༄༅། །ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ།

༄༅། །ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ།[1]

༼མཛད་པ་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ 982-19054 མཛད་པ།༽

 

མར་མེའི་སྣོད་(འོད་)ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག །སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་(དང་མཉམ་པར་)ཙམ་དུ་གྱུར་ཅིག །མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག །གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་འགྱུར་(འཕྱུར་)རེ་རེ་འབྱུང་བར་གྱུར་ཅིག །འོད་ཀྱི་(ཀྱིས་)སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨེ་མ་ཧོ། ངོ་མཚར་རྨད་འབྱུང་(བྱུང་)སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི་(ཐམས་ཅད་དང་)། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་(ཀྱིས)། །

ཚེ་རབས་འདི་དང་སྐྱེས་(སྐྱེ)གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་(དངོས་)མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས་(ཀྱི)། །བདེན་པའི་མཐུ་ཡི་(ཡིས་)སྨོན་ལམ་འདི་བཏབ་སྟེ་(པས)། །མྱུར་དུ་འགྲུབ་པར་བྱིན་གྱིས་རླབས་(བརླབ)ཏུ་གསོལ། །ཏ་དྱ་ཐཱ། པཉྩ་གྲི་ཨ་ཝ་བུདྡྷ་ན་ཡེ་སྭཱཧཱ། ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དབུས་གཙང་གི་མཆོད་ཁང་རྣམས་ལ་དཔོན་སློབ་བཅོ་བརྒྱད་ཙམ་གྱིས་འུར་འདོན་མཛད་ཅེས་གྲགས་སོ།།   །།

[1] ཞལ་འདོན་གཅེས་བཏུས། dhorphen publication, rumtek, ༢༠༠༩ ལོ། ཤོག་ ༣༣༣ ནས་ ༣༣༤ བར་བཞུགས་པར་རྨང་གཞི་བྱས་ཤིང་། བོད་གཞུང་ཤེས་རིག་དཔར་ཁང་ནས་ ༢༠༠༨ ལོར་དཔར་སྐྲུན་ཞུས་པའི་ཉིན་ཞག་ཕྲུགས་གཅིག་ལ་དགེ་སྦྱོར་ཇི་ལྟར་བྱ་བའི་ཚུལ་བཤད་པ་ལེགས་བཤད་རིན་ཆེན་ཕྲེང་བ་ཞེས་བྱ་བའི་ཤོག་གྲངས་ ༧༨ ནས་ ༧༩ བར་གསལ་བ་གཉིས་བསྡུར་ནས་མི་མཐུན་པ་དང་། དག་ནོར་གྱི་རིགས་རྣམས་ཤད་གུག་ནང་ཡིག་ཆུང་དུ་བཀོད་ཡོད་ལ། ཤེས་རིག་ནས་པར་སྐྲུན་ཞུས་པའི་ནང་ཇོ་བོ་རྗེས་མཛད་པའི་སྨོན་ལམ། ཞེས་དང་། ཞལ་འདོན་གཅེས་བཏུས་སུ། ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ། ཞེས་ཅུང་ཟད་མི་མཐུན་པ་གསལ་ཞིང་། གཞན་ཡང་མར་མེ་འོད་ལྔའི་སྣང་བ་ཆེན་པོ་གཅིག་ཏུ་གྱུར། ཞེས་སོགས་ཚིགས་བཅད་བཞི་བྱུང་ཡང་། དེ་དག་བཀའ་བརྒྱུད་ཞལ་འདོན་ཞལ་འདོན་གཅེས་སུ་མི་གསལ་བས། འདིར་ཡང་དེ་དག་མ་བཀོད་ལ། ཞལ་འདོན་གཅེས་བཏུས་སུ་གསལ་བའི་མར་མེའི་སྨོན་ལམ་གྱི་མཇུག་བྱང་གསལ་བར་བྱུང་བ་གོང་གསལ་འདི་ཉིད་གཞན་དུ་མི་གསལ་བ་བཅས་སོ།།
གཞན་ཡང་བཀའ་འགྱུར་གྱི་མར་མེའི་ལོ་རྒྱུས་དང་སྨོན་ལམ་གྱི་མདོ་ལས། མར་མེའི་སྣོད་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག །སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ནས། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་པའི་མུན་ནག་ཆེན་པོའི་ནང་ན་རང་གི་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་གནས་ཚུན་ཆད་སྣང་ཞིང་གསལ་བར་གྱུར་ཅིག །ཡུན་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་བཞུགས་པ་དེ་སྲིད་དུ་གནས་པར་གྱུར་ཅིག །གྲངས་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངས་མེད་པ་རེ་རེའི་སྤྱན་ལམ་དུ་གསལ་བར་གྱུར་ཅིག །(བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼པ༽ དེབ་ཨང་ ༡༣ པ། ཤོག་ ༨༩༡) ཅེས་སོགས་དབུ་ནས་ཅུང་ཅད་འདྲ་བ་ནི་རྒྱལ་བའི་བཀའ་འགྱུར་ལ་ཁུངས་འདུག་པར་སེམས་སོ།།

Leave a Reply

Your email address will not be published. Required fields are marked *