༄༅། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་གླུ་དབྱངས།

 

༄༅། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་གླུ་དབྱངས།[1]

 

༼ཐེ་བོ་ལུང་བཟང་ནང་པ་ངག་དབང་བློ་བཟང་བསམ་གཏན་ (1687-1749) གྱིས་མཛད་པ།༽

 

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཞིང་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི། །ཐུགས་མཁྱེན་བརྩེ་ནུས་པ་གཅིག་བསྡུས་ནས། །ཁྲིམས་བསླབ་གསུམ་ལྡན་པའི་དགེ་ཚུལ་སློང་། །རྒྱལ་བསྟན་པའི་ཉི་མ་འགྲོ་བའི་མགོན། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །

ཞིང་བདེ་བ་ཅན་ན་འོད་དཔག་མེད། །མགོན་ཐུབ་པའི་སྤྱན་སྔར་བཟང་པོ་སྐྱོང་། །སྟེང་དགའ་ལྡན་མ་ཕམ་མདུན་སའི་རྒྱན། །དཔལ་ནམ་མཁའ་དྲི་མ་མེད་པར་གྲགས། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །མགོན་བླ་མ་དྲི་མ་མེད་པའི་ཞབས། །བོད་འདྲེ་སྲིན་འདུལ་ཕྱིར་པདྨ་འབྱུང་། །རྒྱལ་བསྟན་པའི་སྲོག་ཤིང་བློ་བཟང་སོགས། །འཕྲུལ་བཟང་པོས་ཞིང་ཁམས་ཀུན་ཁྱབ་རྗེ། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །རིགས་མཐོན་པོས་མ་རློམས་དགེ་བའི་བཤེས། །མགོན་དུ་མའི་ཞབས་བསྟེན་མདོ་སྔགས་སོགས། །གཞུང་དུ་མའི་མཐར་སོན་པཎྜི་ཏ། །ཡོངས་མངའ་རིགས་པཎ་ཆེན་ཀུན་གྱི་གཙོ། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །ཐུགས་གཞན་ཕན་རླུང་གིས་རབ་བསྐྱོད་དེ། །བསྟན་འགྲོ་བའི་དོན་སེམས་ཤིང་རྟ་ཆེས། །རྒྱལ་བསྟན་པའི་ཉི་མ་འོད་པོ་ཆེ། །བོད་གངས་ཅན་མཁའ་ལ་འདྲེན་མཁས་པ། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །དུས་མི་བཟད་སྙིགས་མས་ཆེར་སྦགས་པའི། །ཡུལ་བྱང་ཕྱོགས་རྨོངས་པའི་མུན་ཁྲོད་འདིར། །ཆོས་ཕན་བདེའི་གཟི་བྱིན་འོད་སྟོང་འབར། །བདག་མགོན་མེད་འགྲོ་བའི་གཉེན་གཅིག་པུ། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །རིགས་ཀུན་ཁྱབ་བདེ་གཤེགས་ཀུན་གྱི་དངོས། །ཆོས་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །ཚོགས་ཀུན་མཆོག་དགེ་འདུན་ཀུན་གྱི་གཙོ། །མ་མཁའ་འགྲོ་ཀུན་འདུས་སྐྱབས་ཀྱི་ཕུལ། །རྗེ་ལྷ་གཅིག་ཇོ་བོ་ཨ་ཏི་ཤ །ཐུགས་བརྩེ་བས་གཟིགས་ཤིག་མར་མེ་མཛད། །འབངས་བདག་དང་བདག་འདྲའི་འགྲོ་རྣམས་ལ། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་ཁྱོད་ཞབས་མི་སྤོང་ཨ་ཏི་ཤ །རྟེན་དལ་འབྱོར་དོན་ལྡན་བྱེད་པ་དང་། །རྒྱུད་བྱིན་གྱིས་རློབས་ཤིག་ཨ་ཏི་ཤ །དགྲ་བདག་འཛིན་རྩད་ནས་འབྱིན་པ་དང་། །གཉེན་འགྲོ་དྲུག་གཅེས་པར་སྐྱོང་བ་དང་། །ལམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པར། །རྒྱུད་བྱིན་གྱིས་རློབས་ཤིག་ཨ་ཏི་ཤ །རྒྱུ་ཕར་ཕྱིན་ཐེག་པས་རྒྱུད་སྦྱངས་ཏེ། །འབྲས་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ནས། །དཔལ་ཟུང་འཇུག་བདེ་ཆེན་ཐོབ་པ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་ཨ་ཏི་ཤ །སླར་མ་འོངས་སྐྱེ་བ་ཐམས་ཅད་དུ། །ལམ་ལོག་པར་མ་གཏོང་ཨ་ཏི་ཤ །བདག་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རྗེ་ལྷ་གཅིག་ཇོ་བོ་ཁྱེད་རང་མཁྱེན། །དད་གུས་རྣམས་དགའ་ལྡན་གནས་མཇལ་ཞེས། །བཀའ་འགྱུར་མེད་ཞལ་གྱིས་བཞེས་པ་བཞིན། །དོན་མངོན་སུམ་བདག་ལ་སྟོན་པ་རུ། །རྗེ་ལྷ་གཅིག་ཇོ་བོ་ཁྱེད་རང་མཁྱེན། །དཔལ་མར་མེ་མཛད་དཔལ་སྣང་མཐའ་ཡས། །དོན་དེ་ཕྱིར་ཐུགས་རྗེའི་འོད་ཟེར་གྱིས། །འགྲོ་བདེ་བ་ཅན་དུ་འདྲེན་པ་རུ། །རྗེ་ལྷ་གཅིག་ཇོ་བོ་ཁྱེད་རང་མཁྱེན། །འབངས་བདག་གིས་འདི་ལྟར་གསོལ་བའི་མཐུས། །མ་འགྲོ་ཀུན་སྒྲིབ་གཉིས་གཡུལ་རྒྱལ་ཏེ། །སྐུ་གསུམ་གྱི་ཁང་བཟང་རྩེར་ཕྱིན་ནས། །དཔལ་བདེ་ཆེན་བདེ་ལ་རོལ་བར་ཤོག །ཅེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འགུགས་པའི་གླུ་དབྱངས་ཞེས་བྱ་བ་འདི་ནི་ཡུལ་བྱང་ཕྱོགས་ཀྱི་མཐར་སྐྱེས་པའི་བཙུན་གཟུགས་གྱི་ན་བ་བློ་བཟང་བསམ་གཏན་གྱིས་སྦྱར་བ་དགེ་ལེགས་འཕེལ།།  །།

[1] རྗེ་ངག་དབང་བློ་བཟང་བསམ་གཏན་གྱི་གསུང་འབུམ། ༼༤༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༩-༡༡

Leave a Reply

Your email address will not be published. Required fields are marked *