེས་དཔག་ཚད་མ་མིན་ཞིང་། རྒྱང་འཕེན་རང་གི་དབང་པོས་མ་དམིགས་པས་མེད་པར་འགྲུབ་ན། ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་སོགས་ཀྱང་མེད་པར་འགྱུར་རོ། །ཞེས་གནོད་བྱེད་བརྗོད་དེ། རྗེས་སུ་དཔག་པའི་ཚད་མ་བསྒྲུབས་ནས་ཚད་མ་གཉིས་སུ་ངེས་པར་སྟོན་ཏེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་སོགས་ལས་སོ།།

སྐབས་འདིའི་གཞལ་བྱ་རང་སྤྱིའི་རང་བཞིན་གཏན་ལ་འབེབས་པའི་ཚུལ། མདོ་སྡེ་པ་ལ་གྲགས་པའི་རྟོག་གེའི་བརྡ་ཆད་ཀྱི་ཚོམས་ཏེ། དེས་ནི་གྲུབ་མཐའ་སྨྲ་བ་གཞན་ལ་མ་གྲགས་པའི་ལྡོག་པ་དང་། གཞན་སེལ་གྱི་རྣམ་བཞག་ཞིབ་མོའི་སྒོ་ནས་ཚད་མས་གཞལ་བར་བྱ་བའི་ཆོས་རྣམས་ཀུན་རང་མཚན་དང་། སྤྱི་མཚན་གཉིས་སུ་ངེས་པར་ཐག་བཅད་ནས། དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱི། །ཞེས་ངེས་གཟུང་གི་སྒོ་ནས་འཆད་དོ། །ཚུལ་དེ་ཡང་རྒྱས་པར་འཆད་ན། ཡུལ་སྣང་སེལ་དང་། ཡུལ་ཅན་སྣང་འཇུག་དང་སེལ་འཇུག །རྫས་དང་ལྡོག་པ་ཞེས་དང་། གཉིས་པ་དེའི་ཆོས་སོ་སོ་བ་དང་། ལོག་པ་དང་ལྡོག་པ་ཞེས་བྱ་བ་དང་། སྤྱི་དང་གསལ་བ་ཞེས་དང་། རིགས་དང་རིགས་ལྡན་ཞེས་པ་དང་། བྱེ་བྲག་དང་གཞི་མཐུན་ཞེས་པ་དང་། རྫས་བརྗོད་པ་དང་། དངོས་པོ་བརྗོད་པ་ཞེས་པ་དང་། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་སྒྲ་ཞེས་པ་དང་། རང་མཚན་ལ་བརྡ་དངོས་སུ་མི་སྦྱོར་བ་དང་། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་དངོས་ཀྱི་ཡུལ་གཞལ་བྱ་ཁོ་ན་ལ་འཆད་པ་རྣམས་ཏེ། བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱི་བརྟག་བྱ་གང་། །ཞེས་སོགས་རང་དོན་ལེའུར་འཆད་པ་དང་། མངོན་སུམ་ལེའུར། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས། སྤྱི་མཚན་དངོས་མེད་དུ་བསྒྲུབས་པའི་རིག་པས་བཤད་པའི་སྐབས་རྣམས་སོ། །དེ་དག་གྲུབ་མཐའ་པ་གཞན་ལ་མ་གྲགས་པའི་ཚུལ་ནི། ཆོས་འབྱུང་དཔྱོད་ལྡན་དགའ་བྱེད་ལས་གསུངས་སོ།།

མདོར་ན། མདོ་སྡེ་པས། ཆོས་ཐམས་ཅད་རང་སྤྱི་གཉིས་སུ་བསྡུས་ཤིང་། དེའི་ནང་ནས། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་བདེན་མེད་དུ་གཏན་ལ་ཕབ་ནས། དོན་དམ་པ་ལ་འཇུག་པར་གསུངས་ཏེ། ཇི་སྐད་དུ། གང་གིས་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེས་བདག་ཐ་དད་ཀྱང་། །ཐ་དད་པ་ཉིད་བསྒྲིབས་པ་ཡིན། །ཞེས་སྤྱི་བདེན་གྲུབ་ཏུ་ཞེན་པའི་བློ་ཉོན་མོངས་པ་ཅན་མིན་པའི་མ་རིག་པ་སྟེ་སྒྲིབ་པ་དང་། དེའི་གཉེན་པོར། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་ལྡོག་པའི་ཆོས་རྣམས་གནས་ལུགས་སྒྲིབ་བྱེད་ཀྱི་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་གྱི། དོན་ལ་མེད་པ་དང་། རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ཀྱང་བཏགས་ཡོད་ཡིན་པའི་ཕྱིར་ན། བདེན་མེད་དུ་བསྒྲུབས་ཏེ། མདོར་ན། དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞེས་དང་། དེ་ཕྱིར་རང་བཞིན་མེད་པར་གྲུབ། །ཅེས་སོགས་སྐབས་མང་པོར་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར་ན། སྤྱིའི་མཚན་ཉིད་ཅན་གྱི་ཆོས་རྣམས་བདེན་པར་མེད་དོ། །ཞེས་མདོ་སྡེ་སྨྲ་བའི་ལུགས་དང་ཐུན་མོང་དུ་ཆོས་ཀྱི་བདག་མེད་པའི་སྒོ་ཆེན་དང་པོར་ཕྱེ་བའི་ཚུལ་དེ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་རགས་རྒྱུན་བདེན་མེད་དུ་གཏན་ལ་འབེབས་པའི་ཚུལ་བཤད་ཀྱང་ལུགས་དེ་གཞུང་བཙུགས་ཏེ་མི་འཆད་པར། ཞར་བྱུང་གི་ཚུལ་དུ་འཆད་པ་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་སོགས་དང་། གལ་ཏེ་ཕྱི་རོལ་སྤྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །སོགས་ཀྱིས་སྟོན་པས། མདོ་སྡེ་པའི་ལུགས་ཐུན་མོང་དུ་ཆོས་ཀྱི་བདག་མེད་སྒོ་ཆེན་དང་པོར་ཕྱེ། ཞེས་པའི་དོན་ཡང་དེ་ཉིད་དོ།།

གཉིས་པ་མངོན་གྱུར་གཏན་ལ་ཕབ་པ་དངོས་ལ། མངོན་སུམ་གྱི་དོན་ལ་བསྙོན་པ་མེད་པར་གྲགས་ཀྱང་། བྱེ་བྲག་ཏུ་སྨྲ་བ་སོགས་རང་སྡེ་འགའ་ཞིག་དང་། སྒྲའི་ཚངས་པ་སོགས་གཞན་སྡེ་རྣམས་ཀྱི་ལོག་པའི་བློ་གྲོས་ཀྱིས། མངོན་སུམ་གྱི་ཡུལ་ལ་ཕྱིན་ཅི་ལོག་དུ་རྣམ་པར་བཏགས་པ་མང་པོ་ཞིག་བྱས་ཏེ། གང་ཞེ་ན། འདི་ལྟར། མ་མཐོང་བདག་ཉིད་ངོ་བོ་དེ། །རྟོག་པའི་རྟེན་ནི་དོན་གཞན་ཡིན། །ཞེས་དང་། དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་པ་ལྟར། ཕྱི་རོལ་གྱི་དོན་རྟགས་ཀྱིས་སྒྲུབ་པར་ནུས་ཀྱང་། མངོན་སུམ་གྱི་བློ་ཡིས་ཕྱི་རོལ་གྱི་དོན་གྲུབ་པར་འཆད་པ་དང་། རྟོག་པ་མེད་སེམས་སྣ་ཚོགས་མིན། །ཞེས་དང་། སྤྱི་ཡི་བློ་ཡང་བསླད་པ་ཡིན། །ཞེས་པའི་སྐབས་སུ་འབྱུང་བ་ལྟར། གཞལ་བྱ་མངོན་སུམ་གྱི་ཡུལ་མ་ཡིན་ཞིང་། སྤྱིའི་ཡུལ་ཅན་ཡིན་ན་འཁྲུལ་པ་ཡིན་དགོས་ཀྱང་། ལྡོག་པ་གཞལ་བྱ་དང་། རགས་རྒྱུན་གྱིས་དངོས་པོ་རྣམས་རྟོག་མེད་ཀྱི་བློའི་གཟུང་བར་འཆད་པ་སོགས་སོ། །སོགས་ཀྱི་ཁོངས་ནས་དོན་འདི་དག་འབྱུང་སྟེ། ངོ་བོ་ལ་ལོག་པར་རྟོག་པ་དང་། གྲངས་ལ་ལོག་པར་རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ།།

དང་པོ་ནི། སྒྲ་ཡི་རྗེས་འཇུག་མ་གཏོགས་པ། །ཞེས་སོགས་སུ་འབྱུང་བ་ལྟར་བརྡ་སྤྲོད་པས། མངོན་སུམ་གྱི་དོན་འཛིན་པ་ན་མིང་འཛིན་པར་འདོད་པ་ཞི་བ་འཚོའི་འགྲེལ་པར་བཤད། རིག་པ་ཅན་པ་མངོན་སུམ་ངེས་པའི་བདག་ཉིད་དུ་འདོད་དོ། །གྲངས་ཅན་གྱིས་རྟོག་པ་དང་རྟོག་མེད་སྤེལ་ནས་སྐྱེ་བར་འདོད། ཡང་ཀ་མ་ལ་ཤཱི་ལའི་འགྲེལ་པར། གཞན་དག་གིས་དུང་སེར་པོ་ལ་སོགས་པ་འཁྲུལ་ཡང་ཚད་མ་ཉིད་ཡིན་པར་འདོད་དོ། །ཞེས་དང་། དབང་པོ་དང་དོན་འབྲེལ་བར་བརྗོད་པའི་ཕྱིར། །རྣམ་པར་ཤེས་པའི་ངོ་བོ་མིན་པ་ཉིད། །གྲངས་ཅན་ནི། བདག་ཡིད་འབྲེལ་བའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ངོ་བོ་མིན་པ་ཉིད་དོ། །ཞེས་འབྱུང་སྟེ། དཔྱོད་པ་བས་མངོན་སུམ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་འདོད། གྲངས་ཅན་གྱིས་མངོན་སུམ་དང་། ཤེས་པ་མིན་པའི་གཞུང་བཞིན་མདོར་བསྟན་ནོ། །དེ་ལྟ་ན། མངོན་སུམ་མ་འཁྲུལ་མཉམ་ཉིད་ཀྱི། །ཐ་སྙད་མཐུན་ཕྱིར། །ཞེས་གསུངས་པ་ནི། གཙོ་ཆེ་བའི་དབང་དུ་བྱས་སོ། །

ལོག་པར་རྟོག་པ་དེ་སེལ་བའི་ཚུལ་ནི། མངོན་སུམ་རྟོག་དང་བྲལ་བ་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་སོགས་ཀྱིས་སྟོན་ཏེ། དེ་ཡང་ངོ་བོ་ལ་ལོག་པར་རྟོག་པ་སེལ་བའི་ཚུལ་ལ། ཕྱི་རྒོལ་རིགས་གཉིས་ཏེ། རྟོག་པ་དང་རྟོག་མེད་ཀྱི་རྣམ་དབྱེ་ཤེས་པ་དང་མི་ཤེས་པའོ། །དེ་རེ་རེ་ལ་མངོན་སུམ་རྟོག་པར་འཁྲུལ་པའི་རྒྱུ་ཡོད་པ་དང་མེད་པའོ། །རྣམ་དབྱེ་ཤེས་ཤིང་འཁྲུལ་རྒྱུ་མེད་པའི་ངོར། མངོན་སུམ་རྟོག་བྲལ་གྱི་དོན་དང་། ཐ་སྙད་གཉིས་ཀ་རྟགས་ཀྱིས་སྒྲུབ་མི་དགོས་ཏེ། དོན་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང་། ཐ་སྙད་ཤེས་པའི་ཕྱིར། དོན་དེ་ལ་དགོངས་ནས། མདོར། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་རྟོག་བྲལ་གྱི་སྒྲུབ་བྱེད་མ་གསུངས་ཤིང་། མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྣམ་དབྱེ་མི་ཤེས་འཁྲུལ་རྒྱུ་ཡོད་པའི་ངོར་ནི། དོན་དང་ཐ་སྙད་གཉིས་ཀ་རྟགས་ཀྱིས་སྒྲུབ་དགོས། རྣམ་དབྱེ་མི་ཤེས་ཤིང་འཁྲུལ་རྒྱུ་ཡོད་པའི་ངོར་ནི། ཐ་སྙད་འབའ་ཞིག་བསྒྲུབས་པས་ཆོག །རྣམ་དབྱེ་ཤེས་ཤིང་འཁྲུལ་རྒྱུ་ཡོད་པའི་ངོར་ནི། དོན་འབའ་ཞིག་བསྒྲུབས་པས་ཆོག་གོ།

སྒྲུབ་པའི་ཚུལ་ལ་རྟོག་པ་ཙམ་དང་བྲལ་བའི་སྒྲུབ་བྱེད་དང་། སོ་སོ་དང་བྲལ་བའི་སྒྲུབ་བྱེད་གཉིས་ལས། དང་པོ་ནི། དབང་ཤེས་ཆོས་ཅན། རྟོག་པ་མིན་ཏེ། ཁྱད་པར་རང་མཚན་ཁོ་ནའི་ཡུལ་ཡིན་པའི་ཕྱིར། ཞེས་པ་སྟེ། དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །ཞེས་པ་ནས། འདིས་ནི་མྱོང་སོགས་བཤད་པ་ཡིན། །ཞེས་པའི་བར་དུ་སྤྲོས་ནས་བསྟན། སོ་སོ་དང་བྲལ་བའི་སྒྲུབ་བྱེད་ནི། ཁྱད་པར་དང་ནི་ཁྱད་པར་ཅན། །ཞེས་སོགས་ཀྱིས། དོན་སྦྱོར་རྟོག་པ་དང་བྲལ་བར་བསྟན་ནས། སྒྲ་སྦྱོར་རྟོག་པ་དང་བྲལ་བའི་སྒྲུབ་བྱེད་ནི། བརྡ་དྲན་པ་ཡི་རྒྱུ་ཅན་གྱི། །མཐོང་བ་སྲེ་བྱེད་བདག་ཉིད་ཅན། །ཞེས་སོགས་ཀྱིས་བསྟན། མངོན་སུམ་རྟོག་བྲལ་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་ཙམ་དུ་མ་ཟད་གཞན་ཡང་། མངོན་སུམ་རྟོག་པ་རྒྱུ་རིགས་མི་མཐུན་ལས་སྐྱེ་བར་སྒྲུབ་པའི་སྒོ་ནས་ཀྱང་འཆད། ཕྱི་རོལ་དོན་ལ་ལྟོས་མེད་པ། །ཞེས་པ་ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་དུ་བསྟན་ནོ། །འདིར་མངོན་སུམ་གྱི་དོན་རྣམ་པར་བཞག་པ་ལ་དུལ་བ་ལྷ་ནི། རྟོག་པ་དང་བྲལ་ཞིང་འཇུག་ཡུལ་ལ་མི་བསླུ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞེད། འདི་ལ་སློབ་དཔོན་ཆོས་མཆོག་གིས་སྐྱོན་བརྗོད་ནས། རྟོག་པ་དང་བྲལ་ཞིང་གཟུང་ཡུལ་ལ་མི་བསླུ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞེད། དེ་ལ་རྔོག་ལོ་ཆེན་པོས་དགག་པ་མཛད་ནས། རྟོག་པ་དང་བྲལ་ཞིང་ཡུལ་བདེན་པ་ལ་མ་འཁྲུལ་པའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞེད་པ་སོགས་ཚུལ་མང་ཞིང་། དེ་དག་གི་དགག་སྒྲུབ་ཀྱི་རྣམ་པར་སྤྲོས་པ་བཞག་ནས། རང་ལུགས་ཀྱི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པའོ།།

གྲངས་ལ་ལོག་པར་རྟོག་པ་སེལ་བའི་ཚུལ་ནི། གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །ཞེས་སོགས་ནས། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་པའི་བར་དུ་བསྟན། དེ་ཡང་། དབང་མངོན་མི་སྲིད་པའི་ལོག་རྟོག་མངོན་གྱུར་བ་མེད་ཀྱང་། དེ་རྟོག་པར་འཁྲུལ་པ་བཀག་ཅིང་། གཞན་རྣམས་མི་སྲིད་པའི་ལོག་རྟོག་འགོག་ཚུལ་ནི། མདོ་ལས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། །མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཀུན་ལས་བཏུས་ལས་ཡིད་ཀྱང་དོན་དང་ཞེས་དང་། དེའི་རང་འགྲེལ་དུ་ཡིད་ཀྱང་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་སྟེ། རྟོག་པ་མེད་པ་འབའ་ཞིག་གོ །ཅེས་ཡིད་མངོན་བཤད་པ་ལ། མུ་སྟེགས་རྣ་བ་མ་ཕུག་པ་ན་རེ། ཡིད་མངོན་རང་གི་དེ་མ་ཐག་རྐྱེན་དབང་མངོན་ལས་སྐྱེ་བར་འདོད་པ་ཁྱེད་ཀྱི་ལྟར་ན། དེ་ཚད་མར་མི་འཐད་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱིས་མཐོང་བའི་དོན་འཛིན་ན་བཅད་ཤེས་སུ་འགྱུར་ཞིང་། མ་མཐོང་བའི་དོན་འཛིན་ན། ལོང་བས་ཀྱང་གཟུགས་མཐོང་བར་འགྱུར་རོ། །ཞེས་སྨྲ་བ་ལ། ཡིད་མངོན་གྱིས་དབང་མངོན་གྱིས་མ་མཐོང་བའི་དོན་འཛིན་པར་བསྟན་པ་དང་། དེ་ལ་གནོད་པ་མེད་པར་བསྟན་པའི་སྒོ་ནས་དགག་སྟེ། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །ཞེས་པ་ནས། བཞག་དང་གཟུང་ཞེས་བརྗོད་པ་ཡིན། །ཞེས་པའི་བར་དུ་བསྟན་ནོ། །

རང་རིག་མངོན་སུམ་མི་སྲིད་པའི་ལོག་རྟོག་འགོག་པའི་ཚུལ་ནི། བདེ་སོགས་བདག་ཉིད་གཞན་མི་བརྟེན། །ཞེས་པ་ནས། ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་པའི་བར་དུ་འཆད་དེ། མདོར། ཆགས་ལ་སོགས་རང་རིག་རྣམ་པར་མི་རྟོག་པ་ཞེས་པའང་དེའི་འགྲེལ་པར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་རྣམས་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ། །ཞེས་བདེ་སོགས་རང་རིག་ཏུ་བསྟན་པ་ལ་བྱེ་བྲག་པ་ན་རེ། བདེ་སོགས་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིག་སྟེ། ཡུལ་གཞན་ཡང་རིག་བྱེད་མིན་པའི་ཕྱིར། ཞེས་ཟེར། དེ་ཉིད་ནི། དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེ། །བདེ་སོགས་དེ་ཅིས་ཤེས་མ་ཡིན། །ཞེས་གཙོ་བོ་རྣམ་ཤེས་ཀྱི་རྐྱེན་གསུམ་ལས་སྐྱེས་པའི་རྟགས་ཀྱིས་ཤེས་པར་བསྒྲུབས་ཤིང་། བདེ་སོགས་རང་གིས་རང་མི་རིག་ན། གཞན་གྱིས་རིག་དགོས་པས། རིག་བྱེད་ཀྱི་ཤེས་པ་ཅིག་ཅར་དུ་སྐྱེས་ནས་མྱོང་བ་བདག །རིམ་ཅན་དུ་སྐྱེས་ནས་མྱོང་བ་དགག་སྟེ་རང་རིག་ཏུ་སྒྲུབ། དེ་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང་། །དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཅེས་ཐ་སྙད་དུ་དོན་རིག་པར་ཡང་བསྒྲུབས་སོ།།

གྲངས་ཅན་ནི་བདེ་སོགས་ཕྱི་རོལ་ན་གནས་པ་དང་། སེམས་མེད་པ་དང་། རྣམ་ཤེས་ཀྱི་གཟུང་བྱར་འདོད་ལ། དེ་འགོག་པའི་ཚུལ་དེ་ཡང་། ཅིག་ཅར་གཉིས་འཛིན་མི་རིགས་སོ། །ཞེས་སོགས་ཀྱི་སྐབས་སུ་རྣམ་ཤེས་ཀྱི་མྱོང་བྱར་འདོད་པ་དགག་ཅིང་། བློ་ལ་དགའ་དང་ཡོངས་སུ་གདུང་། །ཁྱད་པར་དུ་ནི་མི་འགྱུར་རོ། །ཞེས་ཕྱི་རོལ་གྱི་དོན་ཡིན་པ་དགག །མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་སེམས་མེད་པ་འགོག་བྱེད་ཀྱི་རིགས་པར་འབྱུང་ངོ་། །རྣལ་འབྱོར་མངོན་སུམ་མི་སྲིད་པའི་ལོག་པར་རྟོག་པ་ནི། དཔྱོད་པ་བ་དང་། རྒྱལ་དཔོག་པ་དང་། གཅེར་བུ་པ་དག་གིས་ཏེ། ཇི་སྐད་དུ། ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་། ཞེས་དང་། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ཞེས་སོགས་སུ་འབྱུང་བས་སོ།།

ལོག་པར་རྟོག་པ་དེ་སེལ་བའི་ཚུལ་ནི། རྒྱས་པར་ཚད་མ་གྲུབ་པའི་ལེའུར་འབྱུང་ཞིང་། མདོ་ཙམ་ཞིག་རྣལ་འབྱོར་ཤེས་པ་སྔར་བཤད་པ། དེ་དག་གི་དེ་སྒོམ་བྱུང་ཡིན། །ཞེས་སོགས་ཀྱིས་སྟོན་ཏེ། མདོར་ན་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ། ཅེས་དང་། ཀུན་ལས་བཏུས་པར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་འབྱུང་བ་ལྟར། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་སྒོམ་པ་ལས་བྱུང་བའི་རྣལ་འབྱོར་པའི་ཤེས་པ་མངོན་སུམ་དུ་བསྟན་ནས། དེ་ལ་མངོན་སུམ་གྱི་དོན་ཚང་བར་བསྒྲུབས་པ་ནི། །རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་སོགས་གསུངས་སོ།།

མདོར་ན་མངོན་སུམ་གྱི་གྲངས་ལ་ལོག་རྟོག་སེལ་བའི་ཚུལ་དེ་དག་མདོ་སྡེ་པའི་ལུགས་ཏེ། བྱེ་བྲག་ཏུ་སྨྲ་བས་རང་རིག་མངོན་སུམ་མི་འདོད། དབུ་སེམས་གཉིས་ཀྱིས། དབང་ཡིད་ཀྱི་མངོན་སུམ་མི་འདོད་པས་སོ། །དེ་ལ་དགོངས་ཏེ། མངོན་སུམ་བཞི་པོ་མདོ་སྡེའི་ལུགས། བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་འབྱུང་ངོ་། །སྤྱོད་ཡུལ་ལ་ལོག་རྟོག་སེལ་བའི་ཚུལ་རྒྱས་པར་དབང་མངོན་བཤད་པའི་སྐབས་སུ་འབྱུང་སྟེ། མདོར། རྣམ་པར་ཤེས་པའི་ཚོགས་ལྔ་ནི། །བསགས་པ་ལ་དམིགས་པའོ། །ཞེས་དང་། དབྱིག་གཉེན་གྱི་མཛོད་འགྲེལ་ལས། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མིན་ནོ། །ཞེས་པའི་དོན་ལ་འཁྲུལ་ནས། རང་སྡེ་འགའ་ཞིག་གི་དབང་ཤེས་ཚོགས་སྤྱིའི་ཡུལ་ཅན་དུ་འདོད་ལ། དེ་འཐད་པའི་ཚུལ་ནི། མདོ་དེས་དབང་ཤེས་ཚོགས་སྤྱིའི་ཡུལ་དུ་བསྟན་པ་མིན་ཏེ། ཟླ་བོ་མེད་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་ཡུལ་མིན་གྱི། རྡུལ་ཕྲན་མང་པོ་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ལ་དགོངས་ནས། མདོས་དེ་སྐད་གསུངས་པའི་ཕྱིར། ཞེས་འཆད་པ་ལ་དོན་གཞན་དང་ནི་དངོས་འབྲེལ་ཕྱིར། །ཞེས་སོགས་གསུངས་སོ།།

རྒྱས་པར་འཆད་ན། དབང་ཤེས་ཀྱི་ཡུལ་ཡིན་པ་ལ། མིན་པའི་ལོག་རྟོག་དགག །མིན་པ་ལ་ཡིན་པའི་ལོག་རྟོག་དགག་པ་རྣམས་ཏེ། ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཞེས་པ་ནས། ངོ་ཤེས་པ་ཞེས་བྱ་བ་ཡི། །རྣམ་རྟོག་གཅིག་ནི་རང་བཞིན་གྱིས། །བྱེད་པ་ཡིན་ཞེས་བསྟན་ཟིན་ཏོ། །ཞེས་པའི་བར་དུ་འབྱུང་ངོ་། །འབྲས་བུ་ལ་ལོག་པར་རྟོག་པ་སེལ་བའི་ཚུལ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། །ཞེས་པ་ནས། རང་རིག་ཅེས་ནི་རབ་ཏུ་བཤད། །ཅེས་པའི་བར་དུ་འབྱུང་སྟེ། འབྲས་བུ་དོན་རིག་གི་རྣམ་གཞག་ལ་ལོག་པར་རྟོག་པ་དང་། རང་རིག་གི་རྣམ་གཞག་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ནི་ཇི་སྐད་དུ། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱི་ནི་བློ། ཞེས་པ་ལྟར། སྤྱོད་པ་བ་དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་ཚད་མ། དེ་ལས་དོན་དངོས་སུ་རྟོགས་པ་འབྲས་བུར་འདོད། རྒྱལ་དཔོག་པ་དབང་པོ་གཟུགས་ཅན་པ་ཚད་མ། དོན་དངོས་སུ་རྟོགས་པ་འབྲས་བུར་འདོད། བྱེ་བྲག་པ་དབང་དོན་འབྲེལ་བ་ཚད་མ། དོན་དངོས་སུ་རྟོགས་པ་འབྲས་བུར་འདོད། རིག་པ་ཅན་པ་སྤྱི་སོགས་ཁྱད་པར་གྱི་བློ་ཚད་མ། ཁྱད་པར་ཅན་རྫས་འཛིན་གྱི་རྟོག་པ་འབྲས་བུར་འདོད། གྲངས་ཅན་བདག་གི་ཡོན་ཏན་འདུས་བྱས་ཚད་མ། དོན་དངོས་སུ་རྟོགས་པ་འབྲས་བུར་འདོད། དེ་ལ་ལོག་པར་རྟོག་པ་དེ་རྣམས་སེལ་བའི་ཚུལ་ནི། དེ་དག །བྱ་བ་ལ་ནི་ཆོད་པའི་ཕྱིར། །ཞེས་པ་ནས། མེད་ན་དེ་ཡང་བཞག་མེད་ཕྱིར། །ཞེས་པའི་བར་དུ་འཆད་དེ། དོན་རྟོགས་ཐུན་མོང་མིན་པར་འཇོག་ནུས་པ་ལ་དོན་གྱི་རྣམ་པ་ཤར་དགོས་པ་ལས། ཕྱི་རོལ་པ་འདོད་པའི་ཚད་མ་དེ་དག་ལ་དོན་གྱི་རྣམ་པ་སོ་སོར་མ་ཤར་བས་དོན་རྟོགས་སྒྲུབ་བྱེད་ཀྱི་ཚད་མར་འདོད་པ་དགག་སྟེ། ཚད་འབྲས་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་འདོད་པ་བཀག་ཟིན་པ་དེའི་ཕྱིར། རང་ལུགས་ནི་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱི་སྒོ་ནས། ཚད་འབྲས་ཀྱི་རྣམ་པར་བཞག་པ་འཆད་དེ། དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་བཞག །ཅེས་སོགས། དེའི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱ། ཁྱད་པར་གཉིས་ལྡན་གསུམ་ལྡན་གྱི་དོན་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུར་འདོད་དོ། །རང་རིག་གི་ཚད་འབྲས་ལ་ལོག་པར་རྟོག་པ་སེལ་བའི་ཚུལ་ནི། དོན་རིག་གང་ཡིན། ཞེས་པ་མན་གྱིས་སྟོན་ནོ། །འདི་དག་ལ་སྤྲོས་པ་རྒྱས་པར་འབྱུང་ཡང་། མདོར་ན། མངོན་སུམ་གྱི་ཡུལ་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་བཏགས་པ་མང་པོ་ཞིག་བྱས་པ་དེ་དག་གཟིགས་ནས། མངོན་གྱུར་གྱི་དོན་ཡང་རིགས་པའི་ལམ་ཉིད་དུ་ལེགས་པར་དྲངས་ནས་འཆད་པར་མཁས་པ་ནི་སྡེ་བདུན་མཛད་པ་ཁྱེད་ཁོ་ན་ཏེ། མངོན་གྱུར་གྲགས་པས་འཇོག་པ་ནི་གཞན་རིགས་པའི་ཚུལ་མི་ཤེས་པ་དག་གི་ལུགས་སོ།།

འདིར་ཡང་ཞེས་པ་ལྐོག་གྱུར་གཉིས་ཙམ་དུ་མ་ཟད་ཅེས་པའི་དོན་ནོ། །མངོན་གྱུར་གྱི་རྣམ་གཞག་རྒྱས་པར་བཤད་ཟིན་པ་དེས་ན། ངེས་པའི་དོན་ལ་འཇུག་པའི་ཚུལ་མདོ་ཙམ་ཞིག་འཆད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི་གཟུང་བ་ཕ་རོལ་གྱི་དོན་དང་། འཛིན་པ་དོན་སྣང་གི་རྣམ་པ་སྟེ། ཤེས་པ་བདེན་མེད་དུ་བསྒྲུབས་ནས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་པ་མངོན་སུམ་གྱི་ལེའུར་བཤད་པའི་ངེས་དོན་ཡིན་ནོ།།

གཉིས་པ་རྒྱས་པར་བཤད་པ་ལ། སེམས་ཙམ་པ་དང་། དབུ་མ་པའི་ལུགས་གཉིས་ལས། དང་པོ་ལ་ཕྱོགས་སྔ་མའི་འདོད་པ་དང་། དེ་འགོག་པའི་ཚུལ་ལོ། །དང་པོ་ནི་དོན་སྣང་གི་ཤེས་པ་ལ་གང་སྣང་བ་དེ་ཉིད་ཕྱི་རོལ་གྱི་དོན་དངོས་ཡིན་ནོ་ཞེས་འཇིག་རྟེན་ལ་བློན་པོའི་བློས་བརྟགས་ནས་བཞག་ཅིང་། བྱེ་བྲག་ཏུ་སྨྲ་བའི་གཞུང་གི་འཇིག་རྟེན་གྱི་གྲགས་པ་དེ་ཚད་མར་བཟུང་ནས། ཆོད་པ་མིན་ཕྱིར་རྣམ་ཤེས་མིན། །དབང་པོ་རྟེན་བཅས་ལྟ་བྱེད་ལོ། །ཞེས་རྟེན་བཅས་ཀྱི་དབང་པོས་ཕྱི་རོལ་གྱི་དོན་རྟོགས་པ་ཡིན་ཞེས་འཆད་དོ།།

གཉིས་པ་དེ་འགོག་པའི་ཚུལ་ནི། ཇི་སྐད་དུ། དོན་དུ་ཡོད་མིན་སེམས་ཉིད་དེ། །ཞེས་དང་། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་ལྟར། སེམས་སྣང་ལས་ལོགས་སུ་གྱུར་པའི་དོན་མེད་པ་དང་། སྣང་བ་ཡང་སེམས་སུ་བསྒྲུབས་ནས་འཆད་དེ། གང་ཞེ་ན། དོན་སྣང་གི་ཤེས་པ་དོན་དུ་སྣང་བ་ཆོས་ཅན། ཤེས་པ་ཡིན་ཏེ། གསལ་ཞིང་རིག་པ་ཡིན་པའི་ཕྱིར། ཞེས་དང་། དེ་ཕྱིར་གཅིག་དང་ཚུལ་གཉིས་ཡོད། །ཅེས་པ་ལྟར། ནང་རྟག་འཛིན་དང་། ཕྱི་རྟག་བཟུང་རྣམས་ཀྱི་ཚུལ་གཉིས་སུ་བསྒྲུབས་པའི་རིགས་པའི་སྒོ་ནས་བློ་ལ་གང་སྣང་བ་ཐམས་ཅད་སེམས་སུ་བསྒྲུབས་ནས། དོན་སྣང་གི་ཤེས་པས། དོན་དངོས་ལ་འཛིན་པར་འདོད་པའི་གྲུབ་མཐའ་པ་སྟེ། ཤེས་པ་རྣམ་བཅས་སུ་སྨྲ་བའི་ཚུལ་དེ་ཡང་། ཆོས་ཀྱི་བདག་མེད་པའི་སྒོ་གཅིག་ཡིན་ནོ། །འདིས་ནི་ཆོས་ཀྱི་བདག་མེད་པ་ཇི་ལྟར་གཏན་ལ་ཕབ་ཅེ་ན། ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་སོགས་ལས་ལོགས་སུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་པར་བསྒྲུབས་པ་ཉིད་ཀྱིས་སོ། །འདིར་ཕྱི་རོལ་གྱི་དོན་མེད་པར་བཤད་པ་ལ། རྒྱུ་གཞན་དག་ནི་ཡོད་ན་ཡང་། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔོག་འགྱུར། །ཞེས་དབང་ཡིད་ལས་གཞན་པའི་རྒྱུ་ཕྱི་རོལ་གྱི་དོན་ཡོད་པར་སྒྲུབ་པ་ལ། དེ་མེད་ན་དོན་སྣང་གི་ཤེས་པ་མི་སྐྱེ་ཞིང་། ཡོད་ན་རེས་འགའ་སྐྱེ་བ་རྟགས་སུ་བཀོད་པའི་གཏན་ཚིགས་དེ་ཉིད་ཀྱིས། ཕྱི་རོལ་གྱི་དོན་བདེན་པར་གྲུབ་བོ་ཅེས་པ། མདོ་སྡེ་སྨྲ་བའི་གཞུང་ལས་འབྱུང་ངོ་།།

དེ་ཉིད་མི་འཐད་པའི་ཚུལ་ནི། འདིར་འགའ་ཞིག་ནི་འགའ་ཞིག་གི །བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་དང་། གལ་ཏེ་མཚུངས་པ་དེ་མ་ཐག །རྐྱེན་ལས་ངེས་པར་མི་སྨྲ་ནའོ། །ཞེས་དོན་སྣང་གི་ཤེས་པ་རང་གི་མཚུངས་པ་དེ་མ་ཐག་རྐྱེན་ལས་སྐྱེ་བར་མི་སྨྲ་ན། རིགས་པ་དེ་ཉིད་འཇུག་ཀྱང་དོན་སྣང་གི་ཤེས་པ་སྐྱེ་བ་ཕྱི་རོལ་གྱི་དོན་ལ་ལྟོས་པ་མ་ཡིན། ཤེས་པ་སྔ་མའི་བག་ཆགས་སད་པ་ལས་སྐྱེ་བའི་ཕྱིར། ཞེས་དང་། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་སུ་འབྱུང་བ་ལྟར་གཅིག་དང་དུ་བྲལ་གྱི་རིགས་པས་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་བསྒྲུབས་ཏེ། གཟུང་འཛིན་རྫས་གཞན་དུ་འདོད་པ་ཉིད་ཐོག་མར་བཀག །འདིའི་སྐབས་སུ་ཕྱི་རབས་པ་རྣམས་ཀྱིས་ཕྱི་རོལ་གྱི་དོན་མེད་ཀྱང་གཟུགས་སྒྲ་སོགས་ཡོད་པར་ཁས་ལེན་པ་ནི་ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གི་གསུངས་པ་སྟེ། །ཞེས་དང་། དེ་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འགའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པའི་མདོར། དྲང་དོན་དགོངས་པ་ཅན་དུ་བཤད་པ་མ་གོ་བའི་སྐྱོན་ནོ།།

གཉིས་པ་དབུ་མ་པའི་ལུགས་ནི། ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང་། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཅེས་དང་། སུམ་ཅུ་པར། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་འབྱུང་བ་ལྟར། གཟུང་བ་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ན། འཛིན་པ་དོན་སྣང་གི་ཤེས་པ་མེད་པ་དང་། རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །བློ་དངོས་ཐ་དད་མཐོང་མེད་ཕྱིར། །ཐ་དད་མེད་པ་ངེས་པར་འགྱུར། །ཞེས་འབྱུང་བ་ལྟར། གཅིག་དང་དུ་མར་མེད་པའི་གཏན་ཚིགས་ཀྱི་གཟུང་བ་ཕྱི་རོལ་དོན་གྱི་རྣམ་པ་བདེན་མེད་ཡིན་པར་ལེགས་པར་གྲུབ་པར་བྱས་ནས། ཇི་ལྟ་ཇི་ལྟར་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །གཅིག་ལ་སྣ་ཚོགས་དེ་ཅི་འགྱུར། །བློ་དེ་ལ་ཡང་མི་འགྱུར་རོ། །ཞེས་དགག་གཞི་དོན་སྣང་གི་ཤེས་པའི་སྟེང་དུ། དགག་བྱ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཚུལ་དེ་བར་དུ་བཤད་ནས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་འཁོར་འདས་ཀྱི་ཆོས་ཀུན་གྱི་དེ་ཉིད་དང་། འགྱུར་མེད་ཡོངས་གྲུབ་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་སྡེ་བདུན་མཛད་པ་ཁྱོད་ཀྱིས་ཐ་མར་བཤད་དོ། །ཚུལ་དེ་དང་མཐུན་པར། ཤེས་རབ་ཕ་རོལ་ཕྱིན་པ་དང་། །ཡང་དག་མཐའ་དང་དེ་བཞིན་ཉིད། །ཅེས་སོགས་འབྱུང་ངོ་།།

གཉིས་པ་ལུགས་གཉིས་བསྡུས་ཏེ་གཏན་ལ་ཕབ་པ་ལ། ཚད་མ་ལ་འཕྲོས་ནས་བློ་ཚུལ་གཉིས་སུ་སྒྲུབ། འབྲས་བུ་ལ་འཕྲོས་ནས་བློ་རང་རིག་ཏུ་སྒྲུབ་པའོ། །དང་པོ་ནི་མདོར། ཡུལ་ཤེས་པ་དང་དེ་ཤེས་པའི་དབྱེ་བ་བློ་ནི་ཚུལ་གཉིས་ཉིད། ཅེས་པའི་དོན་བཤད་པ་ལས་འབྱུང་སྟེ། ཡུལ་རྣམས་ལས་ནི་བྱུང་བ་ཡི། །རྣམ་པར་ཤེས་པ་ཐམས་ཅད་དག །ཅེས་པ་ནས། ཐ་དད་གསལ་བ་མེད་པ་ལ། །རྣམ་འབྱེད་བློ་མེད་མཚེ་སོགས་བཞིན། །ཞེས་པའི་བར་དུ་འབྱུང་། དེ་ཡང་དེ་དག་ཉིད་ཀྱིས་མྱོང་བ་ལ་རྩ་བ་འགའ་ཡང་ཡོད་མ་ཡིན། ཞེས་ནང་ལྟ་འཛིན་རྣམ་གྱི་ཆ་སྒྲུབ་མི་དགོས་ཀྱི། ཕྱི་ལྟ་གཟུང་རྣམ་གྱི་ཆ་དོན་རྣམ་བདེན་དུ་མ་གྲུབ་པས། དེ་སྒྲུབ་པར་བྱ་བ་ཡིན་ཏེ། དེ་དོན་རང་བཞིན་ཉིད་མ་གྲུབ། །ཅེས་འབྱུང་བས་སོ།།

ཚུལ་དེ་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ། རང་ཉིད་ཀྱི་རིགས་པས་སྒྲུབ་པ། སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ་སོགས་རྣམ་པར་སྤྲོས་པ་རྒྱས་པ་འབྱུང་ཡང་། ཞིབ་མོར་གཞན་ལས་ཤེས་པར་བྱ་ཞིང་། འབྲས་བུ་ལ་འཕྲོས་ནས་བློ་རང་རིག་ཏུ་སྒྲུབ་པའི་ཚུལ་ནི། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་པ་ནས། གསལ་ན་འགྲོ་འདི་གསལ་བར་འགྱུར། །ཞེས་པའི་བར་དུ་འབྱུང་། འདི་ཡང་མདོར། རང་རིག་པ་ཉིད་དུ་ཡང་ངོ་། །མ་མྱོང་བ་ནི་མེད་ཕྱིར་རོ། །ཞེས་པའི་དོན་བཤད་པའི་སྒོ་ནས་མདོ་མཛད་པའི་རིགས་པས་སྒྲུབ་ཚུལ་གཉིས་དང་། རང་རིག་པ་ལ་སྒྲུབ་བྱེད་མི་རིགས་པ་ལ་གནོད་བྱེད། སླར་ཡང་རང་རིག་པའི་སྒྲུབ་བྱེད་སོགས་རྣམ་འགྲེལ་མཛད་པ་རང་ཉིད་ཀྱི་རིགས་པས་སྒྲུབ་ཚུལ་སྤྲོས་པ་རྒྱས་པར་འབྱུང་ངོ་།།

མདོར་ན་དོན་སྣང་གི་ཤེས་པ་ཆོས་ཅན། གཟུང་འཛིན་གྱི་ཚུལ་གཉིས་པ་ཅན་ཡིན་ཏེ། དེ་ལྟར་དུ་དྲན་ཤེས་ཀྱིས་དྲན་པའི་ཕྱིར། ཞེས་པའམ། ཡང་ན་ནང་ལྟ་འཛིན་རྣམ་གྱི་ཆ་མངོན་སུམ་གྱིས་གྲུབ་པའི་ངོར། ཡུལ་གཟུགས་སོགས་རྣམས་ལས་བྱུང་བའི་རྣམ་པར་ཤེས་པ་ཐམས་ཅད་ཆོས་ཅན།  ཡུལ་དེ་ལས་གཞན་དབང་པོ་སོགས་ཁྱོད་ཀྱི་རྒྱུ་ཡིན་ན་ཡང་། ཁྱོད་ལ་ཡུལ་གྱི་རྣམ་པ་སྣང་བར་འགྱུར་ཏེ། དངོས་པོའི་ཆོས་ཉིད་ཀྱི་རྣམ་པ་འགས་དེར་འགྱུར་བའི་ཕྱིར། ཞེས་པ་ལྟ་བུ་དོན་སྣང་གི་ཤེས་པ་གཟུང་འཛིན་གྱི་ཚུལ་གཉིས་པ་ཅན་དུ་སྒྲུབ་བྱེད་དང་། རང་གི་ངོ་བོར་གྱུར་སྣང་བ། །དེ་ཚོ་མྱོང་བར་གྲུབ་ཕྱིར་རོ། །ཞེས་པ་ལྟར། དོན་སྣང་གི་ཤེས་པ་ཆོས་ཅན། རང་མྱོང་བར་གྲུབ་སྟེ། རང་གི་ངོ་བོར་གྱུར་པའི་རྣམ་པ་སྣང་བའི་ཕྱིར། ཞེས་པ་ལྟ་བུ་རང་རིག་པ་སྒྲུབ་བྱེད་ཀྱི་རིགས་པས་དོན་སྣང་གི་ཤེས་པ་དོན་གྱི་རྣམ་པ་དང་བཅས་པར་གྲུབ་པ་ན། འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། །ཞེས་པ་ནས། མྱོང་ལ་མེད་པ་ཅིའི་ཕྱིར། །ཞེས་པའི་བར་དང་། ཕྱི་རོལ་དོན་ནི་ཡོད་ན་ཡང་། །ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སྐབས་མང་པོར་འབྱུང་བ་ལྟར། ཕྱི་རོལ་གྱི་དོན་རྟོགས་པའི་མངོན་སུམ་མི་བཞེད་ཀྱང་། མངོན་སུམ་སོ་སོར་རིག་བྱ་ཡང་། །དེ་ཡི་དེ་ནི་བདག་ཉིད་ཡིན། །དེས་ན་ཉམས་མྱོང་བྱ་གཞན་མེད། །དེ་ལའང་མྱོང་བ་གཞན་ཡོད་མིན། །དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེར་ནི་རང་ཉིད་གསལ་བ་ཡིན། །ཞེས་དང་། བློ་ཉིད་དེ་ལས་ཐ་དད་གཞན། །དེ་ཤེས་གང་ཡིན་ཅུང་ཟད་ཀྱང་། །རྟོགས་མེད། ཅེས་མྱང་བྱ་མྱོང་བྱེད་རྫས་གཞན་དུ་མེད་པར་རྟགས་ཀྱིས་བསྒྲུབས་ནས། ཁ་ཕྱིར་ལྟའི་ཤེས་པ་ཀུན་རང་རིག་ཡིན་པའི་ཚུལ་བཤད་པ། མདོ་སྡེ་སྨྲ་བའི་གྲུབ་མཐའི་རྩ་བ་བསྡུས་པར་སྡེ་བདུན་མཛད་པ་ཁྱོད་ཀྱིས་བཤད་དོ།།

རྣམ་རིག་པའི་ལུགས་བསྡུས་ཏེ་བསྟན་པ་ནི། ཇི་སྐད་དུ། ལང་ཀར་གཤེགས་པ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང་། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་རྣལ་འབྱོར་སྤྱོད་པ་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས་སུ་བཤད་པ་ལས། སེམས་ཙམ་པ་ནི། སེམས་ལ་མི་སྣང་བའི་དོན་མེད་པ་དང་། སེམས་སྣང་ཤེས་པར་འདོད་ལ། དེ་ལ་ཡང་སྣང་ཙམ་གྱི་ཆ་ལ་གཉིས་ལས། ཕྱི་མ་ནི་ཤེས་པ་ལྟ་ཞོག །དངོས་པོ་ཙམ་དུ་ཡང་མི་རུང་སྟེ། རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་པའི་ཕྱིར། སྔ་མ་སྣང་ཙམ་གྱི་ཆ་ནི་རྟོགས་མེད་ཀྱི་ཤེས་པ་ལ་སྣང་བ་ལྟ་ཅི་སྨོས། རྟོག་པ་ལ་སྣང་བ་ཐམས་ཅད་ཀྱང་ཤེས་པ་ཡིན་ཏེ། ཇི་སྐད་དུ། སུམ་ཅུ་པ་ལས། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་བདག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་འགྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་དང་། ཉི་ཤུ་པ་ལས། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གི །སྐྲ་ཟླ་ལ་སོགས་མེད་མཐོང་ཞིང་། །ཞེས་དང་། དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། །ཞེས་དང་། གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་གསུངས་པས་སོ། །འདི་སྒྲུབ་པའི་ཚུལ་ལ་ཕྱིར་རྒོལ་གྱི་འདོད་པ་བསམས་ཤིང་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ་ནི། བྱེ་བྲག་ཏུ་སྨྲ་བས་སྔོ་སྣང་དབང་ཤེས་དང་། སྔོན་པོར་སྣང་བ་རྫས་གཞན་དུ་ཁས་ལེན་ལ། དེའི་ངོར། སྔོ་སྣང་དབང་ཤེས་དང་སྔོན་པོར་སྣང་བ་ཆོས་ཅན། རྫས་གཞན་མིན་ཏེ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་བཀོད་པས་ཆོག་ལ། མདོ་སྡེ་པ་ལ་ནི་འདི་ལྟར་བརྟག་པར་བྱ་སྟེ། དོན་སྣང་གི་ཤེས་པ་ལ་རང་ལས་རྫས་གཞན་དུ་གྱུར་པའི་དོན་སྣང་མི་སྣང་། སྣང་ན་དེ་དོན་དང་ཤེས་པ་གང་ཡིན། དང་པོ་ལྟར་ན་དོན་སྣང་གི་ཤེས་པ་དང་ཕྱི་རོལ་དོན་དུ་སྣང་བ་ཆོས་ཅན། རྫས་གཞན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཕྱི་རོལ་གྱི་དོན་ཡོད་པ་མིན་ཏེ། དོན་དུ་སྣང་བ་ནི་ཤེས་པ་ཡིན། དེ་ལས་ཡན་གར་དུ་གྱུར་པ་མེད་པའི་ཕྱིར། དེ་སྐད་དུ་ཡང་། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་གསུངས་སོ།།

གཉིས་པ་མི་སྣང་བར་ལྟར་ན། དབང་ཤེས་ཀྱི་དམིགས་པའི་ཡུལ་འདིར་ཆོས་ཅན། ཕྱི་རོལ་གྱི་དོན་མེད་དེ། སྣང་རུང་གི་དོན་མེད་ཕྱིར། དེ་ལྟ་བུའི་རིགས་པ་གཉིས་འགོད་པ་ཡང་། རྣམ་པར་ངེས་པ་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་གྲུབ་མི་འགྱུར། །ཞེས་སྦྲེལ་ནས་ཀྱང་གསུངས་ཤིང་། དེ་དག་གི་འགྲེལ་པ་ལས་གསལ་བར་ཤེས་སོ།།

མདོར་ན་ཇི་སྐད་དུ། ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཞེས་ཕྱི་རོལ་གྱི་དོན་མེད་བཞིན་དུ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་བློ་འཁྲུལ་པ་ལ་ཡོད་པར་སྣང་བ་དང་། སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་བཀག་ནས། གཟུང་བ་ཆོས་ཀྱི་བདག་མེད་པའི་ལྟ་བ་སྟོན་ཚུལ་རྒྱས་པར་འབྱུང་བ་འདི་ནི། སེམས་ཙམ་པའི་གྲུབ་པའི་མཐའི་རྩ་བ་སྟེ། རང་རྒྱལ་གྱི་ཐེག་པ་དང་སྦྲེལ་ནས་བཤད་དུ་རུང་ངོ་།།

དེ་ལྟར་གཟུང་བ་ཕྱི་རོལ་གྱི་དོན་བདེན་པ་བཀག་པ་ན། དོན་སྣང་ཤེས་པ་གཅིག་ལ་དོན་སྣ་ཚོགས་སུ་སྣང་བ་དེ་སྤྱིར་འགྱུར་ཞེ་ན། རྣམ་པ་དེ་ཡང་ཆོས་ཅན། བདེན་པར་མེད་དེ། གཅིག་དང་དུ་མ་གང་དུ་ཡང་དག་མ་གྲུབ་པའི་ཕྱིར། ཞེས་པ་ལྟ་བུ་དང་། དེ་ལ་གཅིག་ནི་མེད་པས་ཀྱང་། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་འབྱུང་བ་ལྟར། གཟུང་བ་ཕྱི་རོལ་གྱི་དོན་མེད་པ་ན། དེ་འཛིན་གྱི་རྣམ་པའང་དངོས་པོར་མེད་པའི་ཚུལ་འཆད་པ་ནི། རྣམ་རིག་སྨྲ་བའི་གྲུབ་པའི་མཐའི་རྩ་བར་གསུངས་སོ། །འདིར་རྣམ་རིག་པ་ཞེས་པ་སེམས་ཙམ་པ་ཁོ་ན་ལ་གོ་བར་མི་བྱ་སྟེ། རྣལ་འབྱོར་སྤྱོད་པ་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས་སུ་དབྱེ་བ་དེ་མ་ཤེས་པར་རྣམ་རིག་པ་གཞིར་བྱས་ལ། རྣམ་པ་ལ་ཤེས་པས་ཁྱབ་པར་ཁས་ལེན་པ་དང་། ཞེས་གསུངས་སོ།།

སྐབས་འདིར་ཕྱི་རོལ་གྱི་དོན་མེད་པར་བཤད་པ། འཁོར་ལོ་དང་པོ་དང་འགལ་ལོ། །ཞེ་ན། མིན་ཏེ། འཁོར་ལོ་དང་པོར་དེ་ལྟར་གསུངས་པ་ལ་དགོངས་གཞི་དགོངས་པ་དངོས་ལ་གནོད་བྱེད་གསུམ་ཚང་དགོས་པའི་ཕྱིར། དེ་ཡང་དགོངས་གཞི་ནི། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་ཡིན། །ཞེས་པ་དེའོ། །དགོས་པ་ནི། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་སོ།།

དངོས་ལ་གནོད་བྱེད་ནི། དམྱལ་བ་ཡི་དྭགས་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །འདིར་ནི་འཁོར་ལོ་གསུམ་པ་ཡི། །ངེས་དོན་རིགས་པའི་ལམ་ལས་དྲངས། གང་དག་རྟོག་གེའི་སྲོལ་ལ་ནི། །ཐར་ལམ་མེད་ཅེས་སྨྲ་བ་འཁྲུལ།།

གཉིས་པ་ངེས་དོན་བདག་མེད་གཉིས་གཞན་ལ་སྟོན་པའི་སྒོ་སྒྲུབ་པ་དང་། སུན་འབྱིན་གྱི་གནས་སུ་བཤད་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་གོང་དུ་དེ་ལྟར་བཤད་པའི་བདག་མེད་གཉིས་ཀྱི་ལྟ་བ་ནི། རང་གིས་ཇི་ལྟར་རྟོགས་པ་བཞིན་གཞན་ལ་ཡང་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། སྒྲུབ་པའི་ངག་དང་། བསྒྲུབ་བྱའི་སྐྱོན་རྣམས་ཇི་ལྟར་སེལ་བའི་ཚུལ་གཞན་དོན་ལེའུར། གཞལ་ལ་བསྟན་པར་བྱ་ཉིད་ཕྱིར། །ཞེས་པ་ནས། འབྲས་བུའི་ལས་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། །ཞེས་པའི་བར་དུ་བཤད་དོ།།

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་གི་ཕྱོགས་སྒྲུབ་པ་རང་རྒྱུད་དང་། གཞན་གྱི་ཕྱོགས་འགོག་པ་ཐལ་འགྱུར་གྱི་རྣམ་པར་གཞག་པ། དེ་གཉིས་ཀྱི་གྲུབ་དོན་བསྒྲུབ་བྱ་བཤད་པའོ། །དང་པོ་ནི། སྒྲུབ་ངག་གི་རྣམ་པར་དབྱེ་བ་གང་། དེའི་སྐྱོན་སེལ་བའི་ཚུལ་ཅི་ཞེ་ན། །ཚུལ་གསུམ་སྟོན་པ་སྒྲུབ་པའི་ངག །ཅེས་དང་། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་པའི་ཤུགས་ལ་གྲུབ་པ་ལྟར། ཚུལ་གསུམ་རྒོལ་བའི་ཚད་མའི་ལམ་དུ་བསྟན་པར་བྱས་ནས། དོན་གྱི་དོན་རྟོགས་ཕྱིར་དོན་ལ། །ཞེས་སོགས་སྐབས་སུ་འབྱུང་བ་ལྟར། རང་ཉིད་ཀྱི་སྒྲུབ་པར་བྱ་རྒྱུའི་དོན་དེ་ཉིད་ངག་གམ་ཚིག་ཟིན་དུ་མ་བརྗོད་པར། གཏན་ཚིགས་རང་ཉིད་སྒྲའི་སྐྱོན་སྤངས་ཏེ། གསལ་བར་བརྗོད་པས་དམ་བཅའི་དོན་ཏེ། བསྒྲུབ་བྱ་རྟོགས་པའི་བློ་རྗེས་དཔག་སྐྱེ་བ་ནི་སྒྲུབ་པའི་ངག་ཡིན་ཏེ། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་དང་། ནུས་པ་མེད་ཀྱང་ནུས་སྟོན་བྱེད། །ཅེས་གསུངས་སོ། །དེ་ལ་ཡང་རང་དོན་དང་། གཞན་དོན་སྐབས་ཀྱི་དབྱེ་བ་གཅིག་འབྱུང་བ་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི། སྐབས་བབ་ཀྱི་རྒོལ་བ་རང་གི་ཚད་མས་མཐོང་བའི་སྐབས་བབ་ཀྱི་ཚུལ་གསུམ་སྐབས་བབ་ཀྱི་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་སྟོན་པའི་སྐབས་བབ་ཀྱི་རྣམ་གཞག་ཅིག་སྟེ། གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག །ཅེས་དང་། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས་སོ།།

མདོ་འདིའི་རྐང་པ་དང་པོས། མཚོན་བྱ་གཞན་དོན་རྗེས་དཔག་གི་ཐ་སྙད་བསྟན། གཉིས་པས་མཚན་ཉིད་བསྟན་པར་མཐུན་ལ། དེ་ལྟ་ན་ཡང་ཁྱད་པར་ནི། རྔོག་ལོ་ཆེན་པོས་རང་གིས་མཐོང་། །ཞེས་པས་ཀུན་སློང་གི་ཁྱད་པར་བསྟན། དོན་ཞེས་པས་བརྗོད་བྱའི་ཁྱད་པར་བསྟན། གསལ་བྱེད་ཅེས་པས་ངོ་བོའི་ཁྱད་པར་བསྟན། ཞེས་གསུངས་སོ། །རིགས་པའི་དབང་ཕྱུག་ཕྱྭ་པས་དོན་ཞེས་པ་ཚུལ་གསུམ། མཐོང་བ་ཞེས་པ་ཚུལ་གསུམ་པོ་དེ་རྒོལ་བའི་ཚད་མས་ངེས་པ་ལ་བྱ། རབ་གསལ་ཞེས་པ་དོན་དེ་ཉིད་རྒོལ་བ་གཞན་ལ་མི་བསླུ་བའི་ཡུལ་དུ་གྲུབ་པར་སྟོན་པའོ། །ཞེས་གསུངས། ས་སྐྱ་པཎྜི་ཏ་ཆེན་པོས། དོན་ཞེས་པས་ངག་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་རྟགས་དེའི་ཚུལ་གསུམ་ཚང་དགོས་པར་བསྟན། རང་གིས་མཐོང་བ་ཞེས་པས་དོན་དེ་ཉིད་ཚད་མའི་སྟོབས་ཀྱིས་མཐོང་དགོས་པར་བསྟན། རབ་གསལ་བྱེད་ཅེས་པས་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱར་བྱས་པའི་ངག་དེས། ཚུལ་གསུམ་པོ་དེ་ཉིད་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་བསྟན་པ་ཡིན་པར་བཤད་དོ།།

ཕྱི་རབས་པ་ཁ་ཅིག་མཐོང་ཞེས་པས་ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་རྟགས་ཡང་དག་ཡོད་པ་སེལ། དོན་ཞེས་པ་སྒྲ་རྟག་པར་ལུང་ལས་བཤད་པ་སོགས། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་སེལ་བྱེད་དུ་སྦྱོར་བ་ནི། སྒྲུབ་ངག་དང་དེའི་བརྗོད་བྱ་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་སེལ་ཚུལ་སོ་སོར་མ་ཕྱེད་པ་ཡིན་ནོ། །རང་གི་ལུགས་ནི་མཐོང་བ་རབ་གསལ་བྱེད་ཅེས་པས། ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་མཐོང་བའི་གཏན་ཚིགས་བརྗོད་བྱར་བྱས་པའི་གཞན་དོན་རྗེས་དཔག་ཡོད་པ་སེལ་ཏེ། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །ཞེས་པ་ནས། གཅིག་མེད་ན་གཞན་དགག་ཕྱིར་ཡིན། །ཞེས་པའི་བར་དུ་གསལ་ལོ། །དོན་རབ་གསལ་བྱེད་ཅེས་པས། སྒྲ་རྟག་པར་སྒྲུབ་པ་ལ། རྟག་པར་ལུང་ལས་བཤད་པ་རྟགས་སུ་བཀོད་པ་ལྟ་བུ་རྟོག་པས་སྒྲོ་བཏགས་པའི་རྟགས་རྣམས་བརྗོད་བྱར་སྟོན་པའི་ངག་རྣམས་གཞན་དོན་རྗེས་དཔག་ཡིན་པ་སེལ་ཏེ། དོན་སྨོས་དེ་ནི་སྒྲ་དག་དང་། །ཞེས་པ་ནས། བཏགས་པ་དག་ནི་འཁྲུལ་བ་ཡིན། །ཞེས་པའི་བར་དུ་གསལ་ལོ།།

མདོར་ན་གཞན་དོན་རྗེས་དཔག་ཅེས་པའི་དོན། རྒོལ་བ་གཞན་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བས་ན། གཞན་དོན་ཞེས་དང་། རྗེས་དཔག་དེའི་རྒྱུ་ཡིན་པས་རྗེས་དཔག་ཅེས་པའི་མིང་གིས་བཏགས་པ་ཙམ་ཡིན་ཏེ། རྣམ་པར་ངེས་པ་ལས། ཚུལ་གསུམ་པ་ཅན་གྱི་རྟགས་སྟོན་པར་བྱེད་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་འདི་ལ་གང་ཟག་གི་དགོས་པའི་བརྗོད་ཚུལ་གྱི་སྒོ་ནས་རྣམ་པར་དབྱེ་བ་དུ་མ་འབྱུང་སྟེ། གང་ཞེ་ན། ཚད་མ་རྒྱན་ལས། རང་ནི་རྒོལ་བ་དང་། ཕྱིར་རྒོལ་བ་དང་། ཡོད་ན་ཉན་པར་བྱེད་པའི་དཔང་པོ་དང་བཅས་པའོ། །ཞེས་པ་ལྟར། གང་ཟག་གི་སྒོ་ནས་སྔ་རྒོལ་གྱིས་བཀོད་པའི་དང་། ཕྱི་རྒོལ་གྱིས་བཀོད་པའི་དང་། དཔང་པོས་རྗེས་སུ་བརྗོད་པའི་གཞན་དོན་རྗེས་དཔག་གསུམ་དང་། དགོས་པའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པའི་ཕྱིར་དུ་དང་། དགག་བྱ་འགོག་པའི་ཕྱིར་དུ་བརྗོད་པ་གཉིས། བརྗོད་ཚུལ་གྱི་སྒོ་ནས། རང་རྒྱུད་དང་སུན་འབྱིན་གྱི་གཞན་དོན་རྗེས་དཔག་གཉིས་སོ། །དེ་དག་ལའང་། ཚུལ་གསུམ་ཀ་བརྗོད་པ་དང་། རྐྱང་པ་བརྗོད་པའི་དབྱེ་བས་གཉིས་གཉིས་སུ་འགྱུར་ཞིང་། གསུམ་ཀ་བརྗོད་པ་ལ་ཡང་ཆོས་མཐུན་སྦྱོར་དང་། མི་མཐུན་སྦྱོར་གཉིས། རྐྱང་པ་བརྗོད་པ་ལ་ཕྱོགས་ཆོས་དང་རྗེས་འགྲོ་དང་ལྡོག་རྐྱང་བརྗོད་པའི་དབྱེ་བས་གསུམ་མོ། །དེ་དག་གི་མཚན་གཞི་ངོས་འཛིན་སོགས་རྣམ་གཞག་རྒྱས་པ་རྟོག་གེའི་སྙིང་པོ་ལྟ་བུ་ལས་ཤེས་པར་བྱའོ།།

འདིར་སྒྲུབ་ངག་གི་སྐྱོན་ནི་གསུམ་ཏེ། དོན་སྐྱོན་བློ་སྐྱོན་སྒྲ་སྐྱོན་ནོ། །དེ་སྐད་དུ་ཡང་། དོན་བློ་སྒྲ་ཡི་དབྱེ་བ་ཡིས། །ལྟར་སྣང་དེ་ཡང་རྣམ་པ་གསུམ། །ཞེས་གསུངས་སོ། །དེ་ལ་དོན་སྐྱོན་ནི་ཚུལ་གསུམ་མ་བསྟན་པ་ལྟ་བུའོ། །འདིར་ཚུལ་གསུམ་མ་ཚང་བ་སྒྲུབ་ངག་གི་སྐྱོན་མིན་ཏེ། དེའི་བརྗོད་བྱར་གྱུར་པའི་རྟགས་ཀྱི་སྐྱོན་ཡིན་པའི་ཕྱིར། བློ་སྐྱོན་ནི་ཚུལ་གསུམ་དང་སྒྲུབ་ངག་གི་རྣམ་དབྱེ་མི་ཤེས་པས་བཀོད་པའོ། །སྒྲ་སྐྱོན་ནི་ངག་མི་གསལ་བ་དང་། ངག་ལྷག་ཆད་ཅན་དང་། དམ་བཅའ་འདྲེན་པའི་ངག་ཏུ་སྦྱར་བ་དང་། རྣམ་དབྱེ་ལྔ་པ་སྦྱར་བ་ལྟ་བུའོ། །སྐྱོན་གསུམ་པོ་དེ་དག་ཐམས་ཅད་གཞན་དོན་རྗེས་དཔག་གི་མཚན་ཉིད་བཞག་པས་སེལ་བར་ནུས་སོ། །སྐབས་འདི་དག་ཏུ་བོད་ཕྱི་མས་རང་རྒྱུད་འགོད་ལུགས་སྐྱོན་དང་བཅས་པ་འདི་ལྟར་བྱས་ཏེ། ཕྱི་རྒོལ་བས་སྒྲ་དངོས་པོ་མིན་པར་ཁས་བླངས་པ་ལ། སྔ་རྒོལ་གྱིས་སྒྲ་ཆོས་ཅན། དངོས་པོར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། །ཞེས་ཐོག་མར་རང་གི་ཕྱོགས་ཐལ་བའི་སྒོ་ནས་སྒྲུབ་པར་བྱེད་ཅིང་། དེ་ལ་ཁྱབ་པ་མ་གྲུབ་པ་ལ་ཚད་འབུད་དང་། རྟགས་མ་གྲུབ་ན། དོན་བྱེད་ནུས་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། མ་གྲུབ་པའི་སྒྲུབ་བྱེད་བཀོད་ནས། སླར་ཡང་དེ་སྒྲུབ་པའི་ཕྱིར་རྩོད་གཞི་རྟགས་སུ་འགོད་པ་ལ་བག་ཚ་བར་མི་བྱེད་པར། མི་རྟག་པར་ཐལ། སྒྲ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ངན་རྟོག་གིས་སྒྲུབ་པའི་ཤེས་བྱེད་ཀྱི་ཕྲེང་བ་རིམ་པར་བཀོད་ནས། ཐ་མར་ཁྱབ་པ་ཚད་འབུད་བྱེད་པ་ཙམ་མ་གཏོགས་རྩ་བའི་བསྒྲུབ་བྱ་རྟོགས་པའི་བློ་སྐྱེ་བ་ལྟ་བུའི་གྲུབ་དོན་སྟོན་རྒྱུ་ཅི་ཡང་མེད་པ་འདི་སྡེ་བདུན་མཛད་པ་ཁྱོད་ཀྱི་གཞུང་ལས་འབྱུང་བ་མིན་ཞིང་། སྐབས་ཀྱི་རྒོལ་བ་ཚར་བཅད་ཀྱི་གནས་སུ་འགྱུར་ཏེ། སྒྲུབ་བྱེད་ཡང་དག་འགོད་རྒྱུ་ཡོད་བཞིན་དུ། མ་གྲུབ་པའི་སྒྲུབ་བྱེད་བཀོད་པའི་ཕྱིར། འོ་ན་གཞུང་ལས། རང་རྒྱུད་འགོད་ཚུལ་ཇི་ལྟར་འབྱུང་ཞེ་ན། གཞི་གཅིག་ལ་མཚོན་ན། ཕྱི་རོལ་རྒོལ་བས་སྒྲ་མི་རྟག་པ་དང་། དེའི་སྒྲུབ་བྱེད་ལ་ཤེས་འདོད་ཞུགས་ནས་དྲིས་པའི་ཚེ་སྔ་རྒོལ་མཁས་པས་རྟགས་བཀོད་པ་དང་ཚུལ་སྒྲུབ་པའོ།།

དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཕྱིར་རྒོལ་བས་ཕྱོགས་ཆོས་དང་འབྲེལ་པའི་སྒྲུབ་བྱེད་དྲིས་པ་ན། ལྟོས་མེད་དང་གནོད་པ་ཅན་གྱི་གཏན་ཚིགས་དང་། རྒྱུ་རྐྱེན་ལས་སྐྱེས་པའི་གཏན་ཚིགས་གསུམ་གྱི་བྱེད་པས། ཕྱོགས་ཆོས་དང་འགྲེལ་པ་ལྟོས་གཞི་སོ་སོའི་སྟེང་དུ་ཤེས་པར་བྱེད་དོ། །དེ་ལྟར་ཤེས་ཤིང་ཚུལ་གསུམ་དྲན་ལམ་དུ་མ་ཤར་བ་དེ་ལ་ནི་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ཞེས་བྱ་ལ། དེའི་ངོར་གང་ཅུང་ཟད་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་འགོད་ལ། དེ་ལ་བརྟེན་ནས་ཚུལ་གསུམ་དྲན་པའི་བློ་སྐྱེ་ཞིང་། དེའི་སྐད་ཅིག་གཉིས་པར་རྟགས་ཅན་རྗེས་དཔག་སྐྱེ་བའི་ཚུལ་ནི་རིགས་པའི་གཞུང་ལས་འབྱུང་ལ། བོད་ཕྱི་མས་རང་རྒྱུད་འགོད་པའི་རྒོལ་བ་དེ་དག་ལ་རྟགས་ཀྱི་ཚེར་མ་བྱུང་བ་སྟེ། ཕྱོགས་ཆོས་དང་རྗེས་འགྲོ་མ་གྲུབ་པ་ལྟ་བུའི་སྐྱོན་སེལ་བའི་རྣམ་པར་བཞག་པ་ལྟ་ཅི། མིང་ཅན་ཡང་མེད་པར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་དམ་བཅའ་ཚིག་ཟིན་ལ་བརྗོད་པ་ཡི་སྦྱོར་བའི་འགོད་ཚུལ་བྱེད་པ་ནི་རིགས་པ་སྨྲ་བ་ཁྱོད་ཀྱི་གཞུང་དང་འགལ་ཏེ། སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཕྱོགས་དངོས་སུ་བསྟན་པའི་ཕྱིར། ཚུལ་གསུམ་གང་རུང་མ་བསྟན་པའི་ཕྱིར། དེ་སྐད་དུ་རྣམ་པར་ངེས་པ་ལས། དེས་ན་ཕྱོགས་གདོན་མི་ཟ་བར་བསྟན་པར་མི་བྱའོ། །ཞེས་དང་། སྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་སོགས་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་པ་དང་། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་སྒྲུབ་ངག་གི་ཡན་ལག་ཏུ་ཕྱོགས་བརྗོད་མི་དགོས་ཀྱི། ཚུལ་གསུམ་ལས་གང་ཡང་རུང་བ་གཅིག་ཉིད་ཙམ་ཡང་མ་བསྟན་ན་སྒྲུབ་པའི་ངག་ལ་ཚང་བར་བཤད་པ་དང་མི་མཐུན་ཞིང་འགལ་བས་སོ།།

གཉིས་པ་ཐལ་འགྱུར་གྱི་རྣམ་པར་བཞག་པ་ལ་དངོས་དང་། སྨྲ་བ་པོའི་གང་ཟག་རྒྱལ་ཕམ་གྱི་རྣམ་པར་བཞག་པའོ། །དང་པོ་ནི། གཞན་གྱིས་བཏགས་པ་ཡི། །ཐལ་བ་བསྒྲུབ་པ་གཉིས་འབྲེལ་ཕྱིར། །ཞེས་པའི་སྐབས་སུ། ཐལ་འགྱུར་གྱི་རྣམ་གཞག་མདོ་ཙམ་ཞིག་གསུངས་པ་ལས་འཕྲོས་ནས། རྒྱས་པར་ཚད་མ་རིགས་གཏེར་དུ་འབྱུང་ལ། དེ་ཡང་གཞན་གྱི་གྲུབ་མཐའ་སུན་འབྱིན་པའི་ཕྱིར་དུ་བརྗོད་ཅིང་རྣལ་མའི་ངག་ཏུ་མ་བཀོད་པ་ནི་ཐལ་འགྱུར་ཡིན་ལ། དེ་ལ་ཡང་ཡང་དག་དང་ལྟར་སྣང་གཉིས་ལས། དང་པོ་ནི། རྒོལ་བ་ཕ་རོལ་པོ་གཞན་གྱི་ཁས་བླངས་རྟགས་སུ་སྦྱར་བར་བྱས་ནས། རྟགས་ཆོས་ཀྱི་འབྲེལ་བ་ཚད་མས་གྲུབ་ཅིང་ངེས་པ་ལ། ཐལ་བའི་ཆོས་གང་ཚད་མས་བསལ་བར་གྱུར་ལ། ལན་དོན་མཐུན་གྱིས་ལྡོག་པར་མི་ནུས་པའི་འཁོར་གསུམ་ཚང་བ་ནི་ཐལ་འགྱུར་ཡང་དག་ཡིན་པར་བཞེད་ལ། ཅིའི་ཕྱིར་ཐལ་འགྱུར་ཞེས་བྱ་ཞེ་ན། འདོད་པ་བརྗོད་ནས་མི་འདོད་འཕེན། །ཞེས་པ་ལྟར། གཞན་མི་འདོད་པའི་ཆོས་ཐལ་བར་འཕེན་པའི་ངག་ཡིན་ཕྱིར། ཐལ་འགྱུར་ཞེས་བྱ་ལ། འཕེན་ཚུལ་ལ་གཉིས་ཏེ། ཚིག་ཟིན་ལ་འཕེན་པ་དང་། དོན་གྱིས་འཕེན་པའོ། །དང་པོ་ནི། ཐལ་ངག་བཀོད་པ་རྣམས་སོ།།

གཉིས་པ་ནི། སྒྲུབ་པའི་ངག་ཏུ་བཀོད་པའི་ཐལ་འགྱུར་རྣམས་སོ། །འདིར་སྒྲུབ་ངག་དང་ཐལ་འགྱུར་གྱི་གཞི་མཐུན་ཁས་ལེན་པ་སྔོན་མ་བྱུང་བ་ཞིག་གོ་སྙམ་དུ་བསམ་པར་མི་བྱ་སྟེ། ལོ་ཆེན་གྱིས་ཐལ་འགྱུར་དུ་བརྗོད་པ་ནི་གཉིས་ཏེ། སྒྲུབ་པ་དང་སུན་འབྱིན་པའོ། །ཞེས་དང་། ཕྱྭ་པའི་རྣམ་ངེས་ཀྱི་ཊིཀྐ་ལས། དེ་ལྟར་ན་རང་རྒྱུད་ཀྱི་སྦྱོར་བ་བརྒྱད་སྒྲུབ་པའི་ཐལ་འགྱུར་གྱི་སྦྱོར་བ་དྲུག་སྟེ་སྦྱོར་བ་བཅུ་གཉིས་ཡིན་ནོ། །ཞེས་གསུངས་པ་དང་། སྨྲ་བའི་སེང་གེ་དན་འབག་པ་དང་། སློབ་དཔོན་འཇམ་པའི་རྡོ་རྗེ་དང་། རྒྱལ་བའི་སྲས་པོ་ཆུ་མིག་པ་དང་། འུ་ཡུག་པ་རྣམས་ཀྱིས་བཤད་ཅིང་། ཚད་མ་རྒྱན་གྱི་མེ་ཏོག་ལས་ཀྱང་། སྒྲུབ་པའི་ཐལ་འགྱུར་རྣམས་ཡང་དག་ཡིན་པར་བཤད་དོ། །ཐལ་འགྱུར་ཡང་དག་གི་རྣམ་པར་དབྱེ་བ་ནི་སྒྲུབ་བྱེད་འཕེན་པ་དང་། མི་འཕེན་པ་གཉིས་རྩ་བར་བཞག་ནས། རྒྱས་པར་ཕྱེ་ན་རྣམ་པ་དུ་མ་འབྱུང་སྟེ། ཚུལ་གཞན་ལས་རྟོགས་པར་བྱ་ཞིང་། ཐལ་འགྱུར་ལྟར་སྣང་ལ་འགལ་མ་ངེས་མ་གྲུབ་པའི་ཐལ་འགྱུར་གསུམ་དང་། གསལ་བ་ཡེ་མེད་བཞིར་འབྱེད་པ་འཐད་ཀྱི། ཕྱྭ་པ་རྗེས་འབྲང་དང་བཅས་པ་རྣམས་ཀྱི་འགྱུར་ཐམས་ཅད་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ་གསུམ་དང་། གཉིས་ཀ་ལ་གྲུབ་པ་བཞིར་ཕྱེ་ཞིང་། བཞི་པ་དེ་ལ་ཡང་། གཉིས་ཀ་ཚད་མས་གྲུབ་པ་ལ། བསལ་བ་ཡེ་མེད་དང་། ཁས་བླང་གི་གྲུབ་པ། རྟགས་ཁས་བླང་དང་ཁྱབ་པ་ཚད་མས་གྲུབ་པ་བཞིར་ཕྱེ་ན། ཕྱི་མ་གསུམ་པོ་རེ་རེ་ལ་དམ་བཅའ་ལ་ཁས་བླང་གི་བསལ་བ་ཞུགས་པ། བསལ་བ་ཡེ་མེད་གསུམ་གསུམ་སྟེ་དགུ་དང་། གཉིས་ཀ་ཚད་མས་གྲུབ་པ་ལ། བསལ་བ་ཡེ་མེད་དང་། ཁས་བླང་གི་བསལ་བ་ཞུགས་པ་གཉིས་སུ་ཕྱེ་བས་བཅུ་གཅིག་དང་། དེའི་སྟེང་དུ་མ་གྲུབ་པའི་ཐལ་འགྱུར་གསུམ་སྟེ་བཅུ་གཉིས་བཤད་ནས། བསལ་བ་ཡེ་མེད་ཀྱི་ཐལ་འགྱུར་བཞི་དང་། མ་གྲུབ་པའི་ཐལ་འགྱུར་བཞི་དང་། མ་གྲུབ་པའི་ཐལ་འགྱུར་གསུམ་སྟེ་བདུན་ལྟར་སྣང་དང་། ལྷག་མ་བདུན་པོ་རྣམས་ཡང་དག་དུ་འཆད་ཡོད། མི་འཐད་རྟགས་ལ་ཁས་བླངས་པ་མེད་ན་ཁྱབ་ཆོས་ཙམ་ཁས་བླངས་པ་ཡིན་ཡང་ཐལ་འགྱུར་ཡང་དག་ཏུ་མི་རུང་བའི་ཕྱིར་ཏེ། ཁྱབ་པ་ཁས་བླངས་པ་ཙམ་གྱིས་ཁྱབ་པ་གྲུབ་པའི་གོ་མི་ཆོད་པའི་ཕྱིར་དང་། ཁས་བླངས་ཀྱི་བསལ་བས་བསལ་བའི་གོ་མི་ཆོད་པའི་ཕྱིར། གལ་ཏེ་ཆོད་ན། སྔར་རྒོལ་གྱིས་གཞལ་བྱ་ལ་རྟག་པས་ཁྱབ་པར་ཁས་བླངས་པ་ལ། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་འཕངས་པ་ན་ཕྱི་རྒོལ་དེ་ལ་ཡང་དག་ཏུ་ཐལ་བར་འགྱུར་ལ། འདོད་མི་ནུས་ཏེ། སྔ་རྒོལ་གྱི་དམ་བཅའ་ལྟར་སྣང་ལ་ཐལ་འགྱུར་ཡང་དག་འཕེན་རྒྱུ་ཡོད་བཞིན་དུ། མ་ངེས་པའི་ཐལ་འགྱུར་འཕངས་པས་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར། གཉིས་པ་སྨྲ་བ་པོའི་གང་ཟག་རྒྱལ་ཕམ་གྱི་རྣམ་པར་བཞག་པ་ནི། རྩོད་རིགས་ལས། ཇི་སྐད་དུ། ཕྱི་རྒོལ་བས་དེའི་དངོས་པོ་གོ་བར་བྱས་ན་འགྱུར་གྱི། གཞན་དུ་ན་གཉིས་པོ་གཅིག་ཀྱང་རྒྱལ་བ་དང་ཕམ་པར་མི་འགྱུར་རོ། །ཞེས་དང་། རྒོལ་བས་སྒྲུབ་བྱེད་སྐྱོན་ཅན་བརྗོད་ནའང་། ཕྱི་རྒོལ་བས་སྐྱོན་མ་བསྟན་ན། ཕམ་པའི་རྣམ་པར་བཞག་པ་མི་རིགས་ཏེ། དེ་དག་ཉིད་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་བལྟོས་ནས་རྒྱལ་བ་དང་ཕམ་པ་རྣམ་པར་འཇོག་པའི་ཕྱིར། ཞེས་གསུངས་པ་ལྟར། ལོག་རྟོག་ལྡོག་པ་དང་། རང་གི་དམ་བཅའ་ངན་པ་དེའི་ལྡོག་ཕྱོགས་ངེས་པའི་རྗེས་དཔག་སྐྱེས་པ་དང་། ཐལ་འགྱུར་དེའི་འཁོར་གསུམ་ལ་ལན་མི་ཐེབས་པར་རྩ་བའི་གྲུབ་མཐའ་འདོར་བ་སོགས་ཀྱི་སྒོ་ནས་ཕམ་པ་དང་རྒྱལ་བའི་རྣམ་གཞག་བྱེད་དེ། གྲུབ་མཐའི་བླང་དོར་བྱེད་པ་ལ། །དམ་པའི་ཚར་བཅད་རྗེས་འཛིན་འདོད། །ཅེས་གསུངས་སོ།།

སྐབས་འདིར་ཚར་བཅད་ཀྱི་གནས་དང་། ཚར་བཅད་པའི་རྒོལ་བ་གཉིས་མ་འདྲེས་པར་བྱ་དགོས་ཏེ། སྔ་རྒོལ་གྱི་དམ་བཅའ་བཞག་ནས་སྒྲུབ་བྱེད་མ་བརྗོད་པའམ། སྒྲུབ་བྱེད་མིན་པ་བརྗོད་པ་དང་། ཕྱི་རྒོལ་བས། སྔ་རྒོལ་གྱི་སྒྲུབ་བྱེད་ལྟར་སྣང་ལ་སྐྱོན་མ་བརྗོད་པའམ། སྐྱོན་མིན་པ་བརྗོད་པ་ལྟ་བུ། དཔང་པོ་མཁས་པས་ཚར་གཅོད་པའི་འོས་སུ་གྱུར་པས་ཚར་བཅད་ཀྱི་གནས་ཞེས་བྱ་ལ། ཇི་ལྟར་ཚར་གཅོད་པའི་ཚུལ་ནི། རྒོལ་བ་གཉིས་པོ་གཅིག་གིས་ཅིག་ཤོས་ཀྱི་སྤོབས་པ་བཅོམ་ནས། གང་རུང་གཅིག་རྒྱལ་བའི་ཚེ་རྩ་བའི་ཕྱོགས་སྔ་ཕྱི་འདོར་ལེན་བྱེད་དུ་འཇུག་པའོ། །དེའི་ཚེ་རྩ་བའི་འདོད་པ་དོར་བའི་རྒོལ་བ་དེ་ཉིད་ཚར་བཅད་པའི་རྒོལ་བ་ཡིན་ནོ། །ཕྱོགས་འདི་ལ་གངས་ཅན་པ་རྣམས་ཀྱིས་ཚར་བཅད་ཀྱི་གནས་བཅུ་དྲུག་ཏུ་འདོད་པ་དང་། ཐུབ་པ་རྐང་མིག་གིས་ཚར་བཅད་ཀྱི་གནས་ཉི་ཤུ་རྩ་གཉིས་འདོད་པ་འགོག་ཚུལ་སོགས་རྒྱས་པར་ཚད་མ་རིགས་གཏེར་ལས་འབྱུང་ཞིང་། ཕྱི་མའི་དུས་འདིར་ལོག་པའི་བློ་གྲོས་ཀྱིས་བཏགས་པའི་རྒྱལ་ཕམ་གྱི་རྣམ་གཞག་འདི་ལྟ་བུ་ཞིག་བྱས་ཏེ། སྡེ་བདུན་མཛད་པ་ཁྱོད་ཀྱི་གཞུང་ལས། གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། །ཞེས་དངོས་པོ་སྟོབས་ཞུགས་ཀྱིས་ཡུལ་ལ་དཔྱོད་པའི་ཚེ་ལུང་དང་འགལ་བ་དང་། ཁས་བླང་སྔ་ཕྱི་འགལ་བ་ཙམ་ཕན་ཚུན་རང་གི་འདོད་པ་སྒྲུབ་པ་ལ་གེགས་བྱེད་ཙམ་ཡིན་པར་བཤད་ཀྱི། གནོད་བྱེད་དུ་མ་བཤད་པ་དང་། རྒོལ་བ་གཞན་གྱི་ཕྱོགས་འགོག་པའི་ཚེ་རྗེས་དཔག་བསྐྱེད་པ་དང་ལོག་རྟོག་སེལ་བའི་ཚུལ་གཞུང་དུ་བཤད་པ་དེ་དག་མི་སེམས་པའམ། མི་ཤེས་པར་ཁས་བླང་འགལ་བ་འདུས་པ་ཙམ་ལ་འཁོར་གསུམ་དངོས་འགལ་སོང་ཞེས་རྒྱལ་ཕམ་གྱི་ཚད་དུ་འཇོག་པ་ཁྱོད་ཀྱི་གཞུང་ལས། ཕྱི་རྒོལ་བས་དེའི་དངོས་པོ་གོ་བར་བྱས་ན་འགྱུར་གྱི། གཞན་དུ་ན་གཉིས་པོ་གཅིག་ཀྱང་རྒྱལ་བ་དང་ཕམ་པར་མི་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ།།

གསུམ་པ་གྲུབ་དོན་བསྒྲུབ་བྱའི་རྣམ་པར་བཞག་པ་ལ། ཐོག་མར་གཞན་གྱིས་བཏགས་པ་མི་འཐད་པའི་ཚུལ་ནི། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་སྒྲུབ་བྱར་འདོད། །ཅེས་དང་། འདིར་ནི་དེ་སྐད་མ་བསྟན་ཀྱང་། །ཕྱོགས་ལ་འགལ་བ་ཅུང་ཟད་མེད། །ཅེས་མིག་སོགས་བདག་དོན་བྱེད་པ་དང་། གཙོ་བོ་རང་མཚན་བསྒྲུབ་བྱར་བཤད་པ་རྣམས་ལ་མི་རྩི་བར་རྟགས་ཀྱི་བསྒྲུབ་མི་ནུས་པ་བསྒྲུབ་བྱའི་སྐྱོན་ཡིན་ནོ། །ཞེས་དེང་སང་འདི་ན་བོད་ཕྱི་མ་རྣམས་མཐུན་པར་སྨྲ་ལ། དེ་ལྟར་བྱས་ན་མི་འཐད་པའི་ཚུལ་ནི། དེ་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་རྟགས་རྗེས་འགྲོ་མེད་ཕྱིར། །འདི་དེ་དག་གི་སྐྱོན་མིན་ནམ། །ཞེས་རྟགས་ཀྱིས་སྒྲུབ་མི་ནུས་པ་རྟགས་སྐྱོན་ཡིན་གྱི་ཕྱོགས་སྐྱོན་མིན་པ་དང་། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །བལྟོས་པ་མེད་པར་མ་ཁྱབ་དང་། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བཤད་པ་ཡིན། །ཞེས་སོགས་སྐབས་མང་པོར་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དང་། བསྒྲུབ་བྱའི་མཚན་ཉིད་དེ་དག་གི་བསལ་བྱ་ལ་གཞི་མཐུན་མེད་ཅིང་། མཚན་གཞི་ངོས་འཛིན་སོགས་སོ་སོར་ངེས་པ་སྡེ་བདུན་མཛད་པ་ཁྱོད་ཀྱིས་བཤད་ལ། ཇི་སྐད་བཤད་པ་དེ་ལས་བོད་ཕྱི་མ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་བཏགས་ཏེ། བསྒྲུབ་བྱ་ཡང་དག་མིན་པའི་ཤེས་བྱེད་དུ། རྟགས་ཀྱིས་སྒྲུབ་མི་ནུས་པ་བཀོད་པས་སོ། །འོ་ན་རྟགས་དང་བསྒྲུབ་བྱའི་མཚན་ཉིད་ཀྱི་བསལ་བྱ་སེལ་ཚུལ་སོགས་ཇི་ལྟ་བུ་ཞེ་ན། རྣམ་པར་བཞག་པ་དེ་དག་ནི། སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད། །ཅེས་པ་ནས། ཆོས་ཐ་དད་ཕྱིར་ཁྱད་པར་ཡང་། །དམ་པའི་དོན་དུ་འཐད་མ་ཡིན། །ཞེས་པའི་བར་དུ་འཆད་ལ། དེའི་ཚུལ་མདོ་ཙམ་ཞིག་བརྗོད་ན། ཕྱོགས་ཀྱི་མཚན་ཉིད་དང་། དེའི་བསལ་བྱ་སེལ་ཚུལ་གཉིས་ལས། དང་པོ་ནི། ཀུན་ལས་བཏུས་སུ། ངོ་བོ་ཁོ་ན་རང་ཉིད་དང་། །འདོད་གྱུར་མ་བསལ་བསྟན་བྱ་བ། །ཞེས་གཞན་གྱི་ལོག་རྟོག་འགོག་པའི་དབང་དུ་བྱས་ནས་ཟུར་ལྔར་བཤད། རིགས་སྒོར་རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་མདོར་བསྡུས་ནས་འཆད་པའི་དབང་དུ་བྱས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་ནི་ཕྱོགས་ཡིན་ནོ། །ཞེས་ཟུར་གསུམ་ལྡན་དུ་འཆད་དེ། ཇི་སྐད་དུ། མདོ་ལས་མཚན་ཉིད་ལྔ་ལྡན་གསུངས། བསྒྲུབ་བྱར་འདོད་པ་རིགས་པའི་སྒོར། །ཞེས་གསུངས་སོ། །སོ་སོའི་ངོས་འཛིན་མདོར་བཤད་པ་ནི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་སྟོན། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གི་དེ་ཡི་མཚན་ཉིད་བཞི། །མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ་། །ཞེས་གསུངས་སོ།།

རིགས་སྒོར་བཤད་པ་ནི། གྲུབ་བསལ་མེད་ཅིང་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་སྟེ། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །བསལ་བ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་བསྒྲུབ་བྱ་ཞེས་བྱ་ཞེ་ན། སཱ་ཧཱ་ན་ཞེས་པ་སྒྲུབ་བྱེད་ཀྱི་ཐབས་ཀྱིས་བསྒྲུབ་པར་བྱ་བའི་དོན་གྱིས་ན་བསྒྲུབ་བྱ་ཞེས་བྱ། པཀྵ་ཞེས་པ་སོ་སོར་འབྱེད་པའི་དོན་གྱིས་ན་ཕྱོགས་ཞེས་ཀྱང་བྱ། པྲ་ཏི་ཐ་ཎ་ཞེས་པ་རབ་ཏུ་བཟུང་བའི་དོན་གྱིས་ན་དམ་བཅའ་ཞེས་ཀྱང་བྱ། ཨ་ནུ་མ་ན་ཡེ། ཞེས་པ་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བའི་དོན་གྱིས་ན་རྗེས་སུ་དཔག་བྱའོ། །སྒྲ་བཤད་པ་འདི་དག་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་ལས་གསུངས་སོ།།

གཉིས་པ་བསལ་བྱ་སེལ་ཚུལ་ལ། བསལ་བྱ་ནི་གཉིས་ཏེ་རིགས་མི་མཐུན་དང་། ལོག་པར་རྟོག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སུ་མ་བཟུང་བ་དང་། བཟུང་ཡང་ཉེས་པ་དང་འབྲེལ་བའོ། །དང་པོ་ནི། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་སྟེ། དེ་ནི་འདོད་པ་ཞེས་པའི་ཚིག་གིས་ཏེ། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་སོགས་ཀྱིས་སྟོན། གཉིས་པ་ལ་གཉིས་ལས། གྲུབ་ཟིན་བསྒྲུབ་བྱ་ཡིན་པ་ནི། །ངོ་བོ་ཞེས་པའི་ཚིག་གིས་སེལ། །སྐབས་ཀྱི་རྒོལ་བའི་ཚད་མའི་བསལ་བ་ཞུགས་པ་ནི། མ་བསལ་བ་ཞེས་པའི་ཚིག་གིས་སེལ་ཏེ། ཁས་བླངས་དེ་ཡང་ཚད་མ་ཉིད། །ཅེས་སོགས་ཀྱིས་བསྟན་ནོ། །

བསལ་བྱ་ལོག་རྟོག་སེལ་བའི་ཚུལ་ལ། ལོག་རྟོག་སྐྱེ་བའི་གཞི་ནི། འདོད་པ་ཞེས་པའི་ཚིག་ཡིན་ལ། སྐྱེ་བའི་ཚུལ་ནི། དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཙམ་གྱིས་བསྒྲུབ་བྱ་ཡིན་ན། ལུང་དོན་མཐའ་དག་བསྒྲུབ་བྱ་ཡིན་ནོ་སྙམ་པ་དང་། འདོད་པའི་སྒྲ་བསྟན་བྱ་བ་དང་འབྲེལ་བ་ལས། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནོ་སྙམ་པའི་དོགས་པ་སྐྱེ་ལ། དེ་གཉིས་ནི་རིམ་པ་བཞིན། རང་འདོད་པ་ཞེས་འབྱུང་བ་ལྟར། འདོད་པ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བའི་རང་ཉིད་དང་། བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས་འབྱུང་བ་ལྟར། ངོ་བོ་དང་འབྲེལ་བའི་ཁོ་ན་བ་ཞེས་པའི་ཚིག་གིས་སེལ། ཚུལ་འདི་ལ་རང་ལུགས་ཀྱི་རྣམ་པར་སྤྲོས་པ་ཟད་མི་ཤེས་པ་ཞིག་ཡོད་ཀྱང་། དེ་ཙམ་དུ་བསྡུས་ནས། བོད་ཕྱི་མས་སྐབས་འདིར་ལོག་པར་བཏགས་པ་གཞན་ཡང་འགོག་པ་ནི། དམ་བཅའ་ཡང་དག་ཡིན་ན་རང་གི་ཞེན་དོན་སྨྲ་བ་པོའི་ཚད་མས་གྲུབ་པས་ཁྱབ་བོ། །ཞེས་གངས་ཅན་གྱི་ལྗོངས་འདི་ན་སྨྲ་བར་བྱེད་ལ། དེ་མི་འཐད་དེ། གཞུང་ལས་བསྒྲུབ་བྱ་དང་། དམ་བཅའི་ཞེན་དོན་ལ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་པ་དང་བསལ་བ་མེད་ཅིང་། དཔག་འདོད་ཀྱི་ཡུལ་དུ་བྱས་པ་གཅིག་དགོས་པར་བཤད་པའི་ཕྱིར། སྨྲ་བ་པོའི་ཚད་མས་གྲུབ་ཅེས་འདི་ན་སྨྲ། ཞེས་པའི་ཚིག་ཟིན་དང་སྦྱར་ཏེ་འགོག་ན། དམ་བཅའ་ཡང་དག་ཏུ་འགྱུར་བ་ལ་ཞེན་དོན་སྨྲ་བ་པོའི་ཚད་མས་གྲུབ་མི་དགོས་ཏེ། གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅའ་བ་དང་། མིག་སོགས་བདག་དོན་བྱེད་པར་དམ་བཅས་པའི་ཚེ། དེ་དག་ཚད་མས་གྲུབ་པ་མི་སྲིད་ཀྱང་། བསྒྲུབ་བྱར་འདོད་མི་དགོས་པའི་ཕྱིར་ཏེ། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་གསུངས་སོ། །

བསྒྲུབ་བྱ་ལ་ལོག་པར་རྟོག་པ་དེ་ཙམ་དུ་མ་ཟད། སྒྲུབ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་སྐབས་སུའང་། མ་དམིགས་པའི་གཏན་ཚིགས་གང་ཡིན་པ་ཐམས་ཅད་དགག་པའི་གཏན་ཚིགས་ཡིན་ནོ། །ཞེས་གངས་ཅན་གྱི་ལྗོངས་འདི་ན་ཕྱི་རབས་པ་ཀུན་གྱིས་སྨྲ་བ། རིགས་པ་སྨྲ་བ་མཁས་པ་ཁྱོད་ཀྱིས་ནི་ཚུལ་དེ་ལས་གཞན་དུ། སྣང་རུང་མ་དམིགས་པའི་གཏན་ཚིགས་རྣམས་གཙོ་བོར་སྒྲུབ་པའི་གཏན་ཚིགས་ཡིན་པར་བཤད་དེ། རྒྱུ་ལས་འབྲས་བུ་གྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་རང་བཞིན་མ་དམིགས་པའི་གཏན་ཚིགས་མཐའ་དག་རང་བཞིན་གྱི་རྟགས་དང་། སྒྲུབ་རྟགས་སུ་བཤད་ཅིང་། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་སོ། །ཞེས་རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་ལ་དགག་རྟགས་དང་སྒྲུབ་རྟགས་གཉིས་ཀའི་ཆ་བཤད་པའི་ཕྱིར། བོད་ཕྱི་མ་རྣམས་ཀྱིས་ཕྱོགས་ཆོས་འཁོར་ལོ་ཞེས་བྱ་བའི་གཞུང་ཚད་མར་བཟུང་ནས། མདོ་གཞུང་དང་མི་མཐུན་པ་མང་པོ་ཞིག་བྱས་པ་དེ་སྤངས་ནས། རང་གི་ལུགས་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་རབ་དབྱེ་སྨོས་པའི་དགོས་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་སྨོས་པའི་རྒྱུ་མཚན་རྣམས་ཀྱི་སྒོ་ནས་འཆད་དེ། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ཞེས་སོགས་ཀྱི་སྟོན་ནོ། །

འདིར་སྤྲོས་པའི་མཐའ་རྣམས། ཆོས་ཀྱི་རྒྱལ་པོའི་གསུང་རབ་རྒྱ་མཚོ་ལྟ་བུ་གཞན་ལས་ཤེས་པར་བྱའོ། །ངེས་དོན་ཁང་པར་འཇུག་པའི་སྒོ། །སྒྲུབ་པ་དང་ནི་སུན་འབྱིན་གྱིས། །རྣམ་པར་དབྱེ་བ་དེ་དག་ལ། །ལོག་པའི་བློ་གྲོས་ཀྱིས་བཏགས་པའི། །གྲུབ་པའི་མཐའ་རྣམས་ཞིག་གྱུར་ཅིག །གང་དག་བླུན་པོའི་ཚིག་ལ་བརྟེན་ནས་སུ། །མཁས་པར་རློམ་པའི་གཏམ་གྱི་ཕྲེང་བ་མཚར། །རིགས་པའི་གཞུང་གི་དེ་ཉིད་ཤེས་པ་རྣམས། །ཁྱོད་ཀྱི་གསུང་ལས་གཞན་དུ་འཆད་དམ་ཅི། །ཞེས་སྦྱར་རོ། །སྦྱང་དཀའ་ཤེས་བྱའི་དྲི་མ་སྔོན་སྦྱངས་ཏེ། །མཐའ་བྲལ་ཡང་དག་མཐའ་ལ་ངེས་གནས་ཤིང་། །ཆགས་པ་མེད་ཀྱང་འགྲོ་ཀུན་ལ་ཆགས་ནས། །བརྗོད་བྲལ་ངེས་དོན་བརྗོད་མཁས་དེང་འདིར་རྒྱལ།།

གསུམ་པ་སླར་ཡང་ངེས་པའི་དོན་ལ་དཔྱད་པ་ལ། སྤྱིར་ངེས་དོན་ངོས་བཟུང་ནས། བོད་ཀྱི་སློབ་དཔོན་རྣམས་ཀྱིས་བཏགས་པའི་མཐའ་བསལ་བ་དང་། རང་གི་འདོད་པ་བཤད་པའོ། །དང་པོ་ནི་སྤྱིར་ངེས་དོན་དང་སྟོང་པ་ཉིད་ཀྱི་མིང་ཅན། སྒྲ་དང་རྟོག་པས་བཏགས་པའི་སྟོང་ཉིད་གྲུབ་མཐའ་ལ་གྲགས་པ་དང་། གནས་ལུགས་སུ་གྲུབ་པའི་རང་བཞིན་གྱི་སྟོང་ཉིད་སྦྱོར་བའི་ཉམས་སུ་མྱོང་བ་གཉིས་ལས། དང་པོ་ནི་བློ་ཆོས་དང་། ལྡོག་པ་གཞན་སེལ་དང་། སྤྱི་མཚན་དུ་བཞག་དགོས་པས། ངེས་དོན་མཚན་ཉིད་པར་མི་རུང་སྟེ། ཡང་དག་པར་ན་ངེས་པ་ཞེས་པ་མི་འགྱུར་བའི་དོན་གྱིས་ན། རྟག་བརྟན་གཡུང་དྲུང་ཞིག་བཤད་པའི་ཕྱིར། དོན་དེ་ལ་དགོངས་ནས། དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། སེམས་ཀྱི་རྡོ་རྗེ་དོན་དམ་བདེན་པ་དང་། །དོན་དམ་བྱང་སེམས་སངས་རྒྱས་སྙིང་པོ་དང་། །རང་བཞིན་འོད་གསལ་རྡོ་རྗེ་སེམས་དཔའ་སོགས། །ངེས་དོན་མཐར་ཐུག་རྣམ་གྲངས་དུ་མས་བསྟན། །ཞེས་གསུངས་སོ།།

གཉིས་པ་དེ་དོན་དམ་པའི་བདེན་པར་འཇོག་དགོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་གཟིགས་པས་དོན་ཆོས་དང་། རྟོག་པས་གཞོམ་པར་མི་ནུས་པས་རྡོ་རྗེ་དང་། དོན་དམ་པར་དོན་བྱེད་ནུས་པས་རང་མཚན་དང་། མི་བསླུ་བས་བདེན་པ་ཉིད་ཀྱི་ཕྱིར་རོ། །གནས་ཚུལ་དེ་རྟོགས་པའི་ཐབས་ནི་གཉིས་ཏེ། རྔོག་ལོ་ཆེན་པོས་སློབ་མར་གདམས་པའི་ཡི་གེ་ལས། ཁྱེད་ཀྱང་སྡེ་སྣོད་ཕྱོགས་ལ་སྦྱོངས་ཤིག་རིགས་པ་ཡིས། །ཆོས་ཉིད་མཐོང་བ་ཚད་མའི་ངེས་པ་སྐྱེ་བར་འགྱུར། །ཞེས་པ་ལྟར་ཐོས་བསམ་གྱི་སྒོ་ནས་དང་། འཕགས་པ་ལྷས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་རྟོགས་པ་མེད། །ཅེས་པ་ལྟར་དབང་དང་ལུས་བྱེད་བཅིང་དང་རང་བྱིན་གྱིས་བརླབས་པའི་སྒོ་ནས། རྒྱུད་སྡེ་དང་མཐུན་པར་འབྱུང་བ་ཉིད་དོ།།

དང་པོ་ལ། རྣལ་འབྱོར་སྤྱོད་པ་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་གཉིས་ཡོད་ཅིང་། དེ་དག་གི་རྣམ་པར་དབྱེ་བ་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལ་རང་སྟོང་སྨྲ་བ་དང་། གཞན་སྟོང་སྨྲ་བ་གཉིས་དང་། ངོ་བོ་ཉིད་མེད་པར་སྨྲ་བ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་འབྱུང་ཞིང་། དེ་ལ་ཡང་གནས་སྐབས་མདོ་སྡེ་པ་ལྟར་ཁས་ལེན་པ་དང་། སེམས་ཙམ་པ་ལྟར་ཁས་ལེན་པའོ། །དེ་ལྟར་དབུ་མ་ཆེན་པོའི་ལུགས་ཀྱི་རྣམ་པར་དབྱེ་བ་དེ་དག་ལས། སྡེ་བདུན་གྱི་མཐར་ཐུག་གང་དུ་གནས་ཤེ་ན། སྤྱིར་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པ་དག་གིས་འཆད་ཚུལ་འཕགས་ཡུལ་ན་ཐོས་བསམ་པའི་ལུགས་ལྟར་འཆད་པ་དང་། སྒོམ་ལུགས་ལྟར་འཆད་པ་ཞེས་གཉིས་སུ་གྲགས་པ་ལས། རྔོག་ལོ་ཆེན་པོས་ལུགས་སྔ་མ་དེ་ཉིད་གཙོ་བོར་མཛད། ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་ཉིད་མེད་པར་དགག་པ་ལས་མ་འདས་པས། བདག་མེད་གསུམ་ཀའི་ངོས་འཛིན་མེད་དགག་ལ་བཤད་ནས། རྣམ་འགྲེལ་མཛད་པའི་གཞུང་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་ལ། དེ་ལྟ་ན་ཡང་ཐལ་རང་གི་ལུགས་ལྟར་འབྲེལ་བ་མིན་ནོ། །སྤྲིངས་ཡིག་བདུད་རྩིའི་ཐིགས་པ་ལས། ཆོས་རྣམས་རང་བཞིན་མེད་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ལས་འབྱུང་བ་གང་། །རིགས་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་བཟང་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩ་བཞིན་དོར། །ཞེས་གསུངས་པས་སོ།།

རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེས་ཀྱང་། སྒྲུབ་པ་དང་སུན་འབྱིན་གྱི་གནས་གཞུང་འགྲེལ་ནས་འབྱུང་བ་རྣམས་ཐད་སོར་བཞག །རང་གི་རྣམ་དཔྱོད་ཀྱིས་ཀྱང་ཟུར་ཅི་དོན་དུ་མཛད་ནས། སྟོང་ཉིད་ཀྱི་ངོས་འཛིན་མེད་དགག་ལ་བཤད་ཅིང་། དེ་གཏན་ལ་འབེབས་བྱེད་གཅིག་དུ་བྲལ་གྱི་རིགས་པ་ལ་ངོས་བཟུང་ནས། སྡེ་བདུན་གྱི་མཐར་ཐུག་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་བཀྲལ་ཏེ། ཇི་སྐད་དུ། ཆོས་ཀྱི་དབང་ཕྱུག་རིགས་པའི་སེང་གེ་ཡིས། །ཡིད་ཀྱི་མུན་སེལ་ཞེས་བྱའི་བསྟན་བཅོས་སུ། །མདོ་སེམས་ལུགས་གཉིས་བཀག་ནས་སྡེ་བདུན་གཞུང་། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མར་བཀྲལ། །ཞེས་གསུངས་པས་སོ།།

མདོར་ན་བོད་ཀྱི་མཁས་པ་ཆེན་པོར་གྲགས་པ་རྔོག་ལོ་ལ་སོགས་པ་རྣམས་ཀྱིས་སྡེ་བདུན་མཛད་པའི་གཞུང་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་དུ་འཆད་དོ། །འདིར་ནི་ཇི་སྐད་དུ། རྒན་པོའི་ལུགས་ངན་དོར་ནས་ངས་འདི་བཤད། །ཅེས་འབྱུང་བ་ལྟར། ལུགས་སྔ་མ་དེ་ལ་ཨ་མཐས་པར་མི་བྱ་སྟེ། སྡེ་བདུན་གྱི་མཐར་ཐུག་རྣལ་སྦྱོར་སྤྱོད་པའི་དབུ་མར་གནས་པའི་ཕྱིར། དེའི་ཚུལ་ནི་ཀླུ་སྒྲུབ་ཞབས་དང་འཕགས་པ་ཐོགས་མེད་ཀྱིས་བཞེད་པའི་དབུ་མའི་གཞུང་ལུགས་ལ། ངེས་དོན་མཐར་ཐུག་ངོས་འཛིན་ཚུལ་མི་མཐུན་པ་མེད་པར་རིགས་པ་སྨྲ་བའི་མཆོག་ཆོས་ཀྱི་གྲགས་པ་འདིས་བཞེད་མོད། རང་དོན་རྗེས་སུ་དཔག་པའི་ལེའུར་ཡོད་པ་ལ། མི་རྟག་པས་ཁྱབ་པ་དང་། དེའི་དོན་དངོས་པོ་རྣམས་རང་གི་ངོ་བོས་སྟོང་པ་མ་བཤད་དོ། །རིགས་ཚོགས་སུ་འབྱུང་བ་ལྟར། རང་སྟོང་གི་ཚུལ་བཞེད་ཀྱང་། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་པའི་དབུ་མའི་ཚུལ་དེར་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་ཀྱིས་ཇི་སྐད་བཤད་པའི་ཐལ་འགྱུར་བ་དང་། རང་རྒྱུད་པའི་ལུགས་དེ་གཉིས་དང་མཐུན་པའི་དབུ་མ་ནི། རིགས་པ་སྨྲ་བ་གང་འདིའི་ཚད་མའི་གཞུང་ལུགས་ཆེན་པོ་དེ་དང་དེར་མི་འབྱུང་བ་དེའི་ཕྱིར་རོ། །འདི་ན་ཀླུ་སྒྲུབ་དང་ཐོགས་མེད་ཞབས་ཀྱིས་བཞེད་པའི་ཚུལ་གང་། དེ་གཉིས་ལ་མི་མཐུན་པ་མེད་པ་ཇི་ལྟར་ཞེ་ན། ཇི་སྐད་དུ་རྩ་བ་ཤེས་རབ་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མ་ཡིན་ཡང་དག་མིན། །ཞེས་དང་། བདག་གི་ཞེས་བྱར་གདགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང་། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་ཐོས་བསམ་གྱིས་སྒྲོ་འདོགས་དཔྱོད་པའི་དབང་དུ་བྱས་ཏེ། དང་པོར་བདག་ཡོད་ཅེས་བསྟན་པས། ཕྱི་རོལ་པ་རྣམས་བསྟན་པ་ལ་འཇུག་པར་བྱེད་ཅིང་། བསོད་ནམས་ཀྱི་ཚོགས་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱེད། དེའི་འོག་དུ་བདག་དང་བདེན་པ་ནི་མེད། དེ་མེད་པ་ནི་གནས་ལུགས་སོ། །ཞེས་རྣམ་གྲངས་པའི་བདེན་པ་ལ་ངེས་པ་སྐྱེས་ནས། སྤྲོས་པའི་མཚན་མ་རགས་པ་འགོག་པར་བྱེད། དེའི་འོག་ཏུ་བདག་དང་བདེན་པ་ཡོད་པ་མིན་པའི་རྟགས་ཀྱིས་བདག་མེད་དང་བདེན་མེད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སྤྲོས་པའི་མཚན་མ་ཕྲ་མོ་དག་ཀྱང་བཀག་གོ།

དེ་ལྟར་ལྟ་བའི་སྤྲོས་པ་བཅད་ནས། སྒོམ་པས་ཉམས་སུ་མྱང་བྱ་ནི་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པའི་བདེན་པ་དེ་ཉིད་ལ་འཆད་པ་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་དང་། དབུ་མ་བསྟོད་པའི་ཚོགས་རྣམས་སུ་གསུངས་ཏེ། ཆོས་དབྱིངས་བསྟོད་པ་ལས། སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས། ཞེས་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས། དགེ་ལེགས་སེམས་ལས་སངས་རྒྱས་འབྱུང་། །ཞེས་སོགས་གསུངས་སོ།།

ཐོགས་མེད་ཞབས་ཀྱིས་ནི། ལྟ་བ་གཞན་སྟོང་གི་རིགས་པས་སྒྲོ་འདོགས་བཅད་ནས། སྒོམ་པ་སོ་སོ་རང་རིག་པའི་ཡེ་ཤེས་ལ་མཉམ་པར་འཇོག་པར་བཞེད་ལ། དེ་ཡང་། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་པ་ལྟ་བུས། གཟུང་འཛིན་གཉིས་བདེན་མེད་དུ་བསྒྲུབས་པའི་འོག་ཏུ། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པ་དང་། སྒོམ་པས་ཉམས་སུ་མྱང་བྱའི་ལྟ་བར་འཇོག་པ་བསྡུ་བ་རྣམ་པ་བཞི་དང་། སྡོམ་རྣམ་པ་གཉིས་སུ་གསལ་བར་གསུངས་ལ། དེ་དག་ཏུ་སྒོམ་པས་ཉམས་སུ་མྱང་བྱ་གཙོ་ཆེ་བར་དགོངས་ནས། ཡེ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་པ་ལྟ་བུ། ཡེ་ཤེས་བདེན་མེད་དུ་སྒྲུབ་པའི་རིགས་པ་གསུངས་པ་མེད་དོ།།

དེ་ལྟར་འཕགས་མཆོག་རྣམ་པ་གཉིས་ཀྱིས་ངེས་དོན་མཐར་ཐུག་གི་ངོས་འཛིན་ཚུལ་ལ་མི་མཐུན་པ་མེད་དེ། གཉིས་ཀས་སེམས་ཀྱི་རྡོ་རྗེ་དང་། དོན་དམ་པའི་བདེན་པ་ཞལ་གྱིས་བཞེས་པའི་ཕྱིར། དེ་སྐད་དུ་ཤནྟི་པས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་གསུངས་པས་སོ། །བདག་ཉིད་ཆེན་པོ་ཆོས་ཀྱི་གྲགས་པ་འདིས་ཀྱང་ལུགས་གཉིས་ལ་མི་མཐུན་པ་མེད་པར་གཉིས་ཀ་ཆ་སྙོམས་སུ་ཞལ་གྱིས་བཞེས་ཏེ། ཇི་སྐད་དུ། ཀླུ་སྒྲུབ་གཞུང་དུ་རྟེན་འབྲེལ་གྱིས། །སྟོང་ཉིད་བསྒྲུབས་པ་དེ་ཇི་བཞིན། །གང་འདིར་ཡོད་དང་སྐྱེ་ལྡན་གྱིས། །དངོས་ཀུན་གནས་པ་མེད་པར་བསྒྲུབས། །གནས་མེད་སྟོང་པ་ཉིད་དོན་ཏེ། །མདོར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །སྟོང་པ་ཉིད་དུ་ཅིས་མི་བཞེད། །ཅེས་དང་། གང་འདིར་འཇིག་པ་དངོས་མེད་ཅེས། །གསལ་བར་གསུངས་ལས་རྟོགས་ཕྱིར་རོ། །ཞེས་གསུངས་པ་ལྟར། ཐ་སྙད་དུ་དངོས་པོར་ཡོད་པ་རྣམས། མི་རྟག་པ་དང་། དེའི་དོན་ཡང་དུས་མཐའི་སྐད་ཅིག་ཏུ་མི་གནས་པས་དངོས་མེད་དང་། རང་གི་ངོ་བོ་སྟོང་པར་བཤད་དེ། འཇིག་པ་ཡོད་ཙམ་འབྲེལ་བ་ཡིན། །ཞེས་དང་། མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །ཞེས་གསུངས་པས་སོ།།

གཞན་ཡང་། ཇི་ལྟ་ཇི་ལྟར་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་གཅིག་དུ་བྲལ་གྱི་རིགས་པ་ཀླུ་སྒྲུབ་ཀྱི་གཞུང་དང་མཐུན་པར་བཤད་ཅིང་། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །ཞེས་སོགས་ཀྱིས་ཤེར་ཕྱིན་གྱི་མདོ། སྒྲ་ཇི་བཞིན་མིན་པའི་ངེས་དོན་ཅན་དུ་བཤད་ནས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །ཞེས་ཡེ་ཤེས་བདེན་གྲུབ་ཏུ་བསྟན་ཏེ་ཐོགས་མེད་ཀྱི་གཞུང་དང་མཐུན་པར་བཤད་པས་སོ།།

གཉིས་པ་ལ་གསུམ་སྟེ། དབུ་མ་ཆེན་པོའི་ལྟ་བ་ངོས་བཟུང་། དེ་སེམས་ཙམ་པར་འཁྲུལ་པ་དགག །ངེས་དོན་བདེན་གྲུབ་ལ་རྩོད་པ་སྤངས་པའོ། །དང་པོ་ནི། སྤྱིར་ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་རང་གི་ལྟ་བ་མཐར་ཐུག་དབུ་མར་ཁས་ལེན་པ་དེའི་ཚེ། གང་ཟག་གི་བདག་མེད་པའི་ལྟ་བ་དབུ་མ་ཆུང་ངུར་འཆད་པ་ལ་མི་མཐུན་པ་མེད་ལ། དབུ་མ་ཆེ་འབྲིང་གི་ངོས་འཛིན་མི་མཐུན་པ་འདི་ལྟར་འབྱུང་སྟེ། གསང་སྔགས་བླ་མེད་པ་དག་གིས། སྡེ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་དབུ་མ་ཆེན་པོ་དང་། ཕར་ཕྱིན་ཐེག་པ་ནས་གསུངས་པའི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་ལ་དབུ་མ་འབྲིང་པོར་འཆད། ངོ་བོ་ཉིད་མེད་པ་དག་གིས་གཞན་སྟོང་གི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་ལ་དབུ་མ་འབྲིང་པོ་དང་། རང་སྟོང་གི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་ལ་དབུ་མ་ཆེན་པོར་ངོས་འཛིན་ལ། དེ་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་། མཐའ་དབུས་སེལ་བའི་བསྟན་བཅོས་རྣམ་པ་གཉིས་སུ། ཤེར་ཕྱིན་གྱི་མདོའི་དོན་དབུ་མར་གྲགས་པའི་ཚུལ། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་དང་། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་དང་། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་སེམས་ཙམ་སྟོན་པའི་གཞུང་དང་། དེ་བཀག་ནས་དེ་ལས་གོང་དུ་གྱུར་པའི་དབུ་མ་ཆེན་པོའི་ལུགས་གཉིས་ཕྱེ་ནས། གཟུང་བ་དང་འཛིན་པ་སོགས་སྤྲོས་པ་མཐའ་དག་བཀག་པའི་འོག་ཏུ། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་སྒོམ་པས་ཉམས་སུ་མྱང་བྱ་དང་། དོན་དམ་པའི་བདེན་པ་དང་། དབུ་མ་ཆེན་པོར་ཇི་སྐད་བཤད་པ་དེ་ཕྱོགས་ཀྱི་གླང་པོས་བཞེད་དོ། །འདིར་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། སེམས་ཀྱི་རྡོ་རྗེ་ལ་སོགས་མིང་གི་རྣམ་གྲངས་དང་། དོན་དམ་དུ་ཡོད་པར་འཆད་དགོས་ཏེ། གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །ཅེས་དང་། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། ཉིད་ཅེས་པ་དངོས་པོའི་རྐྱེན་དུ་སྦྱར་ནས་འཆད་དགོས་པའི་ཕྱིར་རོ།།

གཉིས་པ་དེ་སེམས་ཙམ་པར་འཁྲུལ་བ་དགག་པ་ནི། བོད་རྣམས་ཀྱིས་སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་སུ་ཕྱེ་ནས། ཐོགས་མེད་སྐུ་མཆེད་དང་། ཕྱོགས་གླང་ཡབ་སྲས་ཀྱིས་ཇི་ལྟར་ཕྱེ་བའི་དབུ་མའི་སྲོལ་འདི་ལ། སེམས་ཙམ་རྣམ་རྫུན་པའི་ལུགས་ཞེས་ཟེར་ཏེ། དེར་ཡེ་ཤེས་བདེན་པར་བཤད་པའི་རྒྱུ་མཚན་ལས་སོ། །འདི་མི་འཐད་པའི་ཚུལ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་སེམས་ཙམ་པའི་པཎྜི་ཏ་དང་། དེའི་བསྟན་བཅོས་ཚད་མ་མདོ་དང་། དམིགས་པ་བརྟག་པ་དང་། བརྒྱད་སྟོང་དོན་བསྡུས་སོགས་སུ། སེམས་ཙམ་ལས་ལྷག་པའི་ལྟ་བ་མ་བསྟན་པ་དང་། དེ་ལ་སེམས་ཙམ་རྣམ་རྫུན་པ་ཞེས་ཟེར་བ་མི་འཐད་པ་དང་། དེ་དག་ཏུ་རྣམ་པ་རྫུན་པར་བཞེད་ཀྱང་སེམས་ཙམ་གྱི་དོན་མི་གནས་པའི་ཕྱིར། དེ་གནས་པ་མིན་ཏེ། ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་སོགས་སུ། བདེན་གཉིས་རྣམ་པར་དབྱེ་ནས་དོན་དམ་དུ་ཡོད་པ་རྣམས་ཡེ་ཤེས་ཡིན་པར་བཞེད་ཀྱང་། ཀུན་རྫོབ་ཀྱི་སྣང་ཆ་སེམས་ཙམ་དུ་ཞལ་གྱིས་མི་བཞེས་པའི་ཕྱིར། སྒྱུ་མ་ལ་སོགས་དཔེ་ཡིས་ནི། གཞན་གྱི་དབང་ཉིད་ཡོངས་སུ་བསྟན། །ཞེས་གཞན་དབང་བདེན་མེད་དུ་བཤད་པའི་ཕྱིར། སེམས་ཙམ་པར་འགྱུར་བ་ཀུན་རྫོབ་ཀྱི་སྣང་ཆ་སེམས་སུ་ཁས་ལེན་དགོས་ཏེ། ལང་ཀར་གཤེགས་པ་ལས། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར། འདི་ནི་ཟླ་བ་གྲགས་པས་འདི་སེམས་ཙམ་དུ་བཤད་པ་ཅི་ཞེ་ན། ཤིང་རྟའི་སྲོལ་མི་གཅིག་པ་གཞན་གྱིས་གཞན་དུ་བཤད་པས་དེར་ཁས་ལེན་དགོས་པ་མིན་ཏེ། དེ་ལྟ་ན་ཤིང་རྟའི་སྲོལ་སོ་སོ་བ་དག་འདྲེས་པར་ཐལ་བའི་ཕྱིར་དང་། ཐེག་པ་ཆེན་པོ་ཙམ་དང་། རྡོ་རྗེ་ཐེག་པ་སངས་རྒྱས་ཀྱི་བཀའ་མིན་པར་སྨྲ་བ་དག་ཀྱང་ཡོད་པའི་ཕྱིར།

གཞན་ཡང་། ཡེ་ཤེས་བདེན་པར་ཁས་བླངས་པས་སེམས་ཙམ་པར་འགྱུར་བ་མིན་ཏེ། སེམས་ཙམ་པར་འགྱུར་བ་ལ་སེམས་སེམས་བྱུང་བདེན་པར་འདོད་དགོས་པའི་ཕྱིར་དང་། ཡེ་ཤེས་རྣམས་སེམས་སེམས་བྱུང་དུ་ཁས་བླངས་ན། ལུང་དང་འགལ་ཞིང་རིགས་པས་གནོད་པའི་ཕྱིར། དེའི་ཚུལ་ལ་གཉིས་ལས། དང་པོ་ནི། སེམས་དང་སེམས་བྱུང་རྣམས་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པའི་དབྱེ་བར་འཆད་པས། རྗེ་བཙུན་བྱམས་པའི་གཞུང་ལས་འབྱུང་སྟེ། གང་ཞེ་ན། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སོ། །དེ་བས་ན། ཡེ་ཤེས་གང་ཡིན་སེམས་སམ་སེམས་བྱུང་དུ་ཁས་བླངས་ན། ཡང་དག་པ་མིན་པའི་རྟོག་པར་ཁས་ལེན་དགོས་པར་སོང་ལ། དེ་ལྟར་ཁས་བླངས་ན། རྟོག་མིན་མི་རྟོག་མ་ཡིན་པ། །ཞེས་སྦྱོར་ལམ་གྱི་ཡེ་ཤེས་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཡང་མིན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་མིན་པར་བཤད་པ་དང་འགལ་ལོ། །ཡེ་ཤེས་གང་ཡིན་ཡང་དག་པ་མིན་པའི་རྟོག་པར་ཁས་བླངས་ན། གཉིས་མེད་ཀྱི་ཡེ་ཤེས་གཉིས་སྣང་ཅན་དུ་ཐལ་བ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་ལྟའི་ས་བོན་སྤོང་མི་ནུས་པ་སོགས་མི་འདོད་པ་དུ་མ་ཐོག་ཏུ་ལྷུང་བར་འགྱུར་རོ།།

གཞན་ཡང་ཡེ་ཤེས་གང་ཡིན་སེམས་དང་སེམས་བྱུང་དུ་ཁས་བླངས་ན། ཐེག་པ་ཆེན་པོ་བསྡུས་པའི་ལུང་ལས། དེས་ན་རྣམ་པ་ལྔ་རྣམ་པར་སྤངས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཅེས་བྱ་སྟེ། ཡིད་ལ་བྱེད་ལ་ཡོངས་སུ་སྤངས་པ་དང་། རྟོག་པ་དང་བཅས་པ་དང་། སྤྱོད་པ་དང་བཅས་པའི་ས་ལས་ཤིན་ཏུ་འདས་པ་ཞེས་སོགས་དང་། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས། ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་མིན་པ་དང་། ཞེས་ཀུན་གཞི་ཡེ་ཤེས་ཀུན་གཞི་ཡིན་ཡང་། ཀུན་གཞི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས་དེར་འགལ་བ་དང་། དེས་མཚོན་ནས་ཡེ་ཤེས་རྣམས་རྣམ་ཤེས་ཀྱི་གཉེན་པོར་བཤད་པ་དང་འགལ་ལོ། །དེ་ཙམ་མ་ཟད། རྣམ་ཤེས་དང་ཡེ་ཤེས་སོ་སོར་དབྱེ་བའི་རྣམ་གཞག་ནི། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེ་དང་། དབྱིག་གཉེན་ཞབས་ཀྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། ཚིགས་སུ་བཅད་པ་གསུམ་པའི་རབ་ཏུ་དབྱེ་བར་བཤད་དོ། །གང་ཞེ་ན་དཀོན་བརྩེགས་ལས། བཅོམ་ལྡན་འདས་ཡེ་ཤེས་ནི་གང་ལགས། རྣམ་པར་ཤེས་པ་ནི་གང་ལགས། ཤཱ་རིའི་བུ་འདི་ཡི་རྣམ་པར་ཤེས་པའི་གནས་ཏེ་རྣམ་པར་ཤེས་པ་དེ་ལ་གནས་སོ། །

འདི་ལྟ་སྟེ། རྣམ་པར་ཤེས་པ་གཟུགས་ལ་ཉེ་བར་སོང་ཞིང་གནས། གཟུགས་ལ་དམིགས། གཟུགས་ལ་གནས། དགའ་བ་ལ་བརྟེན་ནས་སྐྱེ་ཞིང་འཕེལ། རྒྱས་པར་འགྱུར་བ་དང་། རྣམ་པར་ཤེས་པ་ཚོར་བ་ལ་ཉེ་བར་སོང་ཞིང་གནས། ཚོར་བ་ལ་དམིགས། ཚོར་བ་ལ་གནས། དགའ་བ་ལ་བརྟེན་ཞིང་འཕེལ། རྒྱས་པར་འགྱུར་བ་དང་། རྣམ་པར་ཤེས་པ་འདུ་ཤེས་ལ་ཉེ་བར་སོང་ཞིང་གནས། འདུ་ཤེས་ལ་དམིགས། འདུ་ཤེས་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ཏེ། རྒྱས་པར་འགྱུར་བ་དང་། རྣམ་པར་ཤེས་པ་འདུ་བྱེད་ལ་ཉེ་བར་སོང་ཞིང་གནས། འདུ་ཤེས་ལ་དམིགས། འདུ་ཤེས་ལ་གནས། དགའ་བ་ལ་བརྟེན་པས་སྐྱེ་ཞིང་འཕེལ་ནས་རྒྱས་པར་འགྱུར་ཏེ། ཤཱ་རིའི་བུ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ལེན་པའི་ཕུང་པོ་ལྔ་ལ་མི་དམིགས་ཤིང་གནས། རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཞེས་བྱའོ། །

གཞན་ཡང་། རྣམ་པར་ཤེས་པ་ནི། སའི་ཁམས་རྣམ་པར་ཤེས་པ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཁམས་བཞི་ལ་མི་གནས་པར་ཆོས་ཀྱི་ཁམས་ཀུན་ཏུ་དབྱེ་བ་ཤེས་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་དང་། རྣམ་ཤེས་ལ་མི་རྟོན་ལ་ཡེ་ཤེས་ལ་རྟོན་པར་གསུངས་པའི་ཕྱིར་དང་། དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པར། ས་བོན་གཞན་དུ་གྱུར་པའི་ཕྱིར། །ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་གཞན་དུ་གྱུར་པའི་ཕྱིར། གནས་དང་དོན་དང་ལུས་སུ་སྣང་བའི་རྣམ་པར་ཤེས་པ་རྣམས་གཞན་དུ་གྱུར་པ་ནི་ཟག་པ་མེད་པའི་དབྱིངས་ཏེ་རྣམ་པར་གྲོལ་བའོ། །ཞེས་དང་། གྱུར་པའི་དོན་ནི་ཡིད་དང་འཛིན་པ་དང་རྣམ་པར་རྟོག་པ་བཟློག་པ་སྟེ། གོ་རིམ་བཞིན་དུ་རྣམ་པར་མི་རྟོག་པ་དང་། ཞིང་དང་ཡེ་ཤེས་དང་ལས་དག་ལ་དབང་ནི་རྣམ་པ་བཞི་ཡིན་ནོ། །ཞེས་དང་། དེས་ནི་ཁམས་གསུམ་པའི་འདུས་བྱས་རྣམས་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཙམ་དུ་མཐོང་སྟེ། ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར། ཞེས་དང་། གཞན་ཡང་། སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པ་བཞི་སྟེ། ཞེས་སོགས་གསུངས་པ་དང་། སུམ་ཅུ་པར་ཡང་། རྣམ་པར་རིག་པ་མི་རིག་པ། །ཞེས་དང་། འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་ཡེ་ཤེས་དང་རྣམ་ཤེས་ཕྱེ་ནས་གསུངས་པ་རྣམས་སོ།།

གཞན་ཡང་། ཡེ་ཤེས་གང་ཡིན་སེམས་སེམས་བྱུང་དུ་ཁས་བླངས་ན། རྫོགས་པའི་སངས་རྒྱས་ལ་སེམས་སེམས་བྱུང་གི་རྒྱུ་བ་འདོད་དགོས་པར་འགྱུར་ལ། རྫོགས་པའི་སངས་རྒྱས་ལ་སེམས་སེམས་བྱུང་གི་རྒྱུ་བ་འདོད་ན། མདོ་སྡེ་རྒྱན་གྱི་གཞུང་དུ། ས་བོན་གཞན་དུ་གྱུར་པའི་ཕྱིར། །ཞེས་པ་དང་། རྣལ་འབྱོར་སྤྱོད་པའི་གཞུང་ཐེག་པ་ཆེན་པོ་བསྡུས་པ་ལས། མདོར་བསྡུ་ན་རྣམ་པ་ལྔས་ཐོབ་སྟེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང་། སྤྱི་གཙུག་ལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་། ཚོར་བའི་ཕུང་པོར་གནས་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་མེད་ཅིང་། ཚད་མེད་པ་ལ་རྒྱ་ཆེ་བ་བདེ་བར་གནས་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོར་གནས་གྱུར་པའི་ཕྱིར། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཐམས་ཅད་ཀྱི་བསྟན་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོར་གྱུར་པའི་ཕྱིར། སྤྲུལ་པ་དང་། བསྒྱུར་བའང་། འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བ་ཐོབ་བོ། །ཞེས་སངས་རྒྱས་ཀྱི་སར་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་པའི་ཚུལ་བཤད་པ་དེ་དག་ཇི་ལྟར་དྲང་སྟེ། ཁྱོད་ཀྱི་འདོད་པ་དེ་དང་འགལ་བས་སོ།།

གཉིས་པ་རིགས་པའི་གནོད་བྱེད་ནི་ཡེ་ཤེས་གང་ཡིན་སེམས་དང་སེམས་བྱུང་དུ་ཁས་བླངས་པའམ། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་ནས་ཀྱང་། དེ་དག་རྣམ་ཤེས་དེར་ཁས་ལེན་ན། རྫོགས་པའི་སངས་རྒྱས་ལ་ཀུན་གཞི་རྣམ་ཤེས་དང་། འབྱུང་བ་ལས་གྱུར་པའི་དབང་པོ་ལྔ་པོ་རྣམས་དང་། ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཁས་ལོངས་ཤིག་སྟེ། དེར་དེ་དག་གནས་གྱུར་པའི་ཡེ་ཤེས་ཡོད་པའི་ཕྱིར། འོ་ན། སངས་རྒྱས་སེམས་ཅན་དུ་ཐལ་བར་བཟློག་པར་མི་ནུས་སོ། །བོད་ཀྱི་སློབ་དཔོན་རྣམས་ཀྱིས་ལོག་པར་བཏགས་པ་དེ་ཙམ་དུ་མ་ཟད། གཞན་ཡང་། ཀུན་གཞི་དང་། རང་རིག་ཁས་ལེན་པ་སེམས་ཙམ་པ་ཁོ་ནའི་ལུགས་སུ་བཞག་ཅིང་། སྡེ་བདུན་གྱི་གཞུང་དབུ་མའི་ཚུལ་དུ་འབྲེལ་བ་ལྟར་བྱས་ནས། བདག་ཉིད་ཆེན་པོ་ཆོས་ཀྱི་གྲགས་པ་ཁྱོད། ཀུན་གཞི་མི་བཞེད་ཅེས་དེང་སང་འདི་ན་མང་པོའི་མགྲིན་པར་གླེང་ལ། དེ་མི་འཐད་དེ། སྡེ་བདུན་མཛད་པ་ཁྱོད་ཀྱིས་ཀུན་གཞི་གནས་གྱུར་གྱི་གཞིར་བཤད་པའི་ཕྱིར། དེ་ཡང་ཇི་སྐད་དུ། དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་བདག་མེད་པའི་ཕྱོགས་ལ་བཅིང་གྲོལ་འཐད་པར་བསྟན། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས། །སྡུག་བསྔལ་མི་སྐྱེ་རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས། །ཞེས་བདག་ཡོད་པའི་ཕྱོགས་ལ་བཅིང་གྲོལ་མི་འཐད་པར་བསྟན་ནས། རང་ལུགས་ལ་བཅིང་གྲོལ་དང་། གནས་གྱུར་གྱི་གཞི་ཀུན་གཞི་ཡིན་པར་བཤད་པས་སོ། །དེའི་ཚེ། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་གདོད་མ་ནས་དྲི་མ་མཐའ་དག་གིས་དབེན་པས་རང་བཞིན་རྣམ་དག་གི་སངས་རྒྱས་དང་། བདེ་གཤེགས་སྙིང་པོ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། དེ་ལ་ཀུན་གཞི་ཞེས་བྱ་སྟེ། འཁོར་འདས་ཀྱི་ཆོས་ཀུན་གྱི་བག་ཆགས་བསྒོ་བའི་གཞི་ཡིན་ཕྱིར། བསྒོ་བའི་ཚུལ་ནི་དྲི་མ་རྣམས་གློ་བུར་བ་ཞེས་པ་ལྟ་བུ་སྐབས་མང་པོར་ཀུན་ནས་ཉོན་མོངས་ཀྱི་བག་ཆགས་བསྒོ་བའི་ཚུལ་དང་། བག་ཆགས་དེ་བསོད་ནམས་མིན་པའི་ལས་སད་པས་སྡུག་བསྔལ་བྱུང་བའི་ཚུལ་དང་། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་དང་། དེ་བདག་འགྱུར་ལ་ཕྱིས་ནུས་མེད། །ཅེས་རྣམ་བྱང་གི་བག་ཆགས་བསྒོས་ཤིང་། དེ་ཡང་དག་པའི་རྐྱེན་གྱིས་གསོས་བཏབ་པས་མྱང་འདས་ཐོབ་པའི་ཚུལ་གསུངས་པ་རྣམས་སོ།།

དེས་ན་ཀུན་གཞི་ཞེས་བྱ་བའི་སྒྲ་དངོས་སུ་འཇུག་པ་ནི། ཟག་མེད་ཀྱི་སེམས་རྒྱུད་ཡིན་ལ། དེའི་སྟེང་གི་འཁོར་བའི་ས་བོན་དང་། རྣམ་སྨིན་གྱི་ཆ་ལ་ཀུན་གཞི་རྣམ་ཤེས་ཞེས་བྱ། དེའི་སྟེང་གི་ཟག་པ་མེད་པའི་ས་བོན་དང་། ཡེ་ཤེས་ཀྱི་ཆ་དེ་ལ་ཀུན་གཞི་ཡེ་ཤེས་ཞེས་བྱའོ། །ཀུན་གཞིའི་རྣམ་པར་བཞག་པ་དེ་དག་རྣམ་འགྲེལ་མཛད་པའི་སྐབས་འདིར་མེད་ན། འཕགས་པ་ཐོགས་མེད་ཀྱིས་བཞེད་པའི་གཞུང་ལུགས་ཀྱི་ཤིང་རྟའི་སྲོལ་གྱི་ལམ་ཆེན་པོ་དེ་འཛིན་མི་ནུས་པར་འགྱུར་ཏེ། ཐོགས་མེད་ཞབས་ཀྱིས་ནི། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་པའི་མདོ་ཉིད་དྲངས་ནས། ཐེག་བསྡུས་སོགས་སུ། ཀུན་གཞི་ཡོད་པའི་སྒྲུབ་བྱེད་རྒྱས་པར་གསུངས་པའི་ཕྱིར་རོ། །འོ་ན་ཐོགས་མེད་ཞབས་ཀྱི་རྒྱུད་བླའི་འགྲེལ་པར་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཚུལ་བཤད་པ་དེ་དག་ཀྱང་། སྐབས་འདིར་ཁས་ལེན་ནམ་ཞེ་ན། མཐར་ཐུག་ཐེག་པ་གཅིག་ཏུ་འཆད་པའི་གསལ་ཁ་ནི་སྡེ་བདུན་གྱི་གཞུང་འདིར་མེད་མོད། འོན་ཀྱང་། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། །ཞེས་ལྷག་མེད་ཀྱི་དབྱིངས་སུ་རིག་པ་རྒྱུན་མ་ཆད་པ་དང་། དགྲ་བཅོམ་པ་ཐ་མའི་སེམས་ཀྱིས་སེམས་གཞན་མཚམས་སྦྱོར་བར་བཤད་པ་དེ་ཡིས་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་དེའི་དོན་བསྒྲུབས་ཀྱང་རུང་ལ། དེ་ལྟར་འཆད་པའི་ཚེ། དཔལ་ཕྲེང་སེང་གེ་ང་རོས་ཞུས་པའི་མདོ་དང་། རྒྱུད་བླ་མ་སོགས་ཀྱི་རྗེས་སུ་འབྲངས་ནས་སྤྲོས་པ་རྒྱས་པར་འབྱུང་ཞིང་། ཞར་ལ་ཐེག་པ་ཆེན་པོའི་ལམ་དང་། ཐེག་པ་དམན་པའི་ལམ་གྱི་རྣམ་པར་དབྱེ་བ་འབྱུང་ཡང་། ཚིག་ཚོགས་ཆེ་ཞིང་སྡེ་བདུན་གྱི་སྐབས་འདིར་མཁོ་ཆུང་བས་མདོ་ཙམ་ཞིག་འཆད་པ་ལ་གཉིས་ཏེ། ལྷག་བཅས་དགྲ་བཅོམ་པ་ཐེག་པ་ཆེན་པོར་འཇུག་པའི་ཚུལ་དང་། ལྷག་མེད་དགྲ་བཅོམ་པ་ཐེག་པ་ཆེན་པོར་འཇུག་པའི་ཚུལ་ལོ།།

དང་པོ་ནི། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན། །ཞེས་པ་ལྟར་དགྲ་བཅོམ་པ་ལ་དམན་པར་ངེས་མ་ངེས་གཉིས་ལས། མ་ངེས་པ་རྣམས། འཕངས་ལ་བཟློག་མེད་འདོད་ཕྱིར་རོ། །ཞེས་གསུངས་པ་ལྟར། ཕུང་པོའི་ལྷག་མ་དང་བཅས་པའི་དགྲ་བཅོམ་པའི་ངང་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཚེ། སྔོན་གྱི་ལུས་དེ་ཉིད་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས། ཐེག་པ་ཆེན་པོའི་ཚོགས་ལམ་ནས་ཞུགས་ཏེ་ཚེ་གཅིག་པོ་དེ་ཉིད་ལ་འཚང་རྒྱ་ཞེས་རྣམ་པར་གཏན་ལ་དབབ་པའི་བསྡུ་བའི་ལུང་དུ་བཤད་དོ། །མདོ་སྡེ་རྒྱན་དུ། མ་ངེས་པའི་ཕྱིར་མི་འོང་། སྤྲུལ་པའི་ལུས་མངོན་དུ་བྱེད་པ་དང་། སྤྲུལ་པ་དེ་འཚང་རྒྱ་ཞིང་། བར་སྐབས་སུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་རིགས་པར་ཡང་བཤད་དོ།།

གཉིས་པ་ནི། ལྷག་མེད་དབྱིངས་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཚུལ། མདོ་སྡེ་རྒྱན་དང་། རྣམ་པར་གཏན་ལ་དབབ་པའི་བསྡུ་བ་སོགས་རྣལ་འབྱོར་སྤྱོད་པའི་གཞུང་འགའ་ཞིག་རང་སོར་བཞག་པའི་ཚེ་གསལ་བར་གསུངས་པ་མེད་མོད། ཐོགས་མེད་ཞབས་ཀྱི་ཐེག་པ་ཆེན་པོ་རྒྱུད་བླ་མ་ངེས་དོན་སྙིང་པོར་བཀྲལ་བའི་ཚེ། སངས་རྒྱས་ལས་གཞན་ཐེག་པ་དམན་པ་ལ་མཐར་ཐུག་གི་མྱང་འདས་མེད་པའི་ཤེས་བྱེད་ཀྱི་ཕུང་པོ་ལྷག་མ་མེད་པའི་དབྱིངས་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་གསུངས་ཏེ། གང་ཞེ་ན། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་པའི་འགྲེལ་པར། འདིས་ནི་ལམ་རིང་པོ་ནས་དུབ་པ་རྣམས་ལ། འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྱིར་མི་བཟློག་པའི་ཐབས་ཡིན་ནོ། །ཞེས་དང་། སངས་རྒྱས་ཉིད་མེད་པ་འགའ་ཡང་མྱང་ངན་ལས་འདས་པ་ཐོབ་པ་མེད་དོ། །ཅེས་བསྟན་པ་ཡིན་ནོ། །དེ་ལ་ཟག་པ་མེད་པའི་དབྱིངས་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་རི་མོ་མཁན་གྱི་དཔེར་རིགས་པར་བྱས་ཏེ། ཞེས་པ་ལྟ་བུ་གསུངས་སོ།།

དེ་ལྟར་འཆད་པའི་ཚེ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱི་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་པའི་དཔལ་ཕྲེང་གི་མདོ། དེ་ཡི་རྗེས་སུ་འབྲངས་ནས་མ་རིག་པའི་བག་ཆགས་ཀྱི་ས་ཞེས་བྱ་བ་དང་། དེས་ཀུན་ནས་བསླངས་པའི་ཟག་མེད་ཀྱི་ལས་ཀྱི་ལུས་གཞན་རྒྱུད་མར་བླངས་ནས། བྱང་ཆུབ་ཀྱི་མཆོག་ཏུ་མངོན་པར་རྫོགས་པ་འཚང་རྒྱ་བར་གསུངས་སོ། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོའི་དོན་དྲངས་ཏེ། ཀུན་སྡང་དྲག་དང་བག་ཆགས་དང་། །ཞེས་མ་རིག་པའི་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས། དྲི་འདི་དག་གིས་བྱིས་རྣམས་དང་། །དགྲ་བཅོམ་ཞེས་དེ་ཡང་དམན་པའི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པར་བཤད་པ་དང་། འགྲེལ་པར་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཟག་པ་མེད་པའི་ལས་འཇུག་པའི་ཡིད་ཀྱི་ལུས་སྒྲུབ་པར་བྱེད་པ་ཞེས་གསུངས་པ་དེ་ཉིད་ཀྱིས་ཀྱང་ཤེས་སོ།།

ཚུལ་དེ་དང་མཐུན་པར་དབྱིག་གཉེན་གྱིས་ཀྱང་འབུམ་དང་། ཉི་ཁྲི་ལྔ་སྟོང་དང་། ཁྲི་བརྒྱད་སྟོང་པ་གསུམ་གྱི་རྣམ་བཤད་དུ། མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། ཤཱ་རིའི་བུ་སངས་རྒྱས་པདྨའི་འོད་ཅེས་བྱ་བར་ལུང་བསྟན་པ་ལ་འཕྲོས་ནས་ཇི་སྐད་དུ། གལ་ཏེ་དགྲ་བཅོམ་པ་རྣམས་ཀྱང་སྲིད་པར་ཉིང་མཚམས་སྦྱོར་དུ་ཟིན་ན་ནི། དགྲ་བཅོམ་པ་ཐམས་ཅད་ལས་སྲིད་པ་སོ་སོར་ལེན་པར་འགྱུར་བས་ཐར་པ་མ་གྲུབ་པ་ཉིད་དུ་འགྱུར་རོ། །ཞེ་ན། ཁོ་བོ་ནི་དགྲ་བཅོམ་པ་རྣམས་ལ་ལས་དང་ཉོན་མོངས་པ་ཡོད་ཅེས་མི་སྨྲ་ཡི། མདོ་གཞན་ལས་བསྟན་པའི་རིམ་པས་འདི་ལྟ་བུའི་དོན་རྒྱ་ཆེར་བསྟན་པར་བྱའོ། །ཞེས་མཚམས་སྦྱར་ནས་སེམས་ཅན་རྣམས་ལ་ངེས་མ་ངེས་གཉིས་སུ་ཕྱེ་ཞིང་། ངེས་པ་རྣམས་དགྲ་བཅོམ་པ་ཉིད་དུ་ཐུག་ནས་ཐེག་པ་ཆེན་པོར་འཇུག་པ་དང་། མ་ངེས་པ་རྣམས་ཐོག་མ་ཉིད་ནས་ཐེག་པ་ཆེན་པོར་འཇུག་པ་གཉིས་སུ་ཕྱེ་ནས་སྔ་མ་དེའི་ཤེས་བྱེད་འཆད་པ་ན། བྱས་པ་རྟོགས་པའི་ས་ལ་ཉོན་མོངས་པ་ཐམས་ཅད་ནི་སྤངས་པར་འགྱུར་ལ། མ་རིག་པའི་བག་ཆགས་ནི་མ་སྤངས་ཏེ། ཞེས་སོགས་གསུངས་པ་ལས་ཤེས་སོ།།

མདོར་ན་ཐོགས་མེད་ཞབས་ཀྱིས་ཕྱེ་བའི་དབུ་མའི་ཚུལ་ལུགས་འདིར་ལྟ་བའི་རྣམ་གཞག་ཕྱོགས་ཀྱི་གླང་པོས་ཤེར་ཕྱིན་བསྡུས་པར་བཤད་པ་ལས་གཞན་དུ་གསུངས་པ་མེད་ཀྱང་། ཁྱད་པར་ནི། མཐར་ཐུག་ཐེག་པ་གཅིག་ཏུ་འཇོག་པའི་ཚུལ་དེར་གསལ་བར་བཤད་དོ། །ཚིགས་སུ་བཅད་པ་འདི་ལ་སྤྲོས་པའི་མཐའ་གོང་དུ་བཤད་པ་རྣམས་ལས་ཤེས་པར་ནུས་སོ།།

གསུམ་པ་ངེས་དོན་བདེན་གྲུབ་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་ལན་ནོ། །དང་པོ་ནི། ཆོས་དབྱིངས་དང་ཡེ་ཤེས་ཀྱི་གཞི་མཐུན་ཁས་བླངས་ཤིང་། ཡེ་ཤེས་བདེན་གྲུབ་ཏུ་བཤད་པ་ལ། རྒྱ་བོད་ཀྱི་ངོ་བོ་ཉིད་མེད་པར་ཁས་ལེན་པ་དག་གསུམ་སྟེ། དེ་ལྟར་ཁས་ལེན་པ་དེ་ནི་ཀླུ་སྒྲུབ་ཀྱི་ལུང་དང་འགལ་ཏེ། དེའི་གཞུང་ལས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་བཤད་པའི་ཕྱིར་དང་། དེའི་ཤེས་བྱེད་ཀྱང་ཀུན་རྫོབ་རང་གི་ངོ་བོས་སྟོང་ན། དོན་དམ་ཡང་དེས་སྟོང་དགོས་པའི་ཕྱིར་དང་། གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་ན། གཟུང་འཛིན་གཉིས་ཀྱང་དེར་གྲུབ་དགོས་ཏེ། དེ་དག་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར་དང་། དེའི་རིགས་པས་སྟོང་ཉིད་ཀྱང་ཡོད་པ་མིན་ཏེ། སྟོང་མིན་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར། ཞེས་དང་། བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་གང་ཞེན་པའི་ཡུལ་མ་སྤངས་ན་དེར་ཞེན་པ་སྤོང་མི་ནུས་པ་བཤད་པས་ཡེ་ཤེས་བདེན་པར་ཞེན་པའི་བློ་ཡང་སྤང་བྱ་མིན་པར་ཐལ། དེ་བདེན་པར་གྲུབ་པའི་ཕྱིར་ཞེས་ཟེར།

ལན་ནི། ཡེ་ཤེས་བདེན་པར་གྲུབ་ཀྱང་། རིགས་ཚོགས་སུ་དེ་བདེན་མེད་དུ་སྒྲུབ་པའི་རིགས་པ་གསུངས་པ་ལ་འགལ་བ་མེད་དེ། དེ་ལྟར་གསུངས་པ་དེ་ནི་ལྟ་བའི་སྤྲོས་པ་གཅོད་པའི་དབང་དུ་བྱས་ནས་རྟོག་ངོར་མེད་པའི་སྒྲུབ་བྱེད་དུ་དགོངས་ཀྱི། སྒོམ་པས་ཉམས་སུ་མྱོང་བའི་ཚེ་དང་། མྱོང་བྱེད་ཀྱི་བློ་མ་འཁྲུལ་བའི་ངོར་ཡེ་ཤེས་ཡོད་པར་ཀླུ་སྒྲུབ་ཀྱིས་ཀྱང་བསྟོད་ཚོགས་སུ་གསུངས་པའི་ཕྱིར་དང་། གཉིས་མེད་ཀྱི་ཡེ་ཤེས་དེ་སྤྱིར་ཡོད་པར་རྟགས་ཀྱིས་མི་ཁེགས་ཏེ། འཕགས་པའི་ཡེ་ཤེས་ཀྱི་མྱང་བྱ་ཡིན་པས། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་དང་། བཏགས་མིན་ཕྱིར་དང་བརྗོད་མིན་ཕྱིར། །ཞེས་གསུངས་སོ། །དེ་ལྟར་ན་ཡེ་ཤེས་བདེན་པར་གྲུབ་ཀྱང་། ཆུ་དང་རིན་པོ་ཆེ་དང་། ཁམས་གསུམ་གྱི་དཔེས་དེར་ཞེན་པའི་བློ་སྤང་བྱ་ཡིན་པར་བཤད་དོ།།

དེའི་ཚུལ་ནི། ཡུལ་གྱི་གནས་ཚུལ་ལ་ཞུགས་ན་སྤང་བྱ་མི་དགོས་ཀྱང་། ཆོས་དབྱིངས་བདེན་པར་ཞེན་པའི་བློ་ནི་ཆོས་དབྱིངས་དེའི་གནས་ཚུལ་ལ་ཞུགས་པ་མིན་ཏེ། ཇི་སྲིད་ཞེན་པ་དང་བཅས་པ་དེ་སྲིད་དུ་ཆོས་ཀྱི་དབྱིངས་མི་མཐོང་ལ། དེ་དང་བྲལ་བ་ན། དེ་གསལ་བར་མཐོང་བའི་ཕྱིར། དཔེར་ན། སྤྲིན་དང་སྙོགས་པ་དང་། གཡའ་བ་ལ་སོགས་པ། ནམ་མཁའ་དང་། ཆུ་དང་གསེར་གྱི་རང་བཞིན་དུ་མ་ཞུགས་པའི་རྒྱུ་མཚན་གྱིས། དེ་དག་དང་བཅས་པ་དེ་སྲིད་དུ་དེ་དང་དེའི་རང་བཞིན་གསལ་བར་མཐོང་བ་བཞིན་ནོ། །དེས་ན་ཆོས་དབྱིངས་དང་ཡེ་ཤེས་ལ་བདེན་པར་ཞེན་པའི་བློ་ནི། གཞན་གྱི་དབང་ཉིད་ཀྱི་ཕྱིར་སྤང་བྱ་དང་། ཀུན་ཏུ་བཏགས་པ་ཉིད་ཀྱི་ཕྱིར་སྤོང་བར་ནུས་སོ། །དེའི་ཕྱིར་ཐོགས་མེད་སྐུ་མཆེད་དང་། ཕྱོགས་གླང་ཡབ་སྲས་སོགས་ཀྱིས་རྒྱུད་བླ་མ་ནས་འབྱུང་བ་ལྟར། ཡེ་ཤེས་བདེན་པར་བཞེད་ཀྱང་བདེན་འཛིན་གྱི་རྣམ་པར་རྟོག་པ་ལྟ་ཅི་སྨོས། མཚན་མར་འཛིན་པའི་རྟོག་པ་ཕྲ་མོ་ཡང་། །འཁོར་གསུམ་རྣམ་པར་རྟོག་པ་གང་། །ཞེས་པ་ལྟར་སྤང་བྱར་བཤད་ནས་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་དེ་ཉིད་ཐོབ་བྱར་བཤད་དོ། །འདིར་ཡང་བྱ་བྱེད་ལས་གསུམ་དང་སྦྱར་ཏེ་བཤད་པར་བྱར་ཡོད་དོ།།

གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། སླར་ཡང་སྡེ་བདུན་མཛད་པ་ཉིད་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་བྱ་བ་དང་། དེས་མཛད་པའི་བསྟན་བཅོས་ཀྱི་ཆེ་བའི་ཡོན་ཏན་སྨོས་ཏེ་ཤིས་པ་བརྗོད་པའོ། །དང་པོ་ནི། ཇི་སྐད་དུ། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླིང་བ་གསལ་བར་མི་ཤེས་པས། །ཉེར་བསྟེན་འཇིག་རྟེན་རྒྱལ་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་པ་ལྟར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་དཔོན་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ལ་ཞལ་མངོན་སུམ་དུ་གཟིགས་ནས། གང་འདོམས་པའི་རིགས་པའི་སྲོལ་ཆེན་པོ་མུ་སྟེགས་སོགས་ཀྱིས་གནོད་མི་ནུས་པར་ཤེས་བྱས་ནས། ཞེས་འབྱུང་བ་ལྟར། འགྲན་པའི་ཟླ་མེད་པ་དེ་ཉིད་གསལ་བར་བཤད་ནས་ལོག་རྟོག་ཅན་ཚར་བཅད་དེ་རྗེས་སུ་བཟུང་བའི་ཕྱིར། འཕགས་པ་ཐོགས་མེད་ཀྱིས་བཞེད་པའི་གཞུང་ལུགས་ཀྱིས་བསྟན་པའི་ངེས་དོན་འཆད་པར་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ཡོན་ཏན་དེ་ལྟ་བུ་དྲན་པའི་སྒོ་ནས་གུས་པར་བྱས་པའོ། །ཚིགས་སུ་བཅད་པ་འདི་དག་གི་དོན་རྒྱས་པར་གོང་དུ་བཤད་པ་རྣམས་ལས་ཤེས་སོ།།

གཉིས་པ་ནི། སྡེ་བདུན་མཛད་པའི་གཞུང་འདི་ནི་དྲང་དོན་རྟོག་གེའི་ལུས་བརྒྱད་ཀྱི་སྒོ་ནས། ངེས་དོན་ལ་འཇུག་པའི་ཚུལ་བཤད་པས་ཟབ་པ་དང་། གཞུང་གཞན་ན་མེད་པའི་རྟོག་གེའི་བརྡ་བཅད་ཀྱི་ཚོམས་རྒྱས་པར་བཤད་ཅིང་། འདིའི་རིགས་པས་གཞུང་ལུགས་མཐའ་དག་གི་དོན་བདེ་བླག་ཏུ་རྟོགས་ནུས་པས་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ཏེ། གང་ཞེ་ན། གཞུང་གཞན་ན་མངོན་གྱུར་གྱིས་གང་བཤད་པ་རྣམས་ནི་འདིར་མངོན་སུམ་གྱི་ངོ་བོ་དང་། གྲངས་དང་། སྤྱོད་ཡུལ་དང་། འབྲས་བུའི་རྣམ་གཞག་རྒྱས་པར་གསུངས་པ་ལས་རྟོགས། ལྐོག་གྱུར་གྱི་ཆ་གང་བཤད་པ་རྣམས་རྗེས་དཔག་དང་། སྒྲུབ་བྱེད་དང་། སུན་འབྱིན་གྱི་རྣམ་པར་དབྱེ་བ་གསུངས་པ་དེ་རྣམས་ལས་རྟོགས་ཏེ། མདོར་ན་དྲང་དོན་རྟོག་གེའི་ལུས་བརྒྱད་པོ་འདིས་ནི་གཞུང་ལུགས་མཐའ་དག་གི་དོན་རིགས་པའི་ལམ་དུ་དྲངས་པས་སོ། །དེ་ཙམ་དུ་མ་ཟད། དྲང་དོན་རྟོག་གེའི་ལུས་བརྒྱད་ཀྱི་སྒོ་ནས་ངེས་དོན་གཉིས་མེད་ཀྱི་ཡེ་ཤེས་སྟོན་པའི་ཚུལ་ལ་འཇུག་པ་འདི་ཡང་། ཚད་མ་སྡེ་བདུན་གྱི་ཁྱད་ཆོས་དང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་དོན་གྱི་སྙིང་པོར་ངེས་པ་ཡིན་ཏེ། མདོ་གཞུང་ནས་འབྱུང་བའི་ངེས་དོན་མཐར་ཐུག་རྣམ་པར་ཐར་པའི་སྒོ་གསུམ་གྱིས་གདམས་ནས་བཤད་པས་རྟོག་གེའི་གནས་འདི་དག་མ་ཤེས་ན། ཆ་ཤས་ཙམ་ཡང་རྟོགས་དཀའ་བའི་ཕྱིར། གསུམ་པོ་གང་ཞེ་ན། རྟགས་དང་བསྒྲུབ་བྱའི་སྐྱོན་ཡོན་མ་ཕྱེ་ན། བསྒྲུབ་བྱ་དང་། སྒྲུབ་བྱེད་ལ་འཇུག་པའི་སྒོ་མ་ཕྱེད་པས་རྟོག་གེའི་ནང་དུ་མི་ཆུད། སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག་མ་ཤེས་ན། རྗེས་དཔག་ཚད་མའི་སྒོ་མ་ཕྱེད་པས། ཚར་བཅད་དང་རྗེས་འཛིན་གྱི་ནང་དུ་མི་ཆུད། སྣང་སེལ་དང་ཚད་འབྲས་ཀྱི་རྣམ་གཞག་མ་ཤེས་ན། མངོན་སུམ་ཚད་མའི་སྒོ་མ་ཕྱེད་པས་ངེས་དོན་མཐར་ཐུག་གི་ནང་དུ་མི་ཆུད་པ་ཡིན་ནོ།།

ཡང་ན་ཚིགས་སུ་བཅད་པ་འདིའི་དོན་ནི། ངེས་དོན་མཐར་ཐུག་གི་ངོས་འཛིན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ལ་འཆད་པ་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པའི་སྙིང་པོར་ངེས་པ་ཡིན་གྱི། གཞན་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། གཉིས་སྟོང་མེད་དགག་གི་ཆ་ལ་ངེས་དོན་མཐར་ཐུག་ཏུ་འདོད་པ་ལ་ཟུར་ཟ་བ་སྟེ་སྙིང་པོར་ངེས་ཤེས་པས་ལུགས་གཞན་དེ་རྣམས་བཀག་པས་སོ།།

གཞན་ཡང་། ཚད་མ་རྣམ་འགྲེལ་འདི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་འབྱེད་པ་ལ་ལྡེ་མིག་ལྟ་བུ་སྟེ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་རྣམས་གྲུབ་པའི་མཐའ་བཞིས་བསྡུས་ལ། དེ་དག་གི་རྣམ་གཞག་རྒྱས་པར་འདི་ཉིད་དུ་གསུངས་པས་སོ། །འོ་ན་རྡོ་རྗེ་ཐེག་པའི་སྒོ་ཇི་ལྟར་དབྱེ་ནུས་ཤེ་ན། དེའི་ཚུལ་ཡང་དབུ་མའི་གྲུབ་མཐའ་བཤད་པ་ལྟ་བུ་ལས་ཤེས་ནུས་ཏེ། དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་གསུངས་པས་སོ།།

མདོར་ན་དམ་པའི་ཆོས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག །ཚད་མ་རྣམ་འགྲེལ་འདི་ཡི་མ་ཕྱེ་བ་གཞན་མེད་པ་དེ་ཡང་ཆོས་ཀྱི་སྒོ་སྟེ། ཆོས་ཀྱི་རྣམ་གྲངས་ཐམས་ཅད་འདིའི་རིགས་པ་ལ་བརྟེན་ནས་བློ་ཡུལ་དུ་འཆར་ནུས་པས་སོ། །མདོར་ན་ཟབ་རྒྱས་ཀྱི་ཡོན་ཏན་དུ་མ་དང་ལྡན་པའི་བསྟན་བཅོས་སྡེ་བདུན་དང་། མཛད་པ་པོ་ཆོས་ཀྱི་གྲགས་པ་ལ། རྒོལ་བ་དུ་མའི་ཡིད་ལ་ཅིག་ཅར་དུ་མི་ཤེས་པའི་མུན་པ་སེལ་ནུས་པའི་རིགས་པས་བསྟོད་པ་འདིས་བདག་ཀྱང་རིགས་པ་དང་སྤོབས་པ་ཟད་མི་ཤེས་པའི་རིགས་པ་སྨྲ་བའི་ཁྱུ་མཆོག་དམ་པ་ཉིད་དུ་གྱུར་ཅིག་ཅེས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའོ།། །།

སྭསྟི། རྒྱལ་ཀུན་མཁྱེན་པའི་སྤྱི་གཟུགས་སེངྒེའི་རྩེན། །བརྩེ་བས་རྗེས་སུ་ཆགས་པའི་ཉམས་ལྡན་ཞིང་། །དབྱངས་ཅན་ཡིད་ཀྱི་ཤིང་རྟ་འདྲེན་པའི་གཉེན། །གང་ཁྱོད་ཟླ་བའི་ཁྲི་ལས་ད་བཞེངས་ཤིག །ཆོས་ཀྱི་གྲགས་པའི་རབ་རྟོགས་གཏམ་གྱི་ཚོགས། །དཔྱད་གསུམ་དག་པའི་གཞུང་གི་ལུགས་ཇི་བཞིན། །ལེགས་པར་བཤད་པ་འདི་དང་ལྷན་ཅིག་ཏུ། །ཐུབ་པའི་བསྟན་པ་རྒྱས་པའི་དགའ་སྟོན་རིགས། །གང་ཡང་སྙན་གྲགས་སྤྲིན་དཀར་འཛུམ་པས་ལྷར་བཅས་འཇིག་རྟེན་ཁེབས་བྱེད་ཅིང་། །ལུང་རིགས་ནོར་བུའི་འོད་ཀྱི་དྲ་བས་ཕྱོགས་རྣམས་མགྲོན་དུ་འབོད་པའི་དཔྱིད། །ཚངས་པ་མཆོག་གི་འཕྲིན་ལས་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཡིད་འོང་ནི། །ས་གསུམ་སྐྱེ་དགུར་ཉི་མའི་མདའ་ཡི་གདུང་བ་འཕྲོག་པའི་གཉེན་ཡིན་ནོ། །དེ་སྐད་དྲི་ཟའི་རྒྱུད་མང་འགོག་པའི་ཚིག །ཁེངས་པ་གསལ་བྱེད་རབ་རྟོག་གཏམ་མ་ཡིན། །ལེགས་བཤད་སྤྲིན་ལས་རྒྱ་མཚོའི་རླབས་ཕྲེང་འདིར། །ཆོས་ཀྱི་རྒྱལ་པོའི་དགོངས་པ་ཇི་བཞིན་བཀོད། །གཞན་དག་འབྱུང་པོའི་ངག་གི་རྗེས་ཞུགས་ནས། །གཞུང་ལུགས་འགོག་པ་རྣམས་དང་མི་འདྲ་ཞིང་། །རང་དགར་སོ་སྐྱེའི་བློ་གྲོས་ཀྱིས་བཏགས་པའི། །ཉེས་བཤད་བདེན་པར་བཟུང་བ་འདི་ན་མེད། །རྒྱ་ཆེ་ལོག་ལྟའི་མུན་པར་འཁུམས་རྣམས་དང་། །མི་བཟད་འཁོར་བས་གདུང་ལ་སྙིང་རྗེ་ནས། །ལེགས་པར་གཏམ་འདིའི་དགེ་བ་དབྱིག་གི་གཏེར། །མཐའ་ཡས་འགྲོ་བ་ཀུན་གྱི་དོན་དུ་བསྔོ། །རྟག་ཏུ་རིགས་པ་སྨྲ་བ་ཁོ་བོ་དང་། །མཉམ་པོར་རློམ་པའི་ཁེངས་ཅན་འགའ་ཡོད་ན། །ལྔ་པའི་བདག་པོའི་སྤྱན་དུ་མ་གྱུར་བར། །གཉིད་དང་འཚོར་བ་སྤངས་ཏེ་ད་སོམས་ཤིག །ཐོས་དང་བསམ་པའི་ཟས་ཀྱིས་འཚོ་བ་དང་། །ཡབ་གཅིག་འཇམ་པའི་དབྱངས་ཀྱིས་སྲས་བཞིན་བསྐྱངས། །ཤེས་རབ་ཡུམ་གྱིས་བརྩེ་བས་ཉེར་བཟུང་ནས། །སྡེ་སྣོད་ནོར་བུའི་མཛོད་ལ་དབང་དུ་བཅུག །སྒྲུབ་དང་སུན་འབྱིན་དཔུང་ཚོགས་ཡན་ལག་བཞིས། །ཕྱི་རྒོལ་འཁྲུལ་པའི་ས་ཆེན་གསུམ་ཕྲོགས་ནས། །དམ་ཆོས་འཁོར་ལོ་བསྒྱུར་བའི་སྙིང་སྟོབས་ཀྱིས། །ཤཱཀྱའི་རྒྱལ་པོའི་སྲིད་ལ་དབང་བར་ཆས། །ནམ་ཡང་ལེགས་བྱས་ཀུན་གྱིས་ལེགས་བྱས་པའི། །ཕན་བདེའི་དབང་ཕྱུག་ཕན་བདེའི་འབྱུང་གནས་གང་། །རྟག་ཏུ་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་གྱུར།། །།ཞེས་པ་འདི་ཐོས་པ་ལ་མངོན་པར་དགའ་བའི་དགེ་སློང་སྟན་གཅིག་པ་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས། ཐུབ་བསྟན་གསེར་མདོག་ཅན་ཆོས་ཀྱི་གྲྭ་ཡངས་པོར་སྦྱར་བའོ།། །།

རྣམ་པར་བཤད་པ་འདི་དང་པོར་སྡེ་སྣོད་གསུམ་དང་། བྱེ་བྲག་ཏུ་ཚད་མ་རིག་པ་ལ་མཁས་པའི་དབང་ཕྱུག་ཏུ་གྱུར་པ་ཚོགས་བསོག་པ་ཀུན་དགའ་མཆོག་ལྡན་གྱིས་བསྐུལ་ཞིང་། རང་གི་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་ཕྱེད་ལོང་ཙམ་ཞིག་རང་ལོ་ཉི་ཤུའི་སྟེང་དུ་བཀོད། དེའི་རྗེས་སུ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་ལུང་རིགས་ཀུན་དགའ་རྒྱ་མཚོ་ཞེས་ཁམས་གསུམ་པའི་འགྲོ་བ་མཐའ་དག་གི་སྐྱབས་མགོན་དངོས་གང་གི་བཀས་གནང་བ་སྩལ་ནས་ཆུ་སྤྲེལ་ལོའི་བཅུད་ལྡན་དབང་པོའི་རོ་ཞེས་པའི་ཟླ་བ་ལ་ཡོངས་སུ་རྫོགས་པར་བྱས་པའོ། །མངྒ་ལཾ། བྷ་ཝནྟུ།།  །།

[1] འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་གསུང་ཐོར་བུ། ༼དབུ་མེད།༽ པོད། ༼༡༽ ཤོག་གྲངས་ ༡ ནས་ ༦༣ བར་བཞུགས་ཤིང་། འདིའི་མ་ཡིག་ཤིན་ཏུ་མི་གསལ་ཞིང་། མ་དག་པ་མང་བ། དཔེ་བསྡུར་ཞུ་ཡུལ་གྱི་མ་དཔེ་གཞན་མ་ཐོབ་པས། ལུང་འདྲེན་གནང་བའི་རྩ་ཚིག་རྣམས་རྣམ་འགྲེལ་སོགས་གཞུང་རང་ལ་བསྡུར་ཏེ་ཞུ་དག་གང་ཐུབ་ཞུ་ཁུལ་ལགས་ཀྱང་། ད་དུང་ནོར་བ་མང་དུ་ཡོད་ངེས་པས་སླད་མར་མ་དཔེ་གཞན་ཐོབ་ཚེ་གཤིབ་བསྡུར་གནང་གལ་ཆེའོ་ཞེས་ཞུའོ།།

Leave a Reply

Your email address will not be published. Required fields are marked *