༄༅། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་བསྟོད་པ་བཞུགས་སོ།།

 

༄༅། །ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་བསྟོད་པ་བཞུགས་སོ།།[1]

༼ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པ།༽

 

ན་མོ་མཉྫུ་གྷོ་ཥཱ་སུ་མ་ཏི་ཀིརྟི་ཤྲི་ཡེ། དཔལ་ལྡན་ཚོགས་གཉིས་སྟོབས་དང་སྐྱེས་ཐོབ་ཐོགས་པ་མེད་པས་ཐུབ་པའི་གསུང་རབ་ཀུན། །ཡང་དག་གཟིགས་པས་བསྟན་པ་འདི་ལ་ཀུན་མཁྱེན་གཉིས་པར་གྲགས་པའི་བ་དན་ཅན། །ས་སྟེངས་མཁས་པ་ཀུན་གྱིས་དྲན་པའི་མོད་ལ་ལག་པད་སྤྱི་བོར་ཟུམ་པ་གང་། །དེ་ཡི་རྣམ་ཐར་དྲན་པས་བདག་ཀྱང་དད་པའི་ཡིད་གཡོས་སྤོབས་པ་ཅུང་ཟད་སྐྱེས། །

རིང་མོ་ཞིག་ནས་ཡིད་ལ་འདྲིས་པའི་གྲོགས། །ཐུབ་བསྟན་ཁོ་ན་སྙིང་ལ་གཅེས་པ་ཡིས། །བྲམ་ཟེའི་རིགས་མཆོག་རབ་གསལ་ངང་ཚུལ་མའི། །སྲས་སུ་བསམ་བཞིན་འཁྲུངས་ལ་ཕྱག་འཚལ་ལོ། །དེ་ནས་རྫིང་གི་པདྨ་ལྟར་བསྐྱེད་ཅིང་། །བློ་གྲོས་རྣོ་བའི་ཆོ་ག་ལེགས་པར་བྱས། །སྐྱེས་ཐོབ་མཐུ་ཡིས་རིག་གནས་མཐའ་དག་ལ། །གཞོན་ནུ་ཉིད་ནས་བྱང་ལ་ཕྱག་འཚལ་ལོ། །དམ་ཆོས་དར་བའི་དོན་དུ་ཁྱོད་བསྐྱེད་པས། །བསྟན་ལ་སློབས་ཞེས་ཡུམ་གྱིས་བཀའ་སྩལ་བཞིན། །འཕགས་ཡུལ་བསྟན་པའི་འབྱུང་ཁུངས་ནཱ་ལེནྡྲར། །དགྱེས་བཞིན་རབ་ཏུ་བྱུང་ལ་ཕྱག་འཚལ་ལོ། །དེ་ནས་སྡེ་སྣོད་གསུམ་ལ་མཁས་གྱུར་ཀྱང་། །ད་དུང་ཆོས་མངོན་རྒྱ་མཚོའི་མཐའ་འཚོལ་ཞིང་། །རིག་གནས་ཀུན་དང་རང་གཞན་གྲུབ་པའི་མཐའ། །མ་ལུས་མཁྱེན་པར་བཞེད་ལ་ཕྱག་འཚལ་ལོ། །ཚུལ་དེས་ཁ་ཆེར་བྱོན་ནས་འདུས་བཟང་དྲུང་། །བྱེ་བྲག་བཤད་མཛོད་སྡེ་པ་བཅོ་བརྒྱད་ལུགས། །སྡེ་བཞིའི་འདུལ་བ་རྣམས་དང་མུ་སྟེགས་ཀྱི། །གྲུབ་མཐར་མཁས་པར་སྦྱངས་ལ་ཕྱག་འཚལ་ལོ། །རྒྱ་མཚོའི་དེད་དཔོན་ནོར་བུ་ལོན་པ་བཞིན། །རིང་ནས་བརྣགས་པའི་བཞེད་དོན་གྲུབ་པ་ན། །ཡོན་ཏན་རིན་ཆེན་ཕུང་པོའི་ཁུར་ལྡན་དེ། །རྒྱ་གར་ཡུལ་དུ་ཆས་ལ་ཕྱག་འཚལ་ལོ། །ཤོ་གམ་ལེན་པའི་སྲུང་མ་ཆོམ་རྐུན་སོགས། །དུ་མས་གླེགས་བམ་ཕྲོག་པར་བརྩམས་པ་ན། །ཚིག་དོན་མ་ལུས་བདག་གི་བློར་ཡོད་ཅེས། །གསུངས་ནས་གེགས་མེད་བྱོན་ལ་ཕྱག་འཚལ་ལོ། །དེ་ནས་མ་ག་དྷ་ཡི་ཡུལ་མཆོག་ཏུ། །ལེགས་བཤད་སྐྱེས་བཟང་འདོད་རྒུར་བྱིན་པ་ཡིས། །སྐལ་ལྡན་རྣམས་ཀྱི་གསུང་རབ་ལྟ་བའི་མིག །རབ་ཏུ་ཕྱེ་བར་གྱུར་ལ་ཕྱག་འཚལ་ལོ། །རང་གི་གཅེན་པོ་འཕགས་པ་ཐོགས་མེད་ཀྱི། །ཞབས་ཟུང་སྤྱི་བོ་ཉིད་དུ་རབ་བརྟེན་ནས། །ཐེག་ཆེན་མདོ་རྣམས་ལན་གཅིག་གཟིགས་པས་ཀྱང་། །མ་ལུས་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་ཞལ་ལས་སྨིན་བྱེད་ཀྱི། །བདུད་རྩིས་ཐུགས་ཀྱི་མེ་ལོང་བཀྲུས་པའི་ངོས། །གསང་བདག་རིག་སྔགས་ནུས་པའི་རི་མོ་ནི། །དབང་པོའི་གཞུ་ལྟར་གྲུབ་ལ་ཕྱག་འཚལ་ལོ། །ཉན་ཐོས་སྡེ་སྣོད་ལྔ་བརྒྱ་དཀོན་བརྩེགས་དང་། །ཕལ་ཆེན་འདུས་པ་རྒྱས་འབྲིང་བསྡུས་པ་སོགས། །ས་སྟེང་ཐུབ་པའི་གསུང་རབ་ཐམས་ཅད་ཀྱིས། །ཁྱོད་ཐུགས་རྟག་ཏུ་གང་ལ་ཕྱག་འཚལ་ལོ། །དེ་སླད་རྒྱལ་བའི་ཉི་མ་ནུབ་རྗེས་སུ། །མང་ཐོས་འོད་དཀར་བྱེ་བའི་འཁོར་ཡུག་ཅན། །ཆོས་ཀྱི་ཟླ་བ་འདི་འདྲ་མ་བྱུང་ཞེས། །གྲགས་པས་ས་སྟེང་ཁྱབ་ལ་ཕྱག་འཚལ་ལོ། །ལོ་རེ་བཞིན་ཡང་འབུམ་སྡེ་གོང་དགུའི་གཞུང་། །འབྲུ་མར་བཀང་བའི་ཟངས་མོ་ཆེར་བཞུགས་ནས། །ཉིན་ཞག་བཅོ་ལྔར་ཡོངས་རྫོགས་ཞལ་འདོན་མཛད། །བརྩོན་འགྲུས་ཕ་མཐར་ཕྱིན་ལ་ཕྱག་འཚལ་ལོ། །ཉིན་བཞིན་རྒྱལ་ཡུམ་ཟབ་མོ་བརྒྱད་སྟོང་པར། །ཞལ་འདོན་མཛད་ཚེ་ཆུ་ཚོད་གཅིག་གིས་རྫོགས། །སྲབ་མཉེན་ལྗགས་ཀྱི་རྩལ་ཡང་རིང་མོ་ནས། །ཆོས་ཀྱི་ལམ་དུ་བྱང་ལ་ཕྱག་འཚལ་ལོ། །གཞན་ཡང་ཏིང་འཛིན་སྒོ་བརྒྱ་མངོན་དུ་གྱུར། །གཟུངས་མདོ་ལྔ་བརྒྱ་གསུངས་ཤིང་ལྷག་པའི་ལྷའི། །ལེགས་བཤད་བདུད་རྩིའི་ཆར་གྱིས་ཉིན་རེ་བཞིན། །ཐུགས་ཀྱི་དབྱར་མཚོ་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་མ་མོ་མངོན་པ་མཛོད་བརྩམས་ནས། །ཁ་ཆེར་བསྲིངས་བས་མཁས་མཆོག་འདུས་བཟང་ཞབས། །ཚིག་དོན་བདུད་རྩིས་དགྱེས་ཏེ་འཁོར་གྱི་དབུས། །བསྔགས་པའི་སྒྲ་དབྱངས་བསྒྲགས་ལ་ཕྱག་འཚལ་ལོ། །གང་ཚེ་ཆོས་མངོན་རྒྱ་མཚོའི་དེད་དཔོན་ཁྱོད། །ཐེག་ཆེན་ནོར་བུའི་གླིང་དུ་ཞུགས་གྱུར་པ། །དེ་ཚེ་ཉན་ཐོས་མཁས་པ་ལྔ་བརྒྱ་ཡང་། །རིན་ཆེན་གླིང་དེར་ཆོས་ལ་ཕྱག་འཚལ་ལོ། །གཅེས་གྱིས་བསྟན་པ་བསྐྱངས་པའི་རྗེས་སུ་ཁྱོད། །ནཱ་ལེནྡྲ་ཡི་འཇིགས་མེད་ཆོས་ཀྱི་ཁྲིར། །ཞབས་བཀོད་ཐུབ་པའི་རྗེས་ཞུགས་མཐའ་དག་གི །གཙུག་གི་རྒྱན་དུ་གྱུར་ལ་ཕྱག་འཚལ་ལོ། །དེ་དག་ཚེ་ན་སྐྱེ་བོ་སྟོང་ཕྲག་ཙམ། །ཉིན་རེ་བཞིན་དུ་ཆོས་སྤྱོད་བཅུ་ལ་སྦྱོར། །ཐེག་ཆེན་མདོ་སྡེ་ཉི་ཤུ་ཚང་བ་རེ། །ཉིན་བཞིན་འཁོར་དབུས་གསུངས་ལ་ཕྱག་འཚལ་ལོ། །སྲོད་ལ་ཆོས་ཚུལ་ཟབ་མོར་རྣམ་པར་དཔྱོད། །གུང་ལ་རྨི་ལམ་ལྷ་ལས་དམ་ཆོས་མཉན། །ཐོ་རང་ཏིང་འཛིན་མཆོག་ལ་ཡང་དག་འཇོག །ཉིན་མཚན་ཆོས་ཀྱིས་འདའ་ལ་ཕྱག་འཚལ་ལོ། །ཆོས་ལ་བྲན་སྐྱེལ་མུ་སྟེགས་ཝ་སྐྱེས་ཚོགས། །རྒོལ་བར་འོངས་ཚེ་སྨྲ་བའི་སེངྒེ་ཁྱོད། །རིགས་པའི་ང་རོ་ཅུང་ཟད་བསྒྲགས་པས་ཀྱང་། །སྤོབས་པ་དྲུངས་ནས་འབྱིན་ལ་ཕྱག་འཚལ་ལོ། །ཉི་ཁྲི་བློ་གྲོས་མི་ཟད་ས་བཅུ་པ། །མདོ་རྒྱན་ལ་སོགས་བཀའ་དང་དགོངས་འགྲེལ་གཞུང་། །རྣམ་པར་བཀྲལ་བས་སྐལ་བཟང་མིག་ཕྱེ་ཞིང་། །ཐུབ་པའི་དགོངས་པ་བསྐངས་ལ་ཕྱག་འཚལ་ལོ། །མ་ག་དྷ་དང་ཨོ་ཊི་བི་ཤའི་ཡུལ། །ཤར་ཕྱོགས་གོ་རི་ལྷོ་ཕྱོགས་རྒྱུད་རྣམས་སུ། །དྲུག་བརྒྱ་ང་བཞིའི་ཆོས་གཞི་ལེགས་བཙུགས་ནས། །འདུས་སྡེ་མང་དུ་སྤེལ་ལ་ཕྱག་འཚལ་ལོ། །ཞལ་གྱི་བདུད་རྩི་འཐུངས་པའི་འདུས་ཚོགས་ནི། །ཐེག་ཆེན་ལྟ་སྤྱོད་ལ་གནས་ཁྲི་ཕྲག་དྲུག །རྒྱུན་གྱི་ཞམ་རིང་གནས་བརྟན་སྟོང་ཙམ་བཅས། །ཕུན་ཚོགས་འཁོར་གྱིས་མཛེས་ལ་ཕྱག་འཚལ་ལོ། །དེ་ཕྱིར་ཤིང་རྟ་ཆེན་པོ་ཐོགས་མེད་ལས། །འདི་དུས་ཐེག་ཆེན་རབ་ཏུ་དར་རོ་ཞེས། །སྙན་པ་འཕགས་པའི་ཡུལ་གྱི་ཕྱོགས་ཀུན་ཏུ། །འབྲུག་གི་དབྱངས་ལྟར་སྒྲོགས་ལ་ཕྱག་འཚལ་ལོ། །གང་དུ་བཞུགས་པར་མི་མིན་ཡོ་བྱད་འབུལ། །ས་ནས་རིན་ཆེན་གཏེར་རྣམས་བརྡོལ་བ་དང་། །དམ་ཆོས་གསུངས་ཚེ་ལྷ་རྣམས་གསེར་གྱི་ནི། །མེ་ཏོག་ཆར་དུ་འབབ་ལ་ཕྱག་འཚལ་ལོ། །འབྱུང་འགྱུར་ལུང་རྣམས་བསླུ་བ་མེད་པར་སྟོན། །གྲོང་ཁྱེར་མེ་དང་ནད་རྣམས་བདེན་པས་བཅིལ། །རྣམ་པར་རྒྱལ་མའི་མཆོག་བྱིན་དགུ་བརྒྱའི་ལོར། །བསྟན་འགྲོའི་དཔལ་དུ་བཞུགས་ལ་ཕྱག་འཚལ་ལོ། །འཛམ་གླིང་མཁས་མང་བྱེ་བའི་ཅོད་ཅན་ལ། །ཞབས་སྐྱེས་ཕྲེང་བ་ངལ་གསོ་དབྱིག་གི་གཉེན། །ཀུན་མཁྱེན་གཉིས་པ་ཞེས་གྲགས་སྙན་པའི་རྔ། །འོག་མིན་བར་དུ་རྒོད་ལ་ཕྱག་འཚལ་ལོ། །ཁྱོད་གསུང་ལས་སྐྱེས་མཁས་མང་རྒྱ་མཚོའི་དབུས། །རྒྱལ་མཚན་ཏོག་ལྟར་མཐོ་བ་སྲས་ཀྱི་མཆོག །ཕྱོགས་གླང་འཕགས་གྲོལ་བློ་བརྟན་ཡོན་ཏན་འོད། །ཆོས་ཀྱི་ཉི་མ་བཞི་ལ་ཕྱག་འཚལ་ལོ། །སྐྱེ་བ་ཀུན་ཏུ་ཁྱོད་ཞབས་པདྨོ་ནི། །བདག་གི་སྤྱི་བོར་རྣམ་པར་བརྟེན་པ་དང་། །ལེགས་འདོམས་ཐེག་མཆོག་གསུང་གི་བདུད་རྩི་ལ། །རྟག་ཏུ་འཐུང་བས་ཡིད་རབ་ཚིམ་པར་ཤོག །དུས་མཐའ་འདིར་ཡང་ཁྱོད་ཀྱི་རྣམ་ཐར་ཅན། །མཁས་པའི་ཉི་མ་གསལ་བར་ཤར་གྱུར་ཏེ། །ལྟ་ངན་མུན་པས་ཁེབས་པའི་འཇིག་རྟེན་འདི། །དམ་ཆོས་སྣང་བས་ཡུན་རིང་གསལ་བར་ཤོག །ཡུལ་ཕྱོགས་འདིར་ཡང་སྐྱེ་བོ་རྣམས་ཀྱིས་ནི། །མཁས་དང་རྨོངས་པའི་ཁྱད་པར་ལེགས་རྟོགས་ནས། །རིགས་པར་སྨྲ་བ་ཁོ་ནའི་རྗེས་འབྲང་བའི། །འཕགས་པའི་ཡུལ་གྱི་རྣམ་ཐར་འཛིན་པར་ཤོག །ཅེས་པ་འདི་ཡང་བློ་མིང་ཅན་གྱིས་སྦྱར་བའོ། །འདི་ནི་ཨཱཀྱ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་གསུང་ངོ་། །ཡིད་དགའ་ཆོས་གླིང་དུ་བཞུགས།། །།

 

[1] བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། པོད། ༼ཉ༽ དཔེ་རིང་། ཤོག་གྲངས་ ༡༧བ༣ ནས་ ༡༩ན༦ བར།

Leave a Reply

Your email address will not be published. Required fields are marked *