རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ།

༄༅། །རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ཞེས་བྱ་བ་བཞུགས་སོ།།[1]

༼ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པ།༽

 

ན་མོ་གུ་རུ་བུདྡྷ་དྷྭ་ཛ་ཡེ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །དབུ་མ་ཆེན་པོ་འགྲོ་ལ་གསལ་མཛད་པ། །དབང་ཕྱུག་བརྒྱད་ལྡན་ཀླུ་སྒྲུབ་སྙིང་པོ་ཞེས། །སྙན་གྲགས་འཇིག་རྟེན་གསུམ་ན་གསལ་དེར་འདུད། །དེས་གསུངས་གཞི་ལམ་འབྲས་བུའི་དབུ་མའི་དོན། །སྣོད་ལྡན་མཁས་པའི་སྐྱེ་བོ་དུ་མ་ལ། །རྒྱ་ཆེར་སྤེལ་མཛད་ཨརྻ་དེ་ཝའི་ཞབས། །

རྗེས་འབྲང་ (སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་ལྷ། དཔལ་སྦས་པ། ཡེ་ཤེས་སྙིང་པོ། ཡེ་ཤེས་གྲགས་པ། ཞི་འཚོ། ཀ་མ་ལ་ཤཱི་ལ། འཕགས་སེང་གཉིས། ལྭ་ཝ་པ་སོགས་སོ།།) བཅས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་ཀླུ་སྒྲུབ་དབང་པོ་ཡབ་སྲས་སོགས། །གུས་པས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཚེ་འདིར་དབུ་མའི་གཞུང་ལུགས་ཀུན་རིག་ཅིང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་དུ་བྱེད་པ་སརྒ་བཞི་པ་ཞེས་བྱ་བ་ལས། དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བསྟོད་པའི་རིམ་པ་སྟེ་དང་པོའོ།།  །།

ཟབ་ཡངས་ཆོས་མཛོད་མངོན་པའི་སྡེ་སྣོད་དང་། །སྦས་དོན་མངོན་རྟོགས་འགྲོ་ལ་གསལ་མཛད་པ། །ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཀྱི། །ཞབས་པད་དྲི་མ་མེད་ལ་ཕྱག་འཚལ་ལོ། །གང་གིས་ཕྱེ་བའི་གནས་བརྒྱད་མངོན་རྟོགས་རིམ། །བློ་བཟང་སྣོད་དང་ལྡན་པའི་གདུལ་བྱ་ལ། །མཆོག་ཏུ་སྤེལ་མཛད་ཀུན་མཁྱེན་དབྱིག་གཉེན་ཞབས། །རྗེས་འབྲང་ (བློ་བརྟན། རྒྱལ་སྲས། དོན་གསང་། མཁན་པོ། ཆོས་སྐྱོང་། ངོ་བོ་ཉིད་མེད་པ། གསེར་གླིང་པ། ཤནྟི་པ་སོགས་སོ།།) བཅས་ལ་བདག་ཡིད་དང་བས་འདུད། །དེ་ལྟར་འཕགས་པ་ཐོགས་མེད་སྐུ་མཆེད་སོགས། །བསྟོད་ཅིང་གསོལ་བ་བཏབ་པའི་ལེགས་བྱས་མཐུས། །ཚེ་འདིར་ཆོས་མངོན་བྱམས་ཆོས་ཀུན་རིག་ཅིང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ཞེས་བྱ་བ་ལས་རྗེ་བཙུན་ཐོགས་མེད་སྐུ་མཆེད་ལ་བསྟོད་པའི་རིམ་པ་སྟེ་གཉིས་པའོ།།  །།

ཆོས་ཀུན་གཏན་ལ་འབེབས་བྱེད་ཚད་མའི་གཞུང་། །གཏན་ཚིགས་རིག་པ་འགྲོ་ལ་གསལ་མཛད་པ། །འཕགས་པས་རྗེ་བཟུང་ཕྱོགས་ཀྱི་གླང་པོ་ཞེས། །རྣམ་དག་རིག་པའི་དབང་ཕྱུག་ཆེ་དེ་རྒྱལ། །དེ་ཡི་ལམ་སྲོལ་ཚད་མ་རིགས་པའི་གཞུང་། །རྣམ་དཔྱོད་གསལ་ལྡན་སྐྱེས་བུ་བགྲངས་ཡས་ལ། །ཡོངས་སུ་སྤེལ་མཛད་ཆོས་ཀྱི་གྲགས་པའི་ཞབས། །རྗེས་འབྲང་ (ལྷ་ཤཀ རྒྱ་ནག་མཁན་པོ། ཆོས་མཆོག ཤཾ་ཀརྣནྟ། ཨ་ཙ་ཌ། ཉི་སྦས། ཡ་མ་རི། རྒྱལ་བ་ཅན་སོགས་སོ།།) བཅས་ལ་རྟག་པར་ཕྱག་བགྱིའོ། །དེ་ལྟར་ཕྱོགས་གླང་ཆོས་གྲགས་ཡབ་སྲས་སོགས། །དད་པའི་དབང་གིས་གསོལ་བ་འདི་བཏབ་པས། །ཚེ་འདིར་ཚད་མའི་གཞུང་ལུགས་ཀུན་རིག་ཅིང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ཞེས་བྱ་བ་ལས་རིགས་པའི་དབང་ཕྱུག་ཕྱོགས་གླང་ཡབ་སྲས་ལ་བསྟོད་པའི་རིམ་པ་སྟེ་གསུམ་པའོ།།  །།

བུ་རམ་ཤིང་པའི་བསྟན་པའི་རྩ་བ་མཆོག །སོ་སོ་ཐར་པ་འགྲོ་ལ་གསལ་མཛད་པ། །འདུལ་འཛིན་ཀུན་གྱི་གཙུག་རྒྱན་ཡོན་ཏན་འོད། །ཅེས་གྲགས་འགྲོ་བའི་གཉེན་དེ་ཕྱག་བྱར་འོས། །གང་གི་ལམ་སྲོལ་འདུལ་བ་རྒྱ་མཚོའི་གཞུང་། །སྐལ་བཟང་མཚུངས་པར་སྤྱོད་པའི་འགྲོ་བ་ལ། །རབ་ཏུ་སྤེལ་མཛད་ཤཱཀྱ་འོད་ཀྱི་ཞབས། །རྗེས་འབྲང་ (ཆོས་ཤེས། དུལ་ལྷ། དགེ་ལེགས་བཤེས་གཉེན། ཚུལ་ཁྲིམས་བསྐྱངས། ས་གའི་ལྷ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ་སོགས་སོ།།) བཅས་ལ་བཀའ་དྲིན་དྲན་པས་དད། །དེ་ལྟར་ཡོན་ཏན་འོད་དང་ཤཱཀྱ་འོད། །བརྒྱུད་འཛིན་བཅས་པ་བསྟོད་པའི་བསོད་ནམས་མཐུས། །ཚེ་འདིར་འདུལ་བའི་གཞུང་ལུགས་ཀུན་རིག་ཅིང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་བཞི་པ་ཞེས་བྱ་བ་ལས་སློབ་དཔོན་འོད་ཀྱི་ཞབས་ཅན་ཟུང་ལ་བསྟོད་པའི་རིམ་པ་སྟེ་བཞིའོ།།  །།

འདིར་སྨྲས་པ། དེ་ལྟར་རྒྱ་གར་འཕགས་པའི་ཡུལ་བྱོན་པའི། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལ། །བསྟོད་པའི་རབ་བྱེད་སརྒ་བཞི་པ་ཞེས། །གཞུང་ལུགས་མང་པོའི་བྱུང་ཚུལ་རྟོགས་བརྗོད་འདི། །ས་སྐྱར་གནས་པའི་དགེ་བསྙེན་པཎྜི་ཏ། །ངག་དབང་ཀུན་དགའ་བསོད་ནམས་ཞེས་བྱ་བའི། །སྐྱེས་སྦྱངས་བློ་མིག་གསལ་བ་དེ་ཡིས་སྦྱར། །དེང་སང་ཕར་ཚད་འདུལ་མཛོད་དབུ་མའི་གཞུང་། །ཐོས་བསམ་མཛད་པའི་བློ་གསལ་ཚོགས་རྣམས་དང་། །སྔོན་བྱོན་གཞུང་ལུགས་རྒྱ་མཚོའི་མཐར་སོན་པའི། །སྐྱེས་མཆོག་རྣམས་ལ་བདག་ཅག་སྙིང་ནས་དད། །ཁོ་བོ་སྐྱེས་སྟོབས་བློ་གྲོས་མཐུ་ཆེ་བས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུ་ཡི། །རྟོགས་པར་སྣང་ཡང་ལེ་ལོའི་དབང་གྱུར་ཏེ། །གཞུང་ལུགས་མཐའ་དག་སྦྱོང་འདོད་ཡུལ་དུ་ལུས། །ཆེན་པོར་སྐྱེས་པའི་སྐལ་དམན་བདག་འདྲ་ལ། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །སྐྱབས་གནས་བསླུ་མེད་ཐམས་ཅད་འདུས་པའི་དངོས། །རྗེ་བཙུན་རྩ་བའི་བླ་མ་མཆོག་རྣམས་ལས། །གཞན་པའི་སྐྱབས་མགོན་བདག་ལ་མ་མཆིས་པས། །ཁ་ཞེ་མེད་པར་སྙིང་ནས་གསོལ་འདེབས་ཀྱི། །ཡེ་ཤེས་སྤྱན་གྱིས་འབྲལ་མེད་སྐྱོབ་ཏུ་གསོལ། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །དུས་འདིར་ཚེ་རིང་ནད་མེད་བསྟན་པ་རྒྱས། །ཕྱི་མ་ལྷན་ཅིག་བདེ་བ་ཅན་སྐྱེས་ནས། །ཡིད་ལ་རེ་བའི་དོན་ཀུན་འགྲུབ་གྱུར་ཅིག །དེ་དེ་བཞིན་དུ་གྱུར་ཅིག །དེ་ལས་གཞན་དུ་ནམ་ཡང་མ་གྱུར་ཅིག །ཅེས་པའི་ཡི་གེ་པ་ནི་ཤབ་སྟོད་སྐྱེས་པའི་ཚེ་དབང་དཔལ་བཟང་གིས་བགྱིས་སོ། །འདིའི་འཕྲལ་དང་ཡུན་དུ་བཀྲ་ཤིས་དང་དགེ་ལེགས་ཀྱི་དཔལ་འབར་བར་གྱུར་ཅིག །སརྦ་མངྒལཾ།།  །།

[1] ཨ་མེས་ཞབས་བཀའ་འབུམ། པོད། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༡༨ན༦

Leave a Reply

Your email address will not be published. Required fields are marked *