༄༅། །བྱ་རིགས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་འོ་སྐོལ་གྱི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་
པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་
རྒྱབ་ཡིག་སྨོན་ལམ།[1]
༼༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པ།༽
ཙནྡན་བྱུག་པ་སྟེའུ་ཁར་གཟས་ལ། །སྙིང་རྗེའི་ཆབ་ཀྱིས་ཐུགས་རྒྱུད་ཞིང་སའི་ཁྱོན། །མཉམ་པར་བརླན་མཛོད་དོན་ཀུན་གྲུབ་པའི་ཕྱག །རིང་པོར་བྱང་ཆུབ་བར་དུ་བདག་གཙུག་ཁྱོངས། །མཐའ་བྲལ་རྒྱ་མཚོར་སྟོང་ཉིད་ནོར་བུའི་ཐོད། །འོད་འབར་རྣམ་འདྲེན་ཀླུ་དབང་རང་གྲིབ་ལ། །བལྟོས་མིན་མཆེད་ཟླ་ལང་རིགས་སྲིད་སྒྲུབ་ཕོངས། །ཤེས་རབ་བདག་པོར་རྩལ་གྱིས་འཕེན་ནུས་ཤོག །
རང་བཞིན་གྲུབ་འདོད་འཁྱོག་པོའི་གཏན་ཚིགས་དུག །འཕགས་མཆོག་བཞེད་པའི་རྣམ་རྒྱལ་གསེར་མདོག་གིས། །དྲུངས་འབྱིན་ལྷ་ཡི་སྨན་པ་ཐར་སྐར་སྐྱེས། །ཉོན་མོངས་ནད་བརྒྱ་སེལ་སྨོན་དེང་འགྲུབ་ཤོག །བཅུ་གཉིས་བགྲང་བྱར་སྤྱད་པའི་དཀའ་ཐུབ་འབྲས། །དགའ་ལྡན་གནས་སུ་ཐོགས་པ་མེད་གཤེགས་ནས། །མ་ཕམ་གསུང་ངག་ཐེག་ཆེན་འཛམ་གླིང་འདིར། །དར་བའི་རྣམ་པར་ཐར་དེ་འཛིན་ནུས་ཤོག །ཤེས་བྱ་གཞི་ལྔ་དབྱིག་གི་བང་མཛོད་ནས། །ལེགས་བཤད་མཆོག་སྦྱིན་ལུས་ཅན་ཀུན་གྱི་གཉེན། །དགུ་བཅུ་གོ་དགུའི་གཙུག་ལག་དོ་ཤལ་ཕྲེང་། །སྦུད་པའི་བསྙེམས་པ་རིང་མིན་འཕྲོག་ནུས་ཤོག །ཕྱོགས་བྲལ་དངོས་སྟོབས་རིག་པའི་འཁོར་ལོ་ཡིས། །རྒོལ་ངན་ཕྱེར་འཐག་གླང་པོ་ཐུབ་གསུང་གིས། །ཤལླི་ཀ་ཚལ་རྟག་རྒྱུར་འཇམ་མགོན་གྱིས། །རྗེས་བཟུང་ཡོངས་འཛིན་དང་མཚུངས་བདག་ཐོབ་ཤོག །མུ་སྟེགས་ཆོས་ཀྱི་གནད་གསང་ཀུན་རྟོགས་ནས། །དཔྱད་གསུམ་ཐོག་མངས་ལོག་སྨྲའི་བྲག་བསྙིལ་བའི། །གྲགས་པ་ཇི་བཞིན་རྟོག་གེའི་ཚིག་དོན་ལ། །འཇུག་པའི་སྤོབས་པ་རྟག་ཏུ་དགེ་བར་ཤོག །འཁོར་འདས་ཡོན་ཏན་ཡོངས་འདུའི་རྩ་ལག་མཆོག །རང་རྒྱུད་འདུལ་ལུང་སྡེ་བཞིའི་སྙིང་པོའི་གཟུགས། །རབ་སྣང་མཁྱེན་པའི་ཉི་འོད་སྟོང་འབར་བ། །མཚར་འཛིན་གཟིགས་མོར་དལ་འབྱོར་མི་གཡེང་ཤོག །ཤཱཀྱ་སེང་གེའི་དཔྱད་ཁྲིམས་ཨུཏྤལ་ཐོད། །མ་རྙིགས་བག་ཡོད་རང་འོད་འདོམ་གང་གིས། །འཁོར་འདས་ཉིན་མཚན་བར་མེད་རབ་གསལ་ལྷའི། །རྐང་རྗེས་ནོན་པའི་གོམ་པ་དེང་འགོད་ཤོག །རྒྱལ་དང་དེ་བསྟན་མཛེས་བྱེད་རྒྱན་མཆོག་ལ། །འཕགས་ཡུལ་སྣ་ཚོགས་མཁས་མང་རྟོགས་བརྗོད་འཕྲེང་། །བཀོད་ལེགས་སྲད་བུར་རབ་བརྒྱུས་དབང་པོའི་གཞུ། །རས་དཀར་མཁར་ཤར་བྱེད་པོ་གདོང་བཞིའི་སྤུན། །སྔོན་ཆོག་བ་གམ་ཡང་ཐོག་འགོལ་གནས་ལ། །རང་བཟོའི་མིག་བུ་བགྲད་པའི་དགྲ་མིན་པར། །དར་ཆོག་བརྒྱུད་པ་མ་ལ་ཡ་ཡི་དྲི། །ཆེས་དངར་ཚུལ་ཁྲིམས་འཁོར་བའི་གདུང་བ་སེལ། །ཉེར་དཀོན་དལ་འབྱོར་རྟེན་མཆོག་དོན་ལྡན་དུ། །བྱེད་ལ་རྒྱ་ཆེན་ཆོས་ཀྱི་རྣམ་གྲངས་མཐའ། །འཇལ་བའི་གྲགས་སྙན་ཏམ་བཱུ་ར་ཡི་རྒྱུད། །བརྡུང་མཁས་བྱ་རིགས་པཎ་ཆེན་མེ་ན་ཀཿ །བཅུ་ཕྲག་རིག་གནསཡོངས་ལ་བག་ཆགས་མཐུ། །ཚེ་འདིར་སད་པ་ཡང་སྲིད་ཕྱི་མ་ཀུན། །རང་ནོར་བཅོལ་བ་བླངས་འདྲས་སྒྲིབ་གསུམ་མདུད། །གྲོལ་བས་མྱང་འདས་གྲོང་དུ་འཇུག་པར་ཤོག །ཅེས་བྱ་རིགས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་འོ་སྐོལ་གྱི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་པྲཎི་དྷ་ན་སིདྡྷི་བྷ་ཝནྟུ།། །།
[1] ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༢༤༽ ཤོག་གྲངས་ ༤༤༨ ནས་ ༤༤༩ བར་གསལ།