༄༅། །ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ལ་བརྟེན་ནས་ཕྱག་མཆོད་སོགས་བསག་སྦྱང་གི་རིམ་པ་ཇི་ལྟར་བྱ་ཚུལ་བྱིན་རླབས་ཉེར་འཇུག།

 

༄༅། །ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ལ་བརྟེན་ནས་ཕྱག་མཆོད་སོགས་བསག་སྦྱང་གི་རིམ་པ་ཇི་ལྟར་བྱ་ཚུལ་བྱིན་རླབས་ཉེར་འཇུག།

 

༼ཁལ་ཁ་དམ་ཚིག་རྡོ་རྗེས་ (1781-1855) མཛད་པ།[1]

 

ན་མོ་གུ་རུ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནཱ་ཡེ། ལྷར་བཅས་འགྲོ་བའི་བླ་མ་འོད་དཔག་མེད། །སྙིགས་དུས་འགྲོ་ལ་ལམ་བཟང་སྟོན་པའི་ཕྱིར། །མཁས་བཙུན་བཟང་པོའི་གར་གྱིས་རྣམ་རོལ་བ། །དཔལ་ལྡན་ཨ་ཏི་ཤ་ལ་གུས་ཕྱག་འཚལ།།

ཕུལ་བྱུང་ཞིང་མཆོག་མགོན་པོ་དེ་ཉིད་ལ། །སྐྱབས་ཀུན་འདུས་པའི་ངོ་བོར་ཡིད་ཆེས་པས། །ཕྱག་མཆོད་གསོལ་འདེབས་བསག་སྦྱངས་བྱ་བའི་ཚུལ། །ཀུན་ལ་ཕན་ཕྱིར་ལག་ཏུ་བླང་བདེར་བྲི། །འདིར་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་ལྷ་གཅིག་དཔལ་མར་མེ་མཛད་ཡེ་ཤེས་ལ་བརྟེན་ནས་ཕྱག་མཆོད་སོགས་བསག་སྦྱངས་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་དགོད་པ་ལ། ཐོག་མར་བླ་མ་གསེར་གླིང་པའི་ཕྱག་བཞེས་ལྟར་གནས་ཁང་བྱི་དོར་ལེགས་པར་བྱས་ལ། སྐུ་གསུང་ཐུགས་ཀྱི་རྟེན་སྤྱི་དང་། ཁྱད་པར་དུ་ཇོ་བོ་རྗེའི་སྐུ་བརྙན་རབ་གནས་དང་ལྡན་པ་ལེགས་པར་བཞུགས་སུ་གསོལ། དེའི་མདུན་དུ་གཙང་ཞིང་བཟང་ལ་གྱ་ནོམ་པའི་མཆོད་རྫས་མཎྜལ་དང་། མཆོད་ཡོན་ལ་སོགས་པའི་ཆུ་བཞི། རྣམ་ལྔའི་ཉེར་སྤྱོད། འདོད་ཡོན་ལྔ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། ཉེ་བའི་རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད། བླ་རེ་དང་འཕན་གདུགས་རྒྱལ་མཚན་བ་དན་ལྡ་ལྡི། ཆོས་གོས་རྣམ་གསུམ་སོགས་ཆོས་རྒྱན་དང་སྐུའི་ཉེར་སྤྱད། ཨ་རུ་ར་དང་ཛ་ཏི་སོགས་སྨན་བཟང་པོའི་རིགས་དང་། རྒྱ་ཇ་དང་ཞོ་འོ་མ་ཀ་ར་བུ་རམ་སོགས་སྡིག་དང་མ་འདྲེས་པའི་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས། འབུད་དཀྲོལ་རྒྱུད་བརྡུང་གི་རོལ་མོའི་ཁྱད་པར་ཇི་ལྟར་འོས་པ་རྣམས་བཀོད་པས་མཛེས་པར་བཤམས་ཤིང་འདུ་བྱས་ལ། སྒྲུབ་པ་པོ་རྣམས་དགེ་སྦྱོང་གི་ཆ་བྱད་མ་ཉམས་ཤིང་ཁྲུས་དང་གཙང་སྦྲ་ལ་གནས་པས། བདེ་བའི་སྟན་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་བཅས་པ་རྒྱུད་དང་འདྲེས་ངེས་པར་བསྒོམ་པ་སྔོན་དུ་བཏང་། དེ་ནས། ཐམས་ཅད་དུ་ནི་ས་གཞི་དག །ཅེས་སོགས་ཀྱི་ས་གཞི་བྱིན་རླབས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུ་སྟོབས་ཀྱིས་མཆོད་པའི་ཡོ་བྱད་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་པའི་མཐུ་ལས་སྐྱབས་ཡུལ་དམ་པ་རྣམས་ལ་ཟག་པ་མེད་པའི་དགྱེས་པ་བསྐྱེད་པར་བྱེད་པའི་མཐུ་དང་ལྡན་པར་གྱུར་ཅིག ཅེས་དང་། མཆོད་པའི་སྤྲིན་གྱི་གཟུངས་ལན་བདུན་བརྗོད་དེ་མཆོད་རྫས་རྣམས་བྱིན་གྱིས་བརླབ། དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། རང་གི་མདུན་གྱི་ནམ་མཁར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀཱ་ར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཨ་ཙརྱའི་རྣམ་པ་ཅན། སྤྱན་དཀྱུས་རིང་བ། ཞལ་འཛུམ་དགྱེས་པའི་ཉམས་ཅན། མགུལ་གཡོན་དུ་ཅུང་ཟད་འགྱིང་བ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་ཞིང་། དབུ་ལ་པཎ་ཞྭ་གསོལ་བ། སྐུའི་གཡོན་དུ་ཟ་མ་ཏོག་དང་། གཡོན་དུ་འབྲལ་སྤངས་མཆོད་རྟེན་དང་བཅས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དང་གཡས་གཡོན་རྣམས་སུ་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་དང་། སྐུ་མཆེད་གསུམ་ལ་སོགས་པའི་གསུང་སྲས་རྣམས་དང་། རང་གི་སྟེང་དང་མཐའ་སྐོར་དུ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད་ལ་སོགས་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་རང་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་པར་བསམ་མོ། དྲི་ཞིམ་པོའི་སྤོས་བཏུལ་ཞིང་། སྙན་པའི་དབྱངས་དང་བཅས། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །མ་དག་ཞིང་གི་འགྲོ་བ་ཐམས་ཅད་ལ། །མ་ལུས་རྒྱལ་བའི་མཛད་པ་སྒྲུབ་མཛད་པ། །རྩ་བརྒྱུད་བླ་མ་ཐམས་ཅད་གནས་འདིར་གཤེགས། །སྟེང་ཕྱོགས་དགའ་ལྡན་ལྷ་བརྒྱ་ཡོངས་ཀྱི་མགོན། །མི་ཕམ་རྒྱལ་བའི་ཆོས་ཀྱི་མདུན་ས་ནས། །རྒྱལ་སྲས་ཚུལ་བཟུང་ནམ་མཁའ་དྲི་མ་མེད། །བྱང་སེམས་འཁོར་ཚོགས་དང་བཅས་གནས་འདིར་གཤེགས། །ལྷུན་གྲུབ་བདེ་ཆེན་དམིགས་མེད་ཆོས་སྐུའི་བདག །གཤེགས་དང་བཞུགས་པའི་མཚན་མ་ཀུན་བྲལ་ཡང་། །ཆུ་ནང་ཟླ་བ་དབང་པོའི་གཞུ་བཞིན་དུ། །གདུལ་བྱའི་མོས་པ་ཇི་བཞིན་གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །རཏྣ་གུ་རུ་ས་པ་ཏི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་མདུན་གྱི་ཚོགས་ཞིང་རྣམས་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་བསམ་མོ། དེ་ནས། སྐུ་ཁྲུས་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཞེས་སོགས་ཀྱིས་ཁྲུས་ཁང་བསྐྱེད་ཅིང་དེར་གདན་དྲངས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཁྲུས་གསོལ་ཡོངས་གྲགས་ལྟར་རྒྱས་པར་བྱ་ཞིང་། བྱུག་པ་དང་གོས་རྒྱན་སོགས་ཕུལ་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་ཀྱིས་སླར་ཡང་ཚོགས་ཞིང་དུ་བཞུགས་སུ་གསོལ། སྒྲུབ་པ་པོ་རྣམས་ལངས་ཏེ་ཕྱག་འཚལ་བ་དང་བཅས། རབ་འབྱམས་ཞིང་གི་འཁོར་ལོ་མ་ལུས་དངོས། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །སྐྱབས་གསུམ་ཀུན་འདུས་ཞིང་དང་སྐྱབས་ཀྱི་ཡུལ། །བླ་མའི་ཞབས་ལ་རྟག་ཏུ་ཕྱག་འཚལ་ལོ། །བླང་དོར་གནས་ཀུན་སྟོན་པའི་སྒྲོན་མེ་སྟེ། །མ་རིག་མུན་སེལ་ཉིན་མོའི་དབང་ཕྱུག་མཆོག །ཉོན་མོངས་ཚ་གདུང་སེལ་མཛད་མཚན་མོའི་མགོན། །མཚུངས་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ལམ་དུ་འཁྲིད་པའི་དེད་དཔོན་ཏེ། །སྡུག་བསྔལ་ནད་སེལ་སྨན་པ་ཆེན་པོ་མཆོག །འཇིགས་པ་ཀུན་སྐྱོབ་ཕན་བདེ་ཀུན་སྩོལ་བ། །བླ་མ་རྣམས་ལ་རྟག་ཏུ་གུས་ཕྱག་འཚལ། །སྣང་བ་མཐའ་ཡས་རྒྱལ་བ་ཀུན་གྱི་གཙོ། །སྙིགས་དུས་ལྔ་བརྒྱའི་གཙུག་རྒྱན་ཐམས་ཅད་མཁྱེན། །དཔལ་ལྡན་མར་མེ་མཛད་དཔལ་ཡེ་ཤེས་ཞེས། །ཕྱོགས་བཅུར་སྙན་པར་གྲགས་ལ་ཕྱག་འཚལ་ལོ། །ནོར་བུའི་བ་གམ་འོད་ཟེར་བཞད་པའི་གྲོང་། །གསེར་གྱི་རྒྱལ་མཚན་མངོན་མཐོའི་གཞལ་མེད་ཆེར། །དགེ་བའི་དཔལ་དང་འོད་ཟེར་ཅན་གཉིས་ཀྱི། །སྲས་སུ་བསམ་བཞིན་འཁྲུངས་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་བརྒྱ་པའི་ཕུན་ཚོགས་ལ་འཁུ་བ། །སྲིད་འབྱོར་མནར་མེད་དམྱལ་བའི་བྱིན་ཟ་ལྟར། །དགོངས་མ་ཐག་ཏུ་དེ་སྤངས་སྔགས་སྤྱོད་པའི། །བརྟུལ་ཞུགས་གྲུབ་པའི་དབང་པོ་ཁྱོད་ཕྱག་འཚལ། །བསླབ་གསུམ་སྦྲང་རྩིའི་རྒྱལ་མཚན་དཔལ་འབར་བ། །ཁོ་ནས་ཐུབ་བསྟན་དགའ་ཚལ་མཛེས་དགོངས་ཏེ། །དོན་ཀུན་གྲུབ་པ་གཞན་བཞིན་རབ་བྱུང་བས། །ཐུབ་དབང་གཉིས་པར་གྱུར་པ་ཁྱོད་ཕྱག་འཚལ། །མཁྱེན་པའི་ཆུ་འཛིན་བརྩེ་བའི་ཆུ་ཁུར་ཅན། །བརྒྱ་དང་ལྔ་བཅུའི་ཐུགས་བཅུད་བདུད་རྩིའི་ཆར། །དྲི་བྲལ་ཁྱོད་ཐུགས་ཤེལ་གྱི་བུམ་བཟང་དེར། །ནམ་ཡང་དོག་པ་སྤངས་ལ་ཕྱག་འཚལ་ལོ། །དངོས་སྟོབས་རིགས་པ་རྡོ་རྗེའི་མེ་ཆར་གྱིས། །ཕས་ཀྱི་རྒོལ་བའི་བྲག་རི་ཀུན་བསྙིལ་ཞིང་། །སྐལ་ལྡན་རྨ་བྱའི་རྣ་བར་ལེགས་བཤད་ཀྱི། །འབྲུག་སྒྲ་དལ་གྱིས་དགོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཐུབ་པའི་བཀའ་ཡི་ཁུར་འཛིན་པ། །སྡེ་པ་བཅོ་བརྒྱད་ཀུན་གྱི་གཙུག་རྒྱན་དུ། །ཁྱོད་བཞེངས་དེ་ཚེ་ལྔ་བརྒྱའི་གཙུག་རྒྱན་ཞེས། །བསྔགས་པ་དོན་དང་ལྡན་ལ་ཕྱག་འཚལ་ལོ། །གངས་ཅན་མགོན་པོ་རྒྱལ་བའི་འབྱུང་གནས་དང་། །ལེགས་སྤྱད་སྨོན་ལམ་སྟོང་གི་མཚམས་སྦྱོར་ལས། །སླར་ཡང་བོད་ཡུལ་མུན་པ་ཀུན་སེལ་བའི། །མར་མེ་མཛད་དཔལ་དོན་མཐུན་ཁྱོད་ཕྱག་འཚལ། །དེ་ཚེ་ཁ་བ་ཅན་གྱི་སྐྱེད་མོས་ཚལ། །བསླབ་གསུམ་སྦྲང་རྩིས་གཏམས་པའི་ཆུ་སྐྱེས་ཀྱིས། །ཡོངས་གང་འཕགས་ཡུལ་ཆོས་ཀྱི་དགའ་ཚལ་ཡང་། །ཀུན་ཏུ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །ཞིང་འདིའི་གདུལ་བྱ་གདུལ་བའི་དོན་མཛད་ནས། །དགའ་ལྡན་ལ་སོགས་གྲངས་མེད་གནས་མཆོག་ཏུ། །དཔག་མེད་སྤྲུལ་པས་མུ་མེད་འགྲོ་བའི་མགོན། །བཞེད་དགུར་མཛད་ལ་ཁྱོད་ལ་ཕྱག་འཚལ་ལོ། །སླང་ཡང་མེ་ཏོག་ཆོས་སྐུའི་མཁའ་དབྱིངས་ལས། །ཁྱོད་ཀྱི་འཕྲིན་ལས་ཉི་ཟླའི་འགྲོས་ཆེན་པོས། །བདག་སོགས་རྨོངས་པའི་མུན་པ་ཀུན་སེལ་ཞིང་། །ཐུབ་བསྟན་གསལ་བར་མཛད་ལ་ཕྱག་འཚལ་ལོ། །འཕགས་པའི་ཡུལ་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །གངས་ཅན་ལྗོངས་སུ་བློ་བཟང་གྲགས་པའི་དཔལ། །འཕྲིན་ལས་མཁའ་ཁྱབ་མཛད་ལ་ཕྱག་འཚལ་ལོ། །གྲངས་མེད་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །གཅིག་ཏུ་བསྡུས་པ་འབྲོམ་སྟོན་ཆོས་ཀྱི་རྗེ། །རབ་འབྱམས་རྒྱལ་བའི་འབྱུང་གནས་མི་ཟད་པ། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་མགོན་པོ་ཕུ་ཆུང་བ། །འཇམ་དབྱངས་མཁྱེན་པའི་མངའ་བདག་རིན་ཆེན་གསལ། །གསང་བདག་གྲུབ་པའི་དཔའ་བོ་ཚུལ་ཁྲིམས་འབར། །རྒྱལ་སྲས་སྐུ་མཆེད་གསུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། །སོགས་དང་། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །སོགས་དང་། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་། །སོགས་དང་། རབ་འབྱམས་གསུང་རབ་སོགས་དང་། སྒྲུབ་པ་པོ་ལ་སོགས་དང་། སྟོན་པ་བླ་མེད་སོགས་དང་། དམིགས་མེད་ཐུགས་རྗེ་སོགས་དང་། སྔོན་ཚེ་བཅོམ་ལྡན་སོགས་དང་། ཕྱག་བྱར་འོས་པ་སོགས་བརྗོད་དེ་ཕྱག་འཚལ། དེ་ནས། མཆོད་པ་དབུལ་བ་ལ། ཨོྃ་བཛྲ་བྷུ་མི་ཨཱཿཧཱུཾ། ཞེས་པ་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་སྐྱབས་མགོན་བླ་མ་དཔལ་ལྡན་ཨ་ཏི་ཤས་གཙོ་མཛད་པའི་སྐྱབས་གནས་དམ་པ་རྣམས་ལ་དབུལ་བར་བགྱིའོ། །ཞེས་དང་། བདག་གཞན་ལུས་ངག་ཡིད་གསུམ། སོགས་དང་། གྲངས་མེད་དཔག་ཚད་ཁྱོན་ལྡན་མགྱོགས་འགྲོའི་སྟེང་། །བྱེ་བ་ཕྲག་བརྒྱའི་ཆུ་དང་གསེར་གྱི་གཞིར། །ལྷུན་པོའི་དབང་པོ་གླིང་བཞི་གླིང་ཕྲན་བཅས། །ལྷ་ལམ་མཛེས་བྱེད་ཉི་ཟླའི་སྣང་བ་ཡང་། །དེ་སྙེད་གྲངས་ལྡན་ལྕགས་རི་མུ་ཁྱུད་བཅས། །རིན་ཆེན་བདུན་དང་འདོད་དགུའི་གཏེར་ཆེན་པོ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དང་ལྷན་ཅིག་ཏུ། །མ་ལུས་ཞིང་གི་དམ་པ་སྐྱབས་ཀྱི་མཆོག །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །རབ་འབྱམས་རྒྱལ་བ་ཀུན་དངོས་བླ་མ་ལ། །དབུལ་ལོ་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་བདག་ལ་སྩལ་ཏུ་གསོལ། །དེ་ནས་མཎྜལ་དབུལ། གསེར་གྱི་འདབ་སྟོང་འཁྲིགས་པའི་འོད་རིས་ཅན། །ཡངས་པའི་སྣོད་དུ་རབ་གཏམས་བདུད་རྩིའི་མཆོག །དལ་གྱི་རླབས་ཕྲེང་དབུ་བའི་འཛུམ་དཀར་ཅན། །མ་ལུས་ཞིང་ཀུན་གང་བའི་མཆོད་ཡོན་ཚོགས། །སྒྲིབ་གཉིས་རྙོག་པའི་དྲི་མ་ཀུན་བྲལ་ཡང་། །དད་པས་བླ་མ་མཆོག་ལ་སྐུ་ཁྲུས་གསོལ། །འགྲོ་ཀུན་སེམས་ཀྱི་རྡོ་རྗེ་སྒྲིབ་བྲལ་གྱི། །རྒྱལ་བའི་ཐུགས་ཀྱི་རྡོ་རྗེ་ཐོབ་པར་ཤོག །ཅེས་དང་། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། ཞལ་བསིལ། བསང་གཏོར། ཞེས་སྦྱར་ཏེ་ཆུ་བཞི་དབུལ། དེ་ནས། གསེར་གྱི་འོད་འཁྲིགས་ལྷ་རྫས་མནྡྷར། །ཡོངས་འདུས་ཧ་ཀ་རའི་མེ་ཏོག་དང་། །པདྨ་ཨུཏྤལ་ཀུ་མུད་ཨུ་དུམ་སོགས། །མཆོད་འོས་མེ་ཏོག་ཀུན་ཀྱང་ཁྱེད་ལ་དབུལ། །ཙན་དན་ག་བུར་ཨ་ཀ་རུ་ལ་སོགས། །རིན་ཆེན་སྣོད་དུ་འབར་བའི་མེར་བསྲེགས་པས། །དུ་བའི་སྤྲིན་ཕུང་ལྷ་ཡི་ལམ་ཀུན་ཏུ། །ཁྱབ་པའི་དྲི་བཟང་ཀུན་ཀྱང་ཁྱེད་ལ་དབུལ། །ཇི་སྙེད་ཉི་ཟླ་ནོར་བུའི་སྣང་བ་དང་། །འོད་ཟེར་བཞད་དང་གསེར་གྱི་སྣོད་ཡངས་སུ། །དྲི་ཞིམ་རྩི་མར་འབྲུ་མར་སྣ་ཚོགས་པས། །རབ་འབར་སྒྲོན་མེ་རྣམས་ཀྱང་ཁྱེད་ལ་དབུལ། །སྣ་ཚོགས་ཕྲ་བཀོད་དབྱིབས་ལེགས་སྣོད་རྣམས་སུ། །ག་བུར་གུར་ཀུམ་ཙན་དན་གྱིས་བསྒོས་པའི། །དྲི་བཟང་ཞིང་ཀུན་ཅིག་ཅར་འགེངས་བྱེད་པ། །ཡིད་འོང་དྲི་ཆབ་ཚོགས་ཀྱང་ཁྱེད་ལ་དབུལ། །ལྷ་དང་མི་ཡི་རྣམ་དཀར་གྱིས་བསྐྲུན་པའི། །བཟའ་དང་བཏུང་བ་རོ་བརྒྱའི་ཕུན་ཚོགས་ཅན། །མཛེས་ཤིང་ཡིད་འོང་ཁྱབ་པར་སྣ་ཚོགས་པ། །སྟོང་གསུམ་ཁྱོན་ཀུན་བཀང་སྟེ་ཁྱེད་ལ་དབུལ། །འཐུངས་ན་ལྕེ་བདེ་བློ་གསལ་ཤེས་རབ་འཕེལ། །གུར་ཀུམ་མདོག་ཅན་ག་བུར་ངད་པ་ཅན། །རོ་བརྒྱའི་དཔལ་འཛིན་ཇ་དཀར་བཏུང་བ་སོགས། །ཁ་ན་མ་ཐོ་སྤངས་པའི་མཆོད་པས་མཆོད། །དྲུག་ལྡན་ལ་སོགས་མཛེས་མའི་གླུ་དབྱངས་དང་། །སྙན་པའི་གདངས་ཀྱི་འགྱུར་བ་སྟོང་ཕྲག་ཅན། །རྣ་བའི་བཅུད་ལེན་རྒྱས་བྱེད་ལྷ་དང་མིའི། །སྣ་ཚོགས་རོལ་མོ་རྣམས་ཀྱང་ཁྱེད་ལ་དབུལ། །ཞེས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། གང་ཤར་གཟུགས་ཀྱི་སྣང་བ་མ་ལུས་པ། །ཟླ་ཞལ་ཨུཏྤལ་མིག་ཅན་འཇོག་སྒེག་མ། །ཕྱོགས་ཀུན་ངོ་མཚར་གར་གྱི་རི་མོ་བཞིན། །གཟུགས་ཀྱི་རྡོ་རྗེ་མར་བསྒོམས་ཁྱེད་ལ་དབུལ། །གང་ཤར་སྒྲ་ཡི་སྣང་བ་མ་ལུས་པ། །དྲི་ཟའི་པི་ཝང་རྡུང་ཞིང་རྣ་བ་ཡི། །བཅུད་ལེན་གླུ་དབྱངས་གྲེ་འགྱུར་འབུམ་ཕྲག་ཅན། །སྒྲ་ཡི་རྡོ་རྗེ་མར་བསྒོམས་ཁྱེད་ལ་དབུལ། །གང་ཤར་དྲི་ཡི་སྣང་བ་མ་ལུས་པ། །ལུས་དང་ཁ་ནས་ག་བུར་དྲི་བཟང་ཅན། །གུར་ཀུམ་ཐོགས་པས་ཕྱོགས་ཀྱི་འཁོར་ལོ་འགེངས། །དྲི་ཡི་རྡོ་རྗེ་མར་བསྒོམས་ཁྱེད་ལ་དབུལ། །གང་ཤར་རོ་ཡི་སྣང་བ་མ་ལུས་པ། །བིམ་པ་ལྟར་དམར་མ་མཆུའི་སྦྲང་རྩི་དང་། །རོ་བརྒྱའི་བཅུད་ལྡན་ལྷ་ཡི་ཞལ་བཟས་འཛིན། །རོ་ཡི་རྡོ་རྗེ་མར་བསྒོམས་ཁྱེད་ལ་དབུལ། །གང་ཤར་རེག་བྱའི་སྣང་བ་མ་ལུས་པ། །འཇམ་མཉེན་འཁྲིལ་ཆགས་པདྨའི་ལུས་ཕྲ་མ། །སྣ་ཚོགས་ལྷ་རྫས་ན་བཟའི་ལྷབ་ལྷུབ་འཛིན། །རེག་བྱའི་རྡོ་རྗེ་མར་བསྒོམས་ཁྱེད་ལ་དབུལ། །ཞེས་འདོད་ཡོན་ལྔ་དང་། གསེར་སྦྱངས་ལས་བྱས་མུ་ཁྱུད་རྩིབས་སྟོང་ཅན། །ཉི་མའི་གཟི་བྱིན་ཕམ་བྱེད་གང་གི་མཐུས། །གླིང་བཞིའི་དཔལ་ལ་འདོད་དགུར་དབང་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །མཐོ་རིས་བདག་པོའི་ཅོད་པན་དུ་འོས་ཤིང་། །དྲི་མ་ཀུན་བྲལ་གཟི་འབྱིན་བཻཌཱུརྱ། །ས་སྟེང་འདོད་དགུའི་ཆར་གྱིས་འགེངས་བྱེད་པ། །ནོར་བུ་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །འཆི་མེད་མཛེས་མའི་ཚོགས་རྣམས་ལན་བརྒྱར་ཡང་། །ཕམ་བྱེད་གཟུགས་དང་ལང་ཚོའི་དཔལ་ཡོན་ཅན། །མཐོང་བས་བདེ་སྟེར་ཀུན་གྱི་ཡིད་འཕྲོག་མ། །བཙུན་མོ་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །ཡོན་ཏན་དྲུག་ཤེས་ཕུར་བུའི་ཁེངས་པ་འཕྲོག །འཚེ་བ་མེད་པར་ནོར་འཛིན་དབང་དུ་བྱེད། །ས་ཆེན་སྐྱོང་བའི་བྱ་བ་ཀུན་ལ་མཁས། །བློན་པོ་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །གངས་རིའི་དབང་པོར་དོགས་པ་དང་ལྡན་ཞིང་། །གསེར་གྱི་དྲ་བས་གདོང་མཛེས་སྤྱི་གཙུག་མཐོ། །ཕ་རོལ་དགྲ་བཅོམ་མགྱོགས་འགྲོ་ཅང་ཤེས་པ། །གླང་པོ་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །སྟོང་གསུམ་ཡུད་ཀྱིས་སྐོར་བྱེད་བང་འགྲོས་ལྡན། །རིན་ཆེན་སྒ་སྲབ་ནོར་བུའི་ལན་ཚར་འཕྱང་། །མདོངས་ལྡན་མགྲིན་པའི་སྤུ་ལྟར་ལྟ་ན་སྡུག །རྟ་མཆོག་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །གང་གི་དཔལ་གྱིས་རྨུགས་འཛིན་དབང་པོ་ཡང་། །ངེས་པར་སྐྱེངས་བྱེད་འབྲུ་དང་རིན་ཆེན་གྱི། །བང་མཛོད་ནམ་ཡང་ཟད་པ་མེད་པ་ཅན། །ཁྱིམ་བདག་རིན་ཆེན་ནམ་མཁའ་བཀང་སྟེ་དབུལ། །ནམ་མཁའི་མཐས་ཁྱབ་གངྒཱའི་རྡུལ་སྙེད་ཀྱི། །འཇིག་རྟེན་ཁམས་ན་ལྷ་དང་མི་ཡི་རྫས། །ཡིད་འོང་མཆོད་པར་འོས་པ་ཅི་མཆིས་པ། །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །མུ་ཏིག་དོ་ཤལ་འོད་ཚོགས་ག་བུར་ཅན། །ཟླ་ཤེལ་བ་གམ་མཐོ་ལྡན་གསེར་མཆོག་གི །ཁང་བརྩེགས་ཡིད་འོང་ནམ་མཁའ་གང་བ་ཡང་། །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་དབུལ་བར་བགྱི། །སྣ་ཚོགས་རིན་ཆེན་འཕྲ་བཀོད་གདོང་ལྔའི་ཁྲི། །འཇའ་ཚོན་ལྟར་བཀྲའི་དར་གྱི་ལྡ་ལྡི་དང་། །མཁའ་ངོས་ཁྱབ་པར་ལྷ་རྫས་བླ་རེ་བྲེས། །སྣ་ཚོགས་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ལྷ་རྫས་ན་བཟའི་ཁྱད་པར་སྣ་ཚོགས་དང་། །གཞལ་མེད་ལྷ་དང་མི་ཡི་རིན་ཆེན་ཚོགས། །མཛེས་པའི་རྒྱན་མང་འདུ་བྱས་ཁྱེད་ལ་དབུལ། །རྡོ་རྗེའི་སྐུ་ལ་སྙུན་ནད་དང་བྲལ་ཡང་། །ཁ་དོག་རོ་ནུས་སྨིན་པའི་ཁྱད་པར་ཅན། །སྣ་ཚོགས་སྨན་གྱི་ཁྱད་པར་རྣམས་ཕུལ་བས། །འགྲོ་ཀུན་ནད་མེད་ཉོན་མོངས་ལས་གྲོལ་ཤོག །གཞན་ཡང་དག་པའི་ཞིང་ཁམས་གྲངས་མེད་ན། །སྲས་བཅས་རྒྱལ་བའི་རྣམ་དཀར་གྱིས་བསྐྲུན་པའི། །འཇིག་རྟེན་ལས་འདས་སྣོད་བཅུད་འབྱོར་པ་ཀུན། །ཕུལ་བས་འགྲོ་ཀུན་དག་པའི་ཞིང་བགྲོད་ཤོག །ཅེས་ཟང་ཟིང་གི་མཆོད་པ་རྣམས་དབུལ། རྣམ་མང་འགྲོ་བའི་ཡིད་ཀྱི་ནོར་འཛིན་ལ། །དཀར་པོའི་ལས་ལམ་བཅུ་ཡི་ས་བོན་ལས། །ལེགས་འཁྲུངས་ལྷ་དང་མི་ཡི་བདེ་བའི་འབྲས། །ཡོངས་སུ་སྨིན་པའི་དགེ་ཚོགས་རྣམས་ཀྱང་དབུལ། །འཇིགས་རུང་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །མཐོ་རིས་གྲུ་ཆེན་ངེས་འབྱུང་རླུང་ཤུགས་ཀྱིས། །ལེགས་བསྐྱོད་རྣམ་གྲོལ་རིན་ཆེན་གླིང་མཆོག་ལ། །འདོད་དགུར་སྤྱོད་པའི་དགེ་ཚོགས་རྣམས་ཀྱང་དབུལ། །རབ་བརྟན་ཕུལ་བྱུང་དད་པའི་ནོར་འཛིན་གཞིར། །དཀར་པོའི་ལམ་བཅུ་དག་པའི་འགྲམ་གཞི་བརྟན། །རྒྱ་ཆེན་མང་ཐོས་རིན་ཆེན་རྩིག་ངོས་ལ། །སྣ་ཚོགས་རིག་གནས་ཚོན་བརྒྱས་བཀྲ་བྱས་ཤིང་། །ཏིང་འཛིན་སྒོ་བརྒྱའི་མངོན་ཤེས་དྲ་མིག་ཅན། །ལྷག་བསམ་བྱང་ཆུབ་སེམས་ཀྱི་ཀ་ཆེན་སྟོང་། །རབ་ཏུ་འཁྲང་ལྡན་སྙིང་སྟོབས་ཀ་གཞུ་ལ། །རབ་བརྟེན་གཞན་ཕན་གདུང་ཆེན་ཚོགས་ཀྱིས་བྲེས། །རྒྱ་ཆེན་རྒྱལ་སྲས་སྤྱོད་པའི་ལྕམ་རྣམས་དང་། །རྣམ་མང་ཐབས་ལ་མཁས་པའི་དྲལ་མས་མཛེས། །གྲངས་མེད་ལུང་དང་རྟོགས་པའི་བང་མཛོད་ཅན། །ཚུལ་ཁྲིམས་ཧ་རི་ཙན་དན་ངད་ལྡན་ཞིང་། །སྙོམས་འཇུག་དགུ་ཡི་རོ་བརྒྱའི་ཞལ་ཟས་དང་། །ཤེས་རབ་སྒྲོན་མེའི་སྣང་བ་སྟོང་འབར་ཞིང་། །བདེ་བར་གཟིམས་པའི་བསམ་གཏན་གདན་ཁྲི་ལ། །བཟོད་མཆོག་རེག་ན་བདེ་བའི་གོས་ཀྱིས་བསྐྱབས། །བྲན་འཁོར་བརྩོན་འགྲུས་མཛངས་ལྡན་སྟོང་ཕྲག་འཁྱུད། །འགྲོ་བའི་རེ་སྐོང་སྦྱིན་པའི་དཔག་བསམ་དང་། །བསྡུ་བ་རྣམ་བཞིའི་སྒོ་ཆེན་ལེགས་ཕྱེ་ཞིང་། །ལམ་ལྔའི་ཐོག་གིས་ཇེ་མཐོར་གྱུར་པའི་རྩེར། །ཀུན་མཁྱེན་ཡེ་ཤེས་ནོར་བུའི་ཏོག་གིས་མཛེས། །ཐེག་མཆོག་ཆོས་ཀྱི་ཕོ་བྲང་ཉམས་དགའ་བ། །ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཁྱེད་ལ་དབུལ། །ཟབ་གསལ་དབྱེར་མེད་བཻཌཱུརྱ་ཡི་གཞིར། །རྒྱུད་སྡེ་རྣམ་བཞིའི་རིན་ཆེན་ར་བས་བསྐོར། །རྣམ་དག་དབང་གི་སྒོ་ཆེན་ལེགས་པར་ཕྱེ། །རྡོ་རྗེ་དམ་ཚིག་རྩ་བར་རབ་བརྟན་ཅིང་། །བསྙེན་སྒྲུབ་རྣམ་མང་ཡལ་གའི་ཁྱོན་ཡངས་ལ། །གྲུབ་ཆེན་བརྒྱད་ཀྱི་ལོ་འདབ་ཀྱིས་ཀླུབས་ཤིང་། །འཕྲིན་ལས་རྣམ་བཞིའི་མེ་ཏོག་ཕོན་པོ་དང་། །མཆོག་གི་དངོས་གྲུབ་འབྲས་བུ་གཡུར་ཟ་བའི། །དཔག་བསམ་རྐང་འཐུང་ཕྲེང་བས་ཡོངས་སུ་བསྐོར། །མཚམས་མེད་ལ་སོགས་ལས་ཀྱི་སྒྲིབ་པ་ཡང་། །སྐད་ཅིག་ཉིད་ལ་དག་བྱེད་ཆུས་གང་བའི། །ཐབས་མང་རྨད་བྱུང་རྫིང་བུ་བགྲང་ཡས་ལྡན། །རྣམ་མང་སྐྱེ་འགྲོའི་བུང་བ་ཚིམ་མཛད་པའི། །སྣ་ཚོགས་སྒྲུབ་ཐབས་མེ་ཏོག་ཚོགས་འབར་ཞིང་། །དཔའ་བོའི་ཚོགས་རྣམས་མཛེས་པའི་གར་བྱེད་པ། །མཁའ་འགྲོ་བྱེ་བ་སྙན་པའི་གླུ་དབྱངས་ལེན། །བཀའ་སྡོད་སྲུང་མའི་ཚོགས་རྣམས་བར་ཆད་བསྲུང་། །གྲངས་མེད་སྒྲུབ་པ་ཕོ་མོའི་གཉིས་སྐྱེས་ཚོགས། །འཇིགས་བྲལ་དོན་གཉིས་བག་ཕེབས་རྩེ་དགས་རོལ། །སྐྱེ་ཤི་བར་དོའི་མ་དག་འཁྲུལ་བའི་གྲོང་། །སྐུ་གསུམ་རིན་ཆེན་ཁང་བཟང་དུ་བསྒྱུར་ཞིང་། །སྟོང་ཉིད་བཅུ་དྲུག་མཛེས་མའི་ལང་ཚོ་ལ། །བཅུ་དྲུག་དགའ་བའི་གཞོན་ནུས་རྣམ་པར་འཁྱུད། །འོད་གསལ་འཆི་མེད་ལམ་བཟང་ཉམས་དགའ་བ། །སྒྱུ་འཕྲུལ་དྲ་བའི་འཇའ་ཚོན་དྲ་བས་ཁྱབ། །དབང་ཕྱུག་བརྒྱད་ཀྱི་གཟའ་ཚོགས་མདངས་གསལ་ཞིང་། །དཀྱིལ་འཁོར་འཁོར་ལོ་བྱེ་བའི་རྒྱུ་སྐར་བཀྲ། །རྡོ་རྗེ་ཐེག་པའི་སྐྱེད་ཚལ་བླ་ན་མེད། །ཀུན་ཀྱང་རྡོ་རྗེ་འཆང་དབང་ཁྱེད་ལ་དབུལ། །མདོར་ན་རང་ཉིད་ཐོས་བསམ་སྒོམ་པ་ལ། །འབད་དང་འཆད་རྩོད་རྩོམ་པས་ཐུབ་བསྟན་ལ། །རི་མོར་བགྱིད་དང་གཞན་ཕན་ལྷུར་ལེན་པའི། །དགེ་ཚོགས་རྨད་བྱུང་ཐམས་ཅད་ཁྱེད་ལ་དབུལ། །བདག་ལུས་འཇིག་རྟེན་ཁམས་ཀུན་རྡུལ་སྙེད་ཀྱི། །གྲངས་མཉམ་དུ་སྤྲུལ་ཁྱེད་ཀྱི་བྲན་དུ་དབུལ། །འཁོར་བ་ཇི་སྲིད་བཀའ་འབངས་སུ་བཟུང་ནས། །བཀའ་བཞིན་བསྒྲུབས་པས་མགོན་ཁྱོད་དགྱེས་བྱེད་ཤོག །གཞན་ཡང་དག་པའི་སར་གནས་རྒྱལ་སྲས་ཀྱི། །ཏིང་འཛིན་རྙོག་བྲལ་ཆུ་གཏེར་ལས་འཁྲུངས་པའི། །ཀུན་བཟང་མཆོད་སྤྲིན་འདབ་བརྒྱའི་ཕྲེང་བ་ཡིས། །མ་ལུས་ཞིང་ཀུན་ཁྱབ་པར་བྱས་ཏེ་དབུལ། །ཞེས་སྒྲུབ་པའི་མཆོད་པའང་དབུལ་བའོ། །དེ་ནས། ལྟུང་བཤགས་དང་སྤྱི་བཤགས་སྡོམ་གསུམ་སོ་སོའི་བཤགས་པ་སོགས་ཅི་འགྲུབ་ཏུ་བྱས་མཐར། རང་བཞིན་འོད་གསལ་གསེར་ལྟར་དག་པའི་སེམས། །རྨི་ལམ་སྒྱུ་འདྲར་གློ་བུར་དྲི་མ་ཡིས། །ལན་མང་བསྒྲིགས་འདི་བཤགས་བྱ་བཤགས་ཡུལ་སོགས། །རང་བཞིན་སྟོང་པའི་དབྱིངས་སུ་དག་པར་བགྱི། །ཡིད་བཞིན་ནོར་ལྟར་རྟོག་པ་ཀུན་བྲལ་ཡང་། །བཻཌཱུརྱ་ས་གཞིར་ལྷ་དབང་སྣང་བརྙན་བཞིན། །འབད་མེད་ལྷུན་གྲུབ་དོན་གཉིས་མཛད་པ་ལ། །ལན་ཅིག་མིན་པར་རྗེས་སུ་ཡི་རང་ངོ་། །གཞན་ཡང་ཕྱོགས་དང་ཕྱོགས་བྲལ་འཇིག་རྟེན་ན། །མཆོད་འོས་ཞིང་གི་དམ་པ་བླ་མ་ལ། །དད་ལྡན་ཚོགས་ཀྱི་དད་པས་ཉེར་བསྐྲུན་པའི། །དགེ་ཚོགས་ཀུན་ལའང་ལྷག་པར་རྗེས་ཡི་རང་། །གངྒཱའི་བྱེ་སྙེད་མ་ལུས་ཞིང་ཀུན་ཏུ། །ཇི་སྙེད་འགྲོ་བའི་ཁམས་དང་བསམ་པ་བཞིན། །གང་འཚམ་སྤྲུལ་པའི་རོལ་པ་སྣ་ཚོགས་ཀྱིས། །ཟབ་རྒྱས་ཆོས་འཁོར་རྟག་ཏུ་བསྐོར་དུ་གསོལ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་བླ་མ་ལ། །སྐྱེ་འཆི་མེད་ཀྱང་གདུལ་བྱའི་གཞན་སྣང་ངོར། །མྱ་ངན་མི་འདའ་རྟག་པར་བཞུགས་ནས་ཀྱང་། །འགྲོ་ཀུན་སངས་རྒྱས་ས་ལ་གཞག་ཏུ་གསོལ། །རྒྱལ་བ་ཀུན་ལས་ལྷག་པའི་སྐྱབས་ཀྱི་མཆོག །སྐྱབས་གནས་ཀུན་འདུས་ཁྱེད་ལ་མཆོད་བྱས་པས། །དེང་ནང་བཟུང་སྟེ་སྲིད་པ་ཐམས་ཅད་དུ། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་ལན་མང་ལྷག་མ་རྣམས་བྱས་ལ། སླར་ཡང་མཎྜལ་རྒྱས་པ་ཕུལ་ཏེ། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །ཞེས་སོགས་ཀྱིས་འདོད་དོན་ལ་གསོལ་བ་ཤུགས་དྲག་ཏུ་གདབ། དེ་ནས་འབྲོམ་སྟོན་པ་རིན་པོ་ཆེས་མཛད་པའི་ཇོ་བསྟོད་སུམ་ཅུ་པ་དང་། ནག་འཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པའི་བསྟོད་པ་བརྒྱད་ཅུ་པ་སོགས་ཇོ་བོ་རྗེའི་བསྟོད་ཚོགས་གསོལ་འདེབས་བཀའ་གདམས་གསར་རྙིང་གི་སྐྱེས་བུ་དམ་པ་གོང་མ་ཁྱད་པར་ཅན་རྣམས་ཀྱིས་མཛད་པ་དུ་མ་ཞིག་ལས་གང་ཤེས་ཅི་ནུས་ཀྱིས་བསྟོད་ཅིང་གསོལ་བ་འདེབས་པ་ནན་ཏན་དུ་བྱས་མཐར། སླར་ཡང་། མངོན་མཐོ་ངེས་ལེགས་ལེགས་ཚོགས་མ་ལུས་པ། །གང་ཞིག་ཞབས་པད་ཁོ་ནར་རག་ལས་ཞེས། །རྒྱལ་བས་མདོ་རྒྱུད་ཀུན་ལས་ཆེར་བསྔགས་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཐོག་མེད་དུས་ནས་མི་ཁོམ་གནས་བརྒྱད་འཁྱམས། །ད་ལན་གཅིག་པུ་དལ་བ་རྙེད་དུས་འདིར། །དོན་ལྡན་སྙིང་པོ་ལེན་པའི་ཐབས་སྟོན་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ལས་ངན་མི་དགེའི་སྡིག་པའི་རླུང་ཤུགས་ཀྱིས། །བཟོད་དཀའ་ངན་འགྲོའི་གཡང་དུ་མངོན་ཕྱོགས་ཚེ། །ཐུགས་རྗེའི་ཕྱག་གིས་ཉེ་བར་འཛིན་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །སྡུག་བསྔལ་གསུམ་གྱི་རླབས་འཕྲེང་གཡོ་བ་ཅན། །འཇིགས་རུང་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །རང་ཉིད་གཅེས་པར་འཛིན་པའི་གདོན་གྱིས་བཟུང་། །རྣམ་མང་ཟུག་རྔུས་ཉམ་ཐག་གྱུར་པའི་ཚེ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོ་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །མྱ་འདས་དམན་པའི་མྱ་ངན་ཐང་ལ་འཁྱམས། །ཉེས་བརྒྱའི་སྲིད་པའི་ཆོམ་རྐུན་གྱིས་བཅོམ་རྣམས། །ཕྱིན་དྲུག་ལམ་བཟང་མཆོག་ཏུ་འཁྲིད་མཛད་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་མ་ལུས་པ། །སྐལ་ལྡན་སྙིགས་དུས་སྐྱེ་བོ་འདུལ་བའི་ཕྱིར། །ཐབས་ལ་མཁས་པས་བཤེས་གཉེན་ཚུལ་འཛིན་པ། །སངས་རྒྱས་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དཀྱིལ་འཁོར་འཁོར་ལོ་བྱེ་བ་ཕྲག་བརྒྱ་ཡང་། །ཁྱོད་ཐུགས་ལྷན་སྐྱེས་ངང་དུ་རོ་གཅིག་ཅིང་། །དངོས་གྲུབ་རྣམ་གཉིས་འདོད་དགུའི་ཆར་འབེབས་པ། །ཡི་དམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དྲན་པ་ཙམ་གྱིས་བར་ཆད་མ་ལུས་སེལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་མཛད་ཅིང་། །མཐུ་ལྡན་ཡེ་ཤེས་སྲུང་མ་ཀུན་གྱི་དངོས། །ཆོས་སྐྱོང་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །སྐུ་གཉིས་མངོན་གྱུར་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་ཆོས་ཀུན་གྱི་མཛོད། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་ཀུན་གྱི་རྗེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་ཞིང་གི་དམ་པ་བླ་མ་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང་། །བླ་མེད་སྒྲུབ་པའི་མཆོད་པས་རྟག་ཏུ་མཆོད། །ཐོག་མེད་དུས་ནས་དུག་གསུམ་ཉོན་མོངས་ཀྱིས། །སྒོ་གསུམ་སྦགས་པའི་ཉེས་ལྟུང་ཐམས་ཅད་བཤགས། །འཁོར་འདས་ཀུན་གྱི་དགེ་ལ་ཡི་རང་ཞིང་། །ཟབ་རྒྱས་ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ། །ལུས་ཅན་ཀུན་གྱི་ཕན་བདེ་མ་ལུས་པ། །རྒྱལ་བའི་བསྟན་ལ་རག་ལས་དེ་ཡང་ནི། །བསྟན་འཛིན་སྐྱེས་བུ་རྣམས་ལ་རག་ལས་ཕྱིར། །སྐྱབས་དང་མགོན་དུ་རྟག་པར་བཞུགས་སུ་གསོལ། །སྐྱེ་འཆི་སྤངས་པའི་རྡོ་རྗེའི་སྐུ་བརྙེས་ཀྱང་། །གདུལ་བྱའི་དོན་དུ་སྐྱེ་ཤི་སྣ་ཚོགས་པ། །སྟོན་མཛད་ཕྱོགས་བཅུའི་ཞིང་བཞུགས་བླ་མ་རྣམས། །འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ། །རྣམ་དག་མི་ཕྱེད་དད་པ་རྡོ་རྗེའི་གདན། །ལྷག་བསམ་རྣམ་པར་དཀར་བ་ཟླ་བའི་གདན། །ཤུགས་དྲག་སྨོན་ལམ་པདྨོའི་ཟེ་འབྲུ་ལ། །སྲིད་མཐའི་བར་དུ་བརྟན་པར་བཞུགས་གསོལ། །ཁྱོད་སྐུ་མིག་གི་བདུད་རྩིར་མི་འབྲལ་ཞིང་། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང་། །སྐུ་གསུང་ཐུགས་ཀྱིས་ངེས་པར་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། མདུན་གྱི་བླ་མ་ལྷ་ཚོགས་རྣམས་ཀྱིས་གནས་གསུམ་ལས་བདུད་རྩི་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། རང་དང་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། ཨོཾ་ཨཱཿགུ་རུ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་སིདྡྷི་ཧཱུཾ་ཧཱུཾ། ཞེས་པའི་མཚན་སྔགས་བརྒྱ་སྟོང་སོགས་ཅི་འགྲུབ་ཏུ་བཟླ། མཚམས་འདིར་སྤྲོ་ན་བསྟེན་པའི་ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་ལས། གཞི་བདག་སོགས་ལའང་གཏོར་མ་གཏོང་། དེ་ནས་ཇོ་བོ་རྗེ་ཉིད་ཀྱིས་རྒྱལ་བའི་གསུང་རབ་མཐའ་དག་གི་གནད་ཚང་ལ་མ་ནོར་བར་བསྟན་པའི་གདམས་ངག་གི་གཙོ་བོ་བྱང་ཆུབ་ལམ་སྒྲོན་ཚང་བར་འདོན་ཞིང་། དེའི་དོན་ཉམས་སུ་ལེན་པའི་ཚུལ་དུ་རྗེ་བླ་མས་མཛད་པའི་ལམ་རིམ་ཉམས་མགུར་མ་བཏོན་ཏེ་ལམ་རིམ་གྱི་དམིགས་རྣམ་ལ་ཤར་སྒོམ་ནན་ཏན་དུ་བྱ། དེ་ནས། མདུན་གྱི་ཚོགས་ཞིང་རྣམས་སྨོན་ལམ་གྱི་དཔང་པོར་གསོལ་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་དང་། སྤྱོད་འཇུག་སྨོན་ལམ། སློབ་དཔོན་དཔའ་བོས་མཛད་པའི་སྨོན་ལམ་བདུན་ཅུ་པ་སོགས་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལས་བྱུང་བའི་སྨོན་ལམ་རྣམས་དང་། ཐོག་མཐའ་བར་དགེ་བའི་སྨོན་ལམ། བསྟན་པ་འབར་བའི་བདེན་ཚིག་སོགས་སྨོན་ལམ་གྱི་རིམ་པ་རྒྱ་ཆེར་གདབ་པར་བྱའོ། །དེ་ནས་ཡིག་བརྒྱ་བརྗོད་ཅིང་། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མདུན་གྱི་ཚོགས་ཞིང་རྣམས་མཐའ་ནས་རིམ་གྱིས་འོད་དུ་ཞུ་ནས། གཙོ་བོ་ལ་ཐིམ་ཞིང་། གཙོ་བོ་བླ་མ་ཇོ་བོ་རྗེའང་དགྱེས་བཞིན་དུ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ཞེས་སོགས་དང་། ཕྱོགས་བཅུའི་ཞིང་གི་རྒྱལ་བ་མ་ལུས་པ། །ངུར་སྨྲིག་ཟོལ་ལ་ཉེར་བརྟེན་མ་དག་པའི། །ཞིང་ཁམས་ཀུན་ཏུ་རྒྱལ་བའི་མཛད་པ་ཅན། །དཔལ་ལྡན་ཨ་ཏི་ཤ་ཡི་བཀྲ་ཤིས་ཤོག །ཅེས་དང་། སྣ་ཚོགས་ཚོན་དང་འཕྲད་པའི་ཤེལ་ཇི་བཞིན། །སོགས་དང་། ཆེ་བའི་ཆེ་མཆོག །སོགས་དང་། དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང་། དམིགས་མེད་ཐུགས་རྗེ་ཆེན་པོའི་གཞན་དབང་གིས། །སོགས་དང་། རྫུ་འཕྲུལ་སྟོབས་ལྡན་མངོན་པར་ཤེས་པའི་དཔལ། །སོགས་དང་། འགྲོ་ཀུན་བཤེས་གཉེན་དམ་པའི་མགོན་གྱིས་བཟུང་། །རྟག་ཏུ་བྱང་ཆུབ་སེམས་ཀྱིས་རྒྱུད་གང་ཞིང་། །མ་ནོར་ལམ་བཟང་ཐོས་དང་ཉམས་ལེན་གྱིས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །སྨྲས་པ། རྒྱལ་ཀུན་གསུང་གི་རྡོ་རྗེ་སྣང་མཐའ་ཡས། །ངུར་སྨྲིག་འཛིན་པའི་ཟོལ་གྱིས་ཐུབ་པའི་བསྟན། །ཕྱོགས་མཐར་གསལ་མཛད་དཔལ་ལྡན་ཨ་ཏི་ཤར། །བརྟེན་ནས་བསག་སྦྱངས་བྱ་ཚུལ་རིམ་པ་འདི། །རྒྱལ་བསྟན་ཀུན་གྱི་དེ་ཉིད་ལེགས་གཟིགས་ཏེ། །སྐལ་ལྡན་ཕན་བདེའི་ལམ་དུ་འདྲེན་མཁས་པ། །རྣམ་འདྲེན་མཆོག་གི་བཞེད་དགོངས་བསྒྲུབས་པའི་ཕྱིར། །སྔོན་བྱོན་མཁས་གྲུབ་གསུང་ལས་བཏུས་ཏེ་བཀོད། །གང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་གནས་སུ་དྲངས་ཏེ་རྗེས་བཟུང་ཞེས། །འགྲོ་མགོན་ཉིད་ཀྱིས་ཞལ་གྱིས་འཆེས་ལགས་ན། །ཚུལ་འདིར་འབད་པས་དོན་ཆེན་འགྲུབ་པར་ངེས། །འདི་ལྟར་བསྐྲུན་པའི་དགེ་ཚོགས་གང་མཆིས་དེས། །འགྲོ་ཀུན་མ་ནོར་ལམ་སྟོན་བཤེས་གཉེན་གྱིས། །རྗེས་སུ་བཟུང་སྟེ་ཕུལ་བྱུང་ཞབས་ཉིད་ཀྱི། །རྣམ་ཐར་ཚུལ་ལ་འདོད་དགུར་སྤྱོད་གྱུར་ཅིག །ཅེས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ལྷ་གཅིག་དཱི་པཾ་ཀཱ་ར་ལ་བརྟེན་ནས་ཕྱག་མཆོད་སོགས་བསག་སྦྱངས་བྱེད་ཚུལ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་འདི་ནི། བསྟན་འགྲོའི་མགོན་གཅིག་སྐྱབས་མཆོག་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཀྱིས། དངོས་གྲུབ་ཀུན་གྱི་གཙུག་གི་ནོར་བུ་ཡོངས་འཛིན་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་སྙན་གྲགས་དཔལ་བཟང་པོའི་དུས་མཆོད་དང་འབྲེལ་བར་ཕྱག་མཆོད་ཀྱི་རྒྱུན་འཛུགས་པར་བཞེད་དེ། ཆོག་སྒྲིགས་ཤིག་ཅིས་ཀྱང་གྱིས་ཤིག་པའི་བཀའི་བསྐུལ་མ་ཡང་ཡང་སྩལ་བ་ལ་བརྟེན་ནས། འབྲེལ་ཆེ་བའི་ཁྱད་ཀྱིས་འབྲོམ་སྟོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་ལ་བརྟེན་ནས་བླ་མ༌དམ་པ་རྣམས་ཀྱི་བཀའ་འབངས་ཐ་ཤལ་བ། དམ་ཚིག་རྡོ་རྗེས་བསྒྲིགས་པའི་ཡི་གེ་པ་ནི་དཔྱོད་ལྡན་སློབ་བུ་མཆོད་གཡོག་པ་དགེ་ཚུལ་བློ་བཟང་ཆོས་ལྡན་གྱིས་བགྱིས་པ་འདིས་ཀྱང་འགྲོ་བའི་མགོན་པོ་དེ་ཉིད་ཀྱི་ཚེ་རབས་ཐམས་ཅད་དུ་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེ་ཚོགས་འཕེལ།།  །།

 

[1] དམ་ཚིག་རྡོ་རྗེའི་གསུང་འབུམ། པོད། ༼༣༽ ཤིང་དཔར། དཔེ་རིང་། ༡ན༡ ནས་ ༡༡བ༢ བར་གསལ།

Leave a Reply

Your email address will not be published. Required fields are marked *