ལྟ་གྲུབ་སྨྲ་བ་དང་རླབས་ཆེན་གྱི་བསམ་བློ་བ།

 

ལྟ་གྲུབ་སྨྲ་བ་དང་རླབས་ཆེན་གྱི་བསམ་བློ་བ།

 

སྤྱིར་བཏང་དེང་སྐབས་ཚན་རིག་པ་རྣམས་ཀྱིས་འདི་ལྟར་བརྗོད་བཞིན་ཡོད་ལ། ཚན་རིག་དགེ་རྒན་ཧ་ཅང་ཡག་པོ་ཞིག་ཡོད། འོན་ཀྱང་ཁོང་ད་ཆ་གྲོངས་ཟིན་པ་རེད། ཁོང་གིས་དེང་དུས་འཛམ་གླིང་འདིའི་ཐོག་ཏུ་མི་དུང་ཕྱུར་དྲུག་ཅུ་ལྷག་ཡོད། མི་དེ་དག་གིས་འཛམ་གླིང་འདིར་མཐོང་སྣང་མི་འདྲ་བ་དུང་ཕྱུར་དྲུག་ཅུ་ལྷག་ཡོང་གི་རེད། གང་ཡིན་ཞེ་ན། མི་རང་རང་སོ་སོའི་ཀླད་པའི་རྫས་ཕྲ་ཞིང་ཕྲ་བའི་ཐོག་ཏུ་འགྲོ་སྐབས་མི་འདྲ་བ་རེ་ཡོད་པ་ལས། གཅིག་མཚུངས་ཡིན་པ་གཏན་ནས་མེད། དེས་ན་མི་དུང་ཕྱུར་དྲུག་ཅུ་ལྷག་གིས་ཡུལ་གཅིག་ལ་བལྟས་ཀྱང་།

མཐོང་སྣང་མི་འདྲ་བ་དུང་ཕྱུར་དྲུག་ཅུ་ལྷག་ཡོང་གི་རེད་ཅེས་བརྗོད་སོང་། དེ་དག་ཀླད་པའི་རྫས་ཀྱི་ཐོག་ནས་གང་འཚམ་འགྲེལ་བཤད་རྒྱག་ཐུབ་པ་དང་། དེ་དག་ཚེ་རབས་སྔོན་མའི་བག་ཆགས་སོགས་དང་འབྲེལ་བ་ཏན་ཏན་ཡོད།
ཚན་རིག་པས་འགྲེལ་བཤད་བརྒྱབ་པ་མང་པོ་ཞིག་རྟོགས་དཀའ་བའི་གནད་དོན་ཡིན་ཞིང་། འདི་དག་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག་ཅེས་བརྗོད་པ་མང་པོ་ཞིག་ཚེ་སྔོན་གྱི་བག་ཆགས་དང་འབྲེལ་བ་ཡོད་པ་ཞིག་ཕལ་ཆེར་རེད། ཡིན་ནའང་སྔོན་མའི་བག་ཆགས་ཀྱི་སྐོར་ལ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བགྲོ་གླེང་གང་ཡང་བྱེད་ཀྱི་མེད། སྐྱེ་བ་སྔོན་མ་བཤད་ཀྱི་མེད་ལ་སྐྱེ་བ་ཕྱི་མ་ཡང་བཤད་ཀྱི་མེད། ད་ལྟ་ད་ལྟའི་ང་རང་ཚོའི་ཐུན་མོང་གིི་འདོད་ཚུལ་སྐོར་ལ་གོ་བསྡུར་བགྲོ་གླེང་བྱེད་བཞིན་ཡོད། དེས་ན་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་སྐབས་ནང་པའི་ཆོས་དང་ཚན་རིག་གཉིས་གོ་བསྡུར་བྱེད་ཀྱི་མེད། ནང་ཆོས་ནས་བཤད་པའི་ཚན་རིག་དང་རིག་གསར་གྱི་ཚན་རིག་གཉིས་གོ་བསྡུར་བགྲོ་གླེང་བྱེད་བཞིན་ཡོད་ཅེས་བརྗོད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཀྱི་ཐོག་ཏུ་སླེབ་སྐབས་འདི་ནི་ནང་པའི་གནས་ཚུལ་ཡིན་པ་ལས། ཚན་རིག་པ་མཉམ་དུ་གོ་བསྡུར་བགྲོ་གླེང་བྱེད་པའི་སྡེ་ཚན་གྱི་ནང་དུ་ད་ལྟ་མེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ད་ལྟ་དུས་རབས་ཉེར་གཅིག་པའི་འགོ་སྟོད་ཡིན་ཞིང་། ཕལ་ཆེར་དུས་རབས་ཉེར་གཅིག་པའི་ནང་དུ་ཚན་རིག་པའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཤུགས་ཆེ་འགྲོ་གི་རེད་སྙམ། དཔྱད་པ་བྱེད་པའི་འཕྲུལ་ཆས་དེ་དག་ཇེ་ལེགས་སུ་ཕྱིན་པ་དང་། དཔྱོད་བྱེད་ཀྱི་རྣམ་དཔྱོད་ཀྱང་གཟིགས་རྒྱ་ཇེ་ཆེར་འགྲོ་སྲིད་པ་ཡིན། དཔེར་ན། ང་རང་ཚོ་ནང་པའི་གཞུང་ནང་དཔྱོད་པའི་སྒོ་ལ་ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ལྟོས་པའི་རིགས་པ་གསུམ་གཞི་ལ་བཞག་པའི་ཐོག་ནས་འཐད་སྒྲུབ་ཀྱི་རིགས་པ་བཅས་རིགས་པ་བཞི་ཞེས་གསུངས་ཡོད།

ཚན་རིག་པ་རྣམས་ཀྱིས་ད་ལྟའི་དཔྱད་ཐབས་དེ་འཐད་སྒྲུབ་ཀྱི་རིགས་པའི་ཐོག་ནས་འགྲོ་བ་དང་། དེ་ལྟར་ཡོང་བའི་གཞི་རྩ་ནི་ཆོས་ཉིད་ཀྱི་རིགས་པ་དང་། ལྟོས་གྲུབ་ཀྱི་རིགས་པ། བྱ་བ་བྱེད་པའི་རིགས་པ་བཅས་ཀྱི་ཐོག་ལ་འགྲོ་དགོས་ཤིང་། ནང་པས་དཔྱད་པ་བྱེད་སྟངས་འདི་དག་ནི་ཧ་ལས་པ་ཞིག་ཡིན་ལ། འདི་ཉིད་ཕྱིས་སུ་བཟོས་པ་ཞིག་མིན་པར་སྔར་རྒྱ་གར་དུ་བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་ཞིག་རེད། དེ་གཞི་ལ་བཞག་པའི་ཐོག་ནས་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་གཏན་ལ་ཕབ་ནས་ཡོང་བས་ཧ་ལས་པ་ཞིག་རེད། རང་ཉིད་ཀྱིས་མ་ཤེས་པར་ལྐུགས་པ་བྱས་ནས་བསྡད་ན་སྡུག་གྱོང་ཡིན་ཞིང་། གཞུང་དེ་དག་ལ་ལེགས་པར་བལྟས་ན་དངོས་གནས་དྲང་གནས་མིའི་རྣམ་དཔྱོད་ཀྱི་སྒོ་འབྱེད་མཁན་ཞིག་ཆགས་ཡོད། ངོས་ནས་ངོ་ཤེས་རྣམས་ལ་ཕྱག་རྟགས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དང་། ལྷག་པར་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་དེ་དག་འབུལ་ལམ་ཞུ་སྐབས་ངས་འགྲེལ་བཤད་འདི་ལྟར་རྒྱག་བཞིན་ཡོད། ང་ཚོ་ནང་པ་ཞིག་གི་ངོས་ནས་བཤད་ན་འདི་དག་ནང་པའི་སྟོན་པ་དང་ནང་པའི་སློབ་དཔོན་ཡིན་ལ། སྤྱིར་བཏང་འཛམ་བུའི་གླིང་གི་གནས་སྟངས་ཀྱི་འོག་ནས་བརྗོད་ན་བཅོམ་ལྡན་འདས་ནི་རྒྱ་གར་གྱི་གནའ་རབས་ཀྱི་ལྟ་གྲུབ་སྨྲ་བ་དང་། རླབས་ཆེན་གྱི་བསམ་བློ་བ་ཞིག་རེད། བཅོམ་ལྡན་འདས་ཀྱིས་རིགས་པ་ལ་གཙོ་བོ་བསྟུན་ཞིང་རིགས་པ་ཉིད་རྩལ་འདོན་གནང་གི་ཡོད། རིགས་པས་རྟག་དཔྱད་བྱ་རྒྱུ་དང་། རིགས་པས་དཔྱད་པ་བྱ་རྒྱུ་གཙོ་འདོན་གནང་ནས་གསུངས་ཡོད་པས་བཅོམ་ལྡན་འདས་ནི་གནའ་བོའི་རྒྱ་གར་གྱི་ཚན་རིག་པ་ཞིག་ཀྱང་རེད་ཅེས་ཞུ་ཐུབ་པ་མ་ཟད། དེ་བཞིན་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་དེ་དག་དཔལ་ནཱ་ལེནྡྲའི་དགེ་རྒན་ཆེན་མོ་རེད་ཅེས་བརྗོད་ཀྱི་ཡོད། དེ་ནི་དངོས་ཡོད་གནས་ཚུལ་ཆགས་ཡོད། དངོས་གནས་དྲང་གནས་ཧ་ལས་པའི་མཁྱེན་རྒྱ་ཅན་དང་བསམ་བློ་བ་ཤ་སྟག་རེད། བསམ་བློ་མི་གཏོང་བར་ཡིད་ཆེས་བྱས་ནས་ཕྱིན་པ་ལྟ་བུ་མིན་པར་དཔྱད་པ་ཁོ་ནའི་ཐོག་ནས་འགྲོ་མཁན་ཤ་སྟག་རེད།

 

༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ ༣ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཀྱི་ན་གཞོན་རྣམས་ལ་སྩལ་བའི་སྐྱེ་བོ་གསོ་བའི་ཐིགས་པ་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ལས་ཟུར་འདོན་ཞུས།

Leave a Reply

Your email address will not be published. Required fields are marked *