༄༅། །ཇོ་བོས་བྱང་ཆུབ་སེམས་གཉིས་བཙལ་བའི་རྣམ་ཐར།

 

༄༅། །ཇོ་བོས་བྱང་ཆུབ་སེམས་གཉིས་བཙལ་བའི་རྣམ་ཐར།[1]

 

༼ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ (1507-1565) གིས་མཛད་པ།༽

 

རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཇོ་བོ་ལྷ་ཅིག་ཞེས་གྲགས་ཨ་ཏི་ཤས། །དགུང་ལོ་བཅུ་གཉིས་ལོན་ནས་བཅོ་བརྒྱད་བར། །རིགས་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏཱི་པ། །ར་ཧུ་ལ་སོགས་བླ་མ་མང་བསྟེན་ནས། །གསང་སྔགས་རྒྱུད་སྡེའི་དགོངས་དོན་ཕལ་ཆེར་རྙེད། །ཏིང་འཛིན་མུ་མཐའ་མེད་པ་ཐུགས་ལ་འཁྲུངས། །ཁྱད་པར་སྐྱེས་མཆོག་ཨ་ཝ་དྷཱུ་ཏཱི་ལས། །

ཆགས་པ་མེད་པ་དབུ་མའི་ཆོས་ལུགས་གསན། །དེ་ལ་བརྟེན་ནས་བདེན་པ་མཐོང་བཞེད་ནའང་། །རང་བཞིན་དབྱིངས་ནས་བྱོན་པའི་རྣལ་འབྱོར་མས། །དེ་ལས་བཟློག་སྟེ་རབ་ཏུ་བྱུང་ཞེས་གསུངས། །ཡང་ནི་ཨ་ཏི་ཤ་ཡི་དགོངས་པ་ལ། །ད་ནི་དུར་ཁྲོད་བས་མཐར་གནས་བཅས་ནས། །ཚེ་འདིར་གསང་སྔགས་འབྲས་བུ་མངོན་བསྒྲུབ་སྙམ། །དགོངས་མ་ཐག་ཏུ་བླ་མ་ར་ཧུ་ལ། །རི་ནག་བྱ་རྐང་ཅན་ནས་འཕུར་ཏེ་བྱོན། །མདུན་དུ་བཞུགས་ཏེ་ལུང་བསྟན་འདི་ལྟར་མཛད། །ཁྱོད་ཀྱི་བསམ་ཡུལ་དེས་ནི་ཅིར་མི་ཕྱིན། །ངུར་སྨྲིག་གོས་གྱོན་ཐུབ་པའི་བརྟུལ་ཞུགས་བཟུང་། །སྤྱན་རས་གཟིགས་བསྒོམ་བྱང་ཆུབ་སེམས་གཉིས་སྦྱོངས། །འབྲས་བྲེ་ཕྱེད་བཏང་འབྲས་བུ་སྨིན་པ་ཡི། །རྒྱལ་པོ་ལ་བརྟེན་གཞན་ཕན་འབྱུང་གསུང་ཡང་། །ཟླ་བའི་སྙིང་པོ་སྔར་ལས་ཐུགས་མ་འགྱུར། །དེ་ནུབ་མནལ་ལམ་དགའ་ལྡན་གནས་སུ་བྱོན། །ཐུབ་དབང་འཁོར་བཅས་གདུགས་ཚོད་གསོལ་བ་ནི། །ཐམས་ཅད་མཐུན་པར་སྤྱན་གཟིགས་མགྲིན་གཅིག་ཏུ། །ཁྱོད་ཉིད་ཅི་ལ་ཆགས་ཏེ་འཁོར་བར་གནས། །ཞེས་གསུངས་མོད་ལ་གདུང་བའི་མཆི་མ་བླགས། །མནལ་སད་གྱུར་ཚེ་རྡོ་རྗེ་གདན་བྱོན་ཏེ། །ཕལ་ཆེར་སྡེ་ལས་རབ་བྱུང་བསྙེན་པར་རྫོགས། །དུས་ཤིག་བྱང་ཆུབ་ཆེན་པོར་བཞུགས་པ་ན། །ལྷ་ཆུང་རྣམས་ཀྱིས་མྱུར་དུ་འཚང་རྒྱ་བའི། །ཐབས་མཆོག་གང་ལགས་ཞུས་ཚེ་ལྷ་ཆེན་རྣམས། །བྱང་ཆུབ་སེམས་གཉིས་སྦྱོངས་ཞེས་མགྲིན་གཅིག་གསུང་། །དེ་ནས་ཕྱི་སྐོར་མཛད་ཚེ་ནམ་མཁའ་ལ། །གར་སྒྱུར་རེས་འགའ་ས་ལ་གོམ་པ་འདོར། །མཚར་སྡུག་འོད་དུ་ཆགས་པའི་བུད་མེད་གཉིས། །སྔར་བཞིན་འདྲི་ཚེ་སྔར་བཞིན་ལན་འདེབས་སྐད། །དུས་གཅིག་ཀུ་སུ་ལུ་ཡི་རྣལ་འབྱོར་པ། །གཅིག་ལ་པཎ་ཆེན་ཡོངས་ཀྱི་སྔར་བཞིན་དྲིས། །དེ་ཚེ་སྔར་བཞིན་ལན་བཏབ་ཡིད་མ་ཆེས། །དེ་ཚེ་ཡིད་ཆེས་བསྒྲུབ་ཕྱིར་པྲ་ཕབ་སྟེ། །བྱིས་པ་གཞོན་ནུ་སྙིང་ལ་ལྷ་མོ་ནི། །ཙུན་དི་གནས་ལ་སྔར་གྱི་དོན་རྣམས་དྲིས། །དེ་ཚེ་པཎ་གྲུབ་རྣམས་ཀྱིས་མེ་ལོང་ལ། །ཐུབ་དབང་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས། །མེ་ལོང་དྭངས་པའི་ནང་ན་ཅི་ཞིག་སྣང་། །ཤཱཀྱ་མུ་ནེ་མཚན་དཔེའི་གཟི་འོད་ཅན། །དེ་ལ་སྔར་བཞིན་ཞུས་ཏེ་སྔར་བཞིན་གསུང་། །ད་དུང་ཡིད་མ་ཆེས་ནས་ཕྱོགས་བཅུ་ཡི། །རྒྱལ་སྲས་རྣམས་དང་བྱམས་མགོན་སྤྱན་དྲངས་ཚེ། །བྱམས་པས་དེ་དོན་རྒྱས་པར་གསུངས་པ་ན། །པཎ་གྲུབ་ཀུན་གྱི་ཐེ་ཚོམ་མུན་པ་བསངས། །དེ་ནས་གསེར་གླིང་བླ་མ་བྱང་སེམས་ཀྱི། །བསྟན་པའི་བདག་པོར་དགོངས་ནས་ཞབས་དྲུང་བསྙེགས། །དཀའ་བ་བརྒྱ་ཕྲག་དུ་མ་ཉེར་སྤྱད་དེ། །བྱང་ཆུབ་སེམས་ཀྱི་ནོར་བུ་བླང་བའི་ཕྱིར། །གཟིངས་ཆེན་ནང་དུ་འཁོར་བཅས་ཞུགས་ཤེས་ཐོས། །འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤས་རབ་ཏུ་བྱུང་ཞིང་བྱང་ཆུབ་ཀྱི་སེམས་གཉིས་བཙལ་བའི་ལོ་རྒྱུས་ཅུང་ཟད་ཙམ་ཡི་གེར་བཀོད་པའོ། །ཇོ་བོས་བྱང་ཆུབ་སེམས་གཉིས་བཙལ་བའི་ཚུལ། །ཀུན་ནས་དགའ་དང་དད་པའི་རྒྱུ་བྱས་ནས། །ཚིག་གི་ཕྲེང་བར་བསྡེབས་པའི་དགེ་བ་ཡིས། །རྣམ་གྲོལ་མཆོག་གི་གོ་འཕང་ཐོབ་པར་ཤོག།  །།

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དོན་བསྡུས། པོད། ༼ཨཱ༽ དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦བ༧ བར།

Leave a Reply

Your email address will not be published. Required fields are marked *