ཞོལ་བཀའ་འགྱུར་དཀར་ཆག་ཏུ་གསལ་བའི་ཞི་བ་ལྷའི་རྣམ་ཐར།

ཞོལ་བཀའ་འགྱུར་དཀར་ཆག་ཏུ་གསལ་བའི་ཞི་བ་ལྷའི་རྣམ་ཐར།

 

ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[1]། རྒྱལ་སྲས་ཞི་བ་ལྷའི་ལོ་རྒྱུས་ནི། ངོ་མཚར་ཅན་གྱི་གཏམ་བདུན་ཞེས་གྲགས་ཏེ། རྒྱལ་སྲིད་རབ་སྤངས་གྲུབ་པ་བརྙེས། །གཙུག་ལག་གཉིས་ཀྱི་ཕྱོགས་ལས་རྒྱལ། །རབ་བྱུང་བདེན་གཟིགས་རྫུ་འཕྲུལ་ལྡན། །ངོ་མཚར་བདུན་ལྡན་དེ་ལ་འདུད། །ཅེས་པ་ལྟར་ཏེ། སློབ་དཔོན་འདི་ཉིད་འཁྲུངས་པའི་ཡུལ་ནི། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་བཟང་པོ་ཞེས་བྱ་བ་སྟེ། ཡུལ་དེར་ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་ཡོད་པ་དེ་གཉིས་ཀྱི་སྲས་སུ་མཚན་ཞི་བའི་གོ་ཆ་ཞེས་བྱ་བར་སྐུ་འཁྲུངས།

སྐུ་ན་ཕྲ་མོ་ནས་ཐེག་པ་ཆེན་པོའི་རིགས་ལ་གནས་པས་དགེ་སྦྱོང་དང་། རྒན་པ་ལ་གུས་ཤིང་། ཕོ་བྲང་འཁོར་གྱི་མི་རྣམས་ལ་བྱམས་པ། ཕོངས་པ་དང་མགོན་མེད་པ་རྣམས་ལ་བརྩེ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཐུགས་གཞོལ་བའི་ངང་ནས། རིགས་པ་དང་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར།

དགུང་ལོ་དྲུག་ལོན་པའི་ཚེ་ཡུམ་གྱིས་འདི་སྐད་བསྐུལ་ཏེ། བུ་ཁྱོད་ལ་རྒྱལ་སྲིད་ཀྱི་དགོས་པ་མེད་ཀྱི་བྷཾ་ག་ལའི་ཡུལ་དུ་སོང་། དེར་ཁྱོད་ལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབས་པར་འགྱུར་ཞེས་གསུངས་པས། ཡུམ་གྱི་བཀའ་དེ་སྙིང་ལ་བཞག་ནས། ཚ་གྲང་དང་བཟའ་བཏུང་ལ་སོགས་པ་གང་ཡང་ཡིད་ལ་མི་བྱེད་པར་ཞག་དུ་མར་ཉིན་མཚན་མེད་པར་ཞབས་སེན་གྱི་པདྨོ་བསྒྱུར་བས། ཡུལ་དེར་ཕྱིན་པ་ན་བྷཾ་ག་ལའི་ནགས་ཚལ་གྱི་ནང་ན་བུ་མོ་གཅིག་དང་མཇལ་བ་ལ། བུ་མོ་ཁྱོད་གང་ནས་འོངས་ཞེས་དྲིས་པས། དེས་སྨྲས་པ། ནགས་ཚལ་ཆེན་པོ་འདིའི་དབུས་སུ་ཡོན་ཏན་དུ་མས་བརྒྱན་པ། འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྲུབ་པའི་བདག་གི་བླ་མ་ཞིག་བཞུགས་ཏེ་དེ་ནས་འོངས་ཞེས་སོ། །དེའི་མཚན་ཐོས་པ་ཙམ་གྱིས་དབུལ་པོས་རིན་པོ་ཆེ་རྙེད་པ་ལྟར་དད་པའི་སྤུ་ལོང་གཡོས་དགའ་བདེ་ཆེན་པོས་ཟིན་ཏེ་སྨྲས་པ། དེ་བདག་ལ་སྟོན་ཅིག །བུ་མོ་དེས་སེམས་དཔའ་ཆེན་པོ་དེ་རྟ་ལ་ཞོན་པ་བཟུང་སྟེ་དེར་ཕྱིན་པས། ཤིན་ཏུ་ཟབ་པའི་ཐུགས་དང་ལྡན་ཞིང་། ལུས་ངག་ཞི་བ་གསེར་གྱི་རི་ལྟ་བུའི་སྦས་པའི་བརྟུལ་ཞུགས་འཛིན་པའི་བླ་མ་རྣལ་འབྱོར་པ་དེ་མཐོང་ནས། བདག་ཉིད་དང་རང་གི་རྟ་མཆོག་