ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ།

རབ་བྱུང་བདུན་པའི་ལྕགས་མོ་བྱ་ཕྱི་ལོ་ ༡༤༤༡ ལོར་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བར་འགོས་ཀྱི་རིགས་སུ་ཡབ་བསམ་འགྲུབ་དཔལ་བཟང་དང༌། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་ཆོས་སྐྱོང་འབུམ་ཞེས་གསོལ། སྐུ་ཆུང་ངུའི་དུས་སུ་སྔོན་གྱི་བག་ཆགས་ཀྱི་དབང་གིས་དད་བརྩོན་ཤེས་རབ་སྙིང་རྗེ་ཅན་ཞིག་ཡིན་སྟབས། དགེ་བའི་བཤེས་གཉེན་བཀྲ་ཤིས་དཔལ་ལྡན་དྲུང་ནས་བོད་ཡིག་འབྲི་ཀློག་གསན་སྦྱོང་མཛད། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་རྩེ་སྡེ་པ་དང་རིན་སྤུངས་པ་གཉིས་དམག་འཁྲུག་བྱུང་སྟེ་ཡབ་ཀྱང་རྒྱལ་རྩེའི་དམག་གི་འགོ་བྱེད་དུ་ཕེབས་ནས་དམག་ཐོག་ཏུ་འདས། དེ་ནས་རྒྱལ་རྩེ་ཆོས་རྒྱལ་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས། དེའི་རིང་རིག་གནས་དག་ལ་ཐོས་པ་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་ཆོས་རྒྱལ་བཀྲ་ཤིས་འཕགས་པས་གནང་བ་ཐོབ་པ་ལྟར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་ཏུ་བྱུང༌། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པས་མཁན་པོ་དང༌། དཀའ་བཅུ་པ་བསོད་ནམས་གྲགས་པས་ལས་སློབ། མཁར་གྲགས་པ་བསོད་ནམས་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དཔལ་འཁོར་ཆོས་སྡེར་བསྙེན་པར་རྫོགས།

སྐུ་ཞང་མཁན་ཆེན་ཆོས་གྲུབ་པ་དང༌། བྲག་དམར་རབ་འབྱམས་པ་བླ་དོན་རིན་པ། སྟག་ཚང་ལོ་ཙཱ་བ་སོགས་བླ་མ་བཅུ་ཕྲག་ལྔ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་སྒྲ་དང་བཅས་པར་གསན་བསམ་ལེགས་པར་གནང་སྟེ་མཁས་པ་ཆེན་པོར་གྱུར། དེ་ལྟར་རིག་གནས་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས་པས། དུས་འཁོར་འགྲེལ་ཆེན་དང་དཔག་བསམ་འཁྲི་ཤིང་ལ་སོགས་པའི་བསྟན་བཅོས་བརྒྱ་ཕྲག་ཙམ་རྒྱ་གར་གྱི་དཔེ་དང་བོད་དཔེ་ལེགས་པར་སྦྱར་ཏེ་གཟིགས་རྟོགས་དང་གཞན་ལ་འདོམས་པར་ཡང་མཛད། དགུང་ལོ་བཞི་བཅུ་པར་དབུས་སུ་ཕེབས་ནས་སྟག་ལུང་ཆོས་རྗེ་དང༌། ཀརྨ་པ་ཞྭ་དམར་ནག་གཉིས་བཅས་བླ་ཆེན་གསུམ་ལ་སྒྲ་དང་སྙན་ངག་གི་བཤད་ཁྲིད་ལེགས་པར་གནང༌། དགུང་ལོ་ང་གསུམ་པར་རྒྱ་སྟོན་ལྕགས་རི་བའི་གདན་སར་དབང་བསྐུར། དགུང་ལོ་ང་ལྔ་པར་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་དབང་བསྐུར་བ་ནས་བཟུང་ཕྱིས་སུ་བཞུགས་ཡུལ་གཙོ་བོ་དེར་མཛད། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པས་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང༌། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སློབ་གྲྭ་ཐང་དུ་ཕེབས། མཐར་དགུང་ལོ་གྱ་བདུན། རབ་བྱུང་དགུ་པའི་མེ་མོ་ཕག་ཕྱི་ལོ་ ༡༥༢༧ ལོར་སྐུ་གཤེགས།

ཁོང་གི་གསུང་རྩོམ་ནི། ༡) བྱེད་པ་ཅན་གྱི་འགྲེལ་པ་དང༌།) ཀ་ལཱ་པའི་བཤད་སྦྱར། ༣) ཀ་ལཱ་པའི་ཊིཀྐ། ༤) ཀ་ལཱ་པའི་སྤྱི་དོན། ༥) སྒྲའི་བསྟན་བཅོས་མུན་པའི་སྒྲོན་མེ། ༦) སྐད་གཉིས་མཁས་པའི་རྣམ་བཤད། ༧) སྙན་ངག་མེ་ལོང་གི་གནད་བསྡུས། ༨) དག་ཡིག་ཟ་མ་ཏོག ༩) རྟགས་འཇུག་གི་འགྲེལ་པ། ༡༠) ལུང་སྟོན་པ་བརྡའི་བསྟན་བཅོས་བཅས་དང༌། བསྒྱུར་རྩོམ་ནི། ༡) བསྟན་འགྱུར་ལས་ ༡) རྡོ་རྗེ་འཆང་ཆེན་པོའི་བསྟོད་པ། ༢) དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། ༣) སྐྱེས་རབས་ཀྱི་བསྟོད་པ། ༤) ས་དང་ཤིང་དང་རྡོའི་ཆོ་ག ༥) སྐྱེས་རབས་ཀྱི་དཀའ་འགྲེལ། ༦) རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༧) བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ༨) སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ། ༩) དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བཅས་ཆོས་ཚན་བཞི་བཅུ་ཞེ་གཉིས་བཞུགས་སོ།།

Leave a Reply

Your email address will not be published. Required fields are marked *