རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་བསྟོད་གསོལ་འདེབས་ཟླ་བ་གཞོན་ནུའི་འོད་སྣང་།

༄༅།  །རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་བསྟོད་གསོལ་འདེབས་ཟླ་བ་གཞོན་ནུའི་འོད་སྣང་ཞེས་བྱ་བ་བཞུགས་སོ།།

 

ཕྱི་དང་ནང་གིས་བསྡུས་པའི་ཆོས་རྣམས་ཀུན། །བདེན་བཞིར་བསྡུས་ནས་གནས་ལུགས་སྟོན་པ་ལ། །རྟེན་འབྱུང་སྨྲ་བས་སྟོང་ཉིད་གསལ་མཛད་པ། །རྒྱལ་བ་ཐུབ་པའི་དབང་པོར་གསོལ་བ་འདེབས། །ཤེར་ཕྱིན་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །ལུང་དང་རྟེན་འབྱུང་རིགས་པས་རབ་བསྒྲུབས་ནས། །སྤྲོས་མཐའ་བརྒྱད་བྲལ་ཟབ་མོ་ལྟ་བའི་སྲོལ། །འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །ཀླུ་སྒྲུབ་དགོངས་དོན་མཐའ་བྲལ་དབུ་མའི་ལམ། །མཐར་ཐུག་སྙིང་པོར་གཟིགས་པའི་ལེགས་བཤད་ཀྱིས། །ཟབ་མོ་དབུ་མའི་གཞུང་ལུགས་གསལ་མཛད་པ། །རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

མི་ཕམ་མགོན་པོས་རྗེས་བཟུང་ཐེག་ཆེན་གྱི། །རྒྱ་ཆེན་སྤྱོད་པའི་ལམ་མཆོག་གསལ་མཛད་པའི། །ཤིང་རྟའི་སྲོལ་འབྱེད་རྣམ་རིག་གྲུབ་པའི་མགོན། །འཕགས་པ་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །ཆོས་མངོན་སྡེ་བདུན་དགོངས་པའི་སྙིང་པོ་རྣམས། །གཅིག་ཏུ་བསྡུས་ནས་མངོན་པ་མཛོད་རྩ་ཡིས། །བྱེ་མདོ་གྲུབ་མཐའི་གཞུང་ལུགས་གསལ་མཛད་པའི། །སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་དགོངས་དོན་དངོས་སྟོབས་རིགས་ལམ་ནས། །གསལ་བར་སྒྲུབ་བྱེད་ཚད་མ་ཀུན་བཏུས་གཙོས། །རྣམ་དཔྱོད་འཕྲུལ་གྱི་སྒོ་བརྒྱ་འབྱེད་མཛད་པའི། །སློབ་དཔོན་ཕྱོགས་གླང་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་ཚད་མའི་རིགས་པའི་གནད་བསྡུས་ནས། །ཕྱོགས་ཀྱི་གླང་པོའི་དགོངས་དོན་གསལ་བྱེད་དུ། །སྡེ་བདུན་ཚད་མའི་གཞུང་མཆོག་ལེགས་མཛད་པའི། །སློབ་དཔོན་ཆོས་གྲགས་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་བསླབ་ཁྲིམས་མཛོད་ཀྱི་དོན་བསྡུས་ནས། །ཐམས་ཅད་ཡོད་སྨྲའི་ལུགས་ལྟར་སོ་སོར་ཐར། །འདུལ་བ་མདོ་རྩའི་ལེགས་གཞུང་གསལ་མཛད་པ། །སློབ་དཔོན་ཡོན་ཏན་འོད་ལ་གསོལ་བ་འདེབས། །ཤཱཀ་ཐུབ་བསྟན་པའི་གཞི་མ་བསླབ་གསུམ་གྱི། །སྙིང་པོ་ཀུན་འདུས་རྒྱལ་བའི་བསྟན་པ་ཡི། །འདུལ་བ་བདུད་རྩིའི་རྒྱན་གྱུར་བཙུན་པའི་རྗེ། །ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བློ་གྲོས་ལྡན་པའི་གངས་ཅན་གཞོན་རབས་རྣམས། །རྒྱན་དྲུག་མཆོག་གཉིས་དག་གིས་རྗེས་བཟུང་ནས། །ཤེས་རབ་ཕ་རོལ་ཕྱིན་ལ་གནས་གྱུར་ཅིག  །ཅེས་པ་ནི་ཁོ་བོས་སྤྱི་ལོ་ ༢༠༠༧ ལོའི་ཟླ་ ༩ པར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང༌། པེ་ཅིན་སློབ་གྲྭ་ཆེན་མོ་སོགས་ཀྱི་བོད་རིག་པའི་ཆེད་སྦྱོང་གི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་མ་སྐོར་ཞིག་ལ་ཕྲན་གྱིས་བྲིས་པའི་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དང་ཁོང་གི་རྟེན་འབྲེལ་བསྟོད་པ་ཞེས་པའི་སྐོར་གླེང་བ་བློ་གསལ་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཞེས་པ་སློབ་ཁྲིད་མཛད་པའི་མཚམས་ཤིག་ཏུ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གསོལ་འདེབས་ཀྱི་ཚུལ་དུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པས་སྤྱི་ལོ་ ༢༠༠༧ ལོའི་ཟླ་ ༩ པའི་ཚེས་ ༡༣ ལ་སློབ་ཁང་དུ་ཤར་མར་བྲིས་པ་ཀུན་ནས་དགེའོ།།  །།

Leave a Reply

Your email address will not be published. Required fields are marked *