སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ།

༄༅། །སྐུ་ཞབས་དྲུང་ཡིག་ཆེན་མོ་ཆོས་དར་ལགས་ནས་བཞེངས་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ།[1]

༼རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ (1884-1968) མཛད་པ།༽

 

ཇོ་ནང་ཏཱ་ར་ནཱ་ཐས་རྒྱན་དྲུག་མ་གཏོགས་མཆོག་གཉིས་བོད་ཀྱི་རང་བཟོ་ཡིན་པར་བཤད་ཀྱང་རྗེ་རེད་མདའ་བ་སོགས་མཁས་པ་སྤྱིས་བཞེད་པ་མཁའ་མཉམ་མ་ལྟར་སྐུ་ཐང་དགུའི་མཚན་བྱང་བྱ་དཀའི་སྒྲ་རྒྱན་མཐའ་ཐོག་ཟུང་ལྡན་དུ་བསྒྲིགས་པ་ལས་སྟོན་པ་ལ། གཽ་ཏམ་རིགས་ལས་ཟས་གཙང་སྲས་སུ་བྱོན། །བྱོན་དང་འབྱོན་འགྱུར་རྣམ་འདྲེན་སྟོང་གི་གཙོ། །གཙོ་བོར་མི་མཇེད་ཞིང་འདི་འདུལ་བའི་མགོན། །མགོན་པོ་འགྲོ་བའི་རེ་སྐོང་ཤཱཀྱའི་ཏོག །

ཀླུ་སྒྲུབ་ལ། ཆོས་ཀུན་བདེན་པར་ཡོད་དང་ཐ་སྙད་དུ། །དུ་མ་དུ་བྲལ་གང་ཡང་མེད་པའི་ཕྱོགས། །ཕྱོགས་བརྒྱར་འཇིག་བྱེད་ཡང་དག་ལྟ་བའི་སྲོལ། །སྲོལ་གྱི་མཆོག་ཏུ་འབྱེད་མཛད་ཀླུ་སྒྲུབ་ཞབས། །ཨཱརྱ་དེ་ཝ་ལ། ཀླུ་སྒྲུབ་དགོངས་དོན་མཐའ་བྲལ་དབུ་མའི་ལམ། །ལམ་གྱི་སྙིང་པོར་གཟིགས་པའི་ལེགས་བཤད་གཏམ། །གཏམ་དུ་སྨྲ་ལ་པདྨའི་སྦུབས་ནས་སྐྱེས། །སྐྱེས་མཆོག་རྒྱལ་བས་ལུང་བསྟན་འཕགས་པ་ལྷ། །ཐོགས་མེད་ལ། འཕགས་པའི་གཟིགས་པ་དག་པའི་ཡེ་ཤེས་འོད། །འོད་བྱེད་ས་ཡི་རྣམ་པར་སྤྲོ་བའི་མགོན། །མགོན་པོ་མི་ཕམ་གསུང་གི་བདུད་རྩིའི་གཏེར། །གཏེར་དུ་རྣམ་རིག་སྲོལ་ཕྱེ་ཨ་སངྒ་། །དབྱིག་གཉེན་ལ། བདེར་གཤེགས་གསུང་རབ་འབུམ་སྡེ་གོ་དགུའི་ཚིག །ཚིག་གི་ལམ་དུ་ལྷུག་ལྷུག་འབབ་པའི་དཔལ། །དཔལ་ལྡན་འཛམ་གླིང་ནོར་འཛིན་མཛེས་པའི་དཔྱིད། །དཔྱིད་ཀྱི་ངོ་མཚར་རྣམ་གནོན་དབྱིག་གི་གཉེན། ། ཕྱོགས་གླང་ལ། ཚད་མའི་དེ་ཉིད་རབ་གསལ་ཉི་མའི་སྤྱན། །སྤྱན་རས་གཟིགས་ལ་འཁུ་བའི་བརྩེ་བ་འཛིན། །འཛིན་མའི་ཁྱོན་ན་སྨྲ་ངན་འཇོམས་པའི་ཕུལ། །ཕུལ་བྱུང་རིགས་པའི་དབང་ཕྱུག་དིག་ནག །ཆོས་གྲགས་ལ། ཕྱོགས་ཀྱི་གླང་པོའི་ལུགས་བཟང་ཚད་མའི་མདོ། །མདོ་རྒྱུད་ཀུན་གྱི་འགྲེལ་བར་སྒྲུབ་པའི་གཞུང་། །གཞུང་བརྒྱའི་ཡང་སྙིང་སྡེ་བདུན་ནོར་བུའི་སྒྲོན། །སྒྲོན་མེའི་རྩེ་མོར་བསྐྲུན་མཛད་ཆོས་ཀྱི་གྲགས། །ཡོན་ཏན་འོད་ལ། དགག་སྒྲུབ་གནང་བའི་འདུལ་བ་རྒྱ་མཚོ་ཆེ། །ཆེ་གསལ་མྱུར་ཟབ་མཁྱེན་པས་གཞལ་དཀའ་དང་། །དང་བའི་དད་པས་ཞུ་བའི་སློབ་མ་ལ། །ལ་འུར་ལེགས་པར་འདོམས་མཁས་ཡོན་ཏན་འོད། །ཤཱཀྱ་འོད་ལ། ཡང་དག་གསུང་གི་སྙིང་པོ་འདུལ་བའི་བསྟན། །བསྟན་པའི་གཞི་མར་སྤེལ་ལ་མཁས་པའི་དབང་། །དབང་ཡིད་ལུས་ངག་ཞི་དུལ་བཙུན་པའི་མཆོག །མཆོག་གི་སློབ་དཔོན་དམ་པ་ཤཱཀྱ་འོད། །ཅེས་འབྲི་བར་བྱའོ། །དབྱངས་ཅན་དབྱངས་ཀྱི་དཔལ་སྩོལ་མས། །ངག་ལ་ངག་གི་འཕྲུལ་བཀོད་པ། །ཤེས་རབ་ཤེས་བྱའི་ཉིན་མོར་བྱེད། །གང་དེས་གང་འདི་ཤར་མར་སྤེལ། །སྐུ་ཞབས་དྲུང་ཡིག་ཆེན་མོ་ཆོས་དར་ལགས་ནས་བཞེངས་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བའོ།།  །།

[1] ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་གྲངས་ ༦༡བ༤ ནས་ ༦༢བ༣ བར།

Leave a Reply

Your email address will not be published. Required fields are marked *