༄༅། །ཇོ་བོ་ཨ་ཏི་ཤའི་བསྟོད་མགུར་བཞུགས་སོ།།

༄༅། །ཇོ་བོ་ཨ་ཏི་ཤའི་བསྟོད་མགུར་བཞུགས་སོ།།[1]

 

རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (1570-1662) གྱིས་མཛད།

 

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྗེ་མི་ཕམ་ཆོས་ཀྱི་མདུན་སའི་རྒྱན། །ལྷ་སྐལ་ལྡན་གྲངས་མེད་ཡོངས་ཀྱི་མགོན། །དཔལ་ནམ་མཁའ་དྲི་མ་མེད་པའི་ཞབས། །མི་བདག་སྙིང་པདྨོའི་ཟེའུ་འབྲུར་གཞོག །ཞིང་བདེ་བ་ཅན་ན་འོད་དཔག་མེད། །རྗེ་རྒྱལ་བའི་སྤྱན་སྔར་བཟང་པོ་སྐྱོང་། །ཡོངས་ལྔ་རིག་པཎ་ཆེན་ཀུན་གྱི་གཙོ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ །

སྔོན་དཔག་མེད་དུས་ནས་སངས་རྒྱས་ཀྱང་། །བདག་མགོན་མེད་འགྲོ་བའི་དོན་གྱི་ཕྱིར། །ཁྲིམས་བསླབ་གསུམ་ལྡན་པའི་དགེ་སློང་ཚུལ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ །བོད་འདྲེ་སྲིན་གདུལ་དཀའ་འདུལ་མཛད་པའི། །དཔལ་མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་། །མགོན་ཁྱོད་ཀྱི་ཡེ་ཤེས་སྒྱུ་མའི་འཕྲུལ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ །དུས་མི་བཟད་ལྷག་མ་ལྔ་བདོ་བ། །ཡུལ་བྱང་ཕྱོགས་རྨོངས་པའི་མུན་ཁྲོད་འདིར། །ཆོས་ཕན་བདེའི་གཟི་འོད་སྟོང་འབར་བའི། །དཔལ་མར་མེ་མཛད་དཔལ་ཨ་ཏི་ཤ །རིགས་ཁྱབ་བདག་བདེ་གཤེགས་ཀུན་གྱི་དངོས། །ཆོས་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །ཚོགས་འཕགས་མཆོག་ཀུན་གྱི་འདྲེན་པ་མཆོག །སྐྱབས་བསླུ་མེད་མགོན་པོ་ཨ་ཏི་ཤ །ཕ་ཁྱོད་ཞབས་བསྟེན་ཅིང་མཆོད་པ་དང་། །ཡིད་རྩེ་གཅིག་གདུང་བས་གསོལ་འདེབས་ན། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་ཀུན། །དུས་མྱུར་དུ་སྩོལ་མཛད་ཨ་ཏི་ཤ །ད་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་ཁྱོད་ཞབས་པདྨོ་སྤངས་ནས་ནི། །བདག་རེ་བའི་སྐྱབས་གཞན་མི་འཚོལ་བས། །ཕ་ཐུགས་རྗེས་བཟུང་ཞིག་ཨ་ཏི་ཤ །རྟེན་རྙེད་དཀའ་འཇིག་སླའི་མི་ལུས་འདི། །ཕྱི་འབྲས་མེད་སྦུན་པ་མི་འཕྱར་བར། །དོན་རྩེ་གཅིག་སྙིང་པོ་ལེན་པ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་ཕུལ་བྱུང་ཞབས། །དགྲ་བདག་འཛིན་རྒོང་པོ་རྩད་ནས་གཏོན། །གཉེན་འགྲོ་དྲུག་སེམས་ཅན་གཅེས་པར་བཟུང་། །ལམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པར། །རྒྱུད་བྱིན་གྱིས་རློབས་ཤིག་ཕུལ་བྱུང་ཞབས། །སླར་མ་འོངས་སྐྱེ་བ་རྣམས་སུ་ཡང་། །སྤྲང་བདག་གི་སྐྱིད་སྡུག་ལེགས་ཉེས་རྣམས། །དཔལ་ལྷ་གཅིག་ཇོ་བོ་ཁྱེད་རང་མཁྱེན། །ལམ་ལོག་པར་མ་གཏོང་ཨ་ཏི་ཤ །ཚེ་འདི་སྣང་འགགས་པར་གྱུར་པ་ན། །དཔལ་མར་མེ་མཛད་དཔལ་སྣང་མཐའ་ཡས། །དོན་དེ་ཕྱིར་ཐུགས་རྗེའི་འོད་ཟེར་གྱིས། །བུ་སྙིང་མེད་བདེ་ཅན་དུ་དྲོངས། །མི་ང་ལ་དད་ཅིང་གུས་པ་རྣམས། །སྟེང་དགའ་ལྡན་ལྷ་བརྒྱའི་གནས་མཇལ་ཞེས། །བཀའ་འགྱུར་མེད་ཞལ་གྱིས་བཞེས་པ་ཡི། །དོན་མངོན་སུམ་བདག་ལ་བསྟན་དུ་གསོལ།།  །།

[1] རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུམ་འབུམ། ༼༡༽ ཤིང་དཔར་དཔེ་ཐུང་། ཤོག་ ༡ན༡ ནས་ ༢བ༦ བར།

Leave a Reply

Your email address will not be published. Required fields are marked *