མཁན་སློབ་གཉིས་ཀྱི་མཛད་རྗེས་མདོར་བསྡུས།

 

མཁན་སློབ་གཉིས་ཀྱི་མཛད་རྗེས་མདོར་བསྡུས།

 

རྣམ་དག་སྡོམ་གསུམ་ནོར་བུས་ཡོངས་གཏམས་ཞི་དུལ་བཙུན་པའི་འོ་མཚོ་ལས། །ལེགས་འཁྲུངས་བརྩེ་ཆེན་ཡལ་འདབ་རབ་རྒྱས་བྱང་ཆུབ་ཐུགས་ཀྱི་པདྨ་དཀར། །གཞན་ཕན་ཐུགས་རྗེའི་དྲི་བསུང་ཡོངས་འཕྲོ་འཕྲིན་ལས་བཟང་པོས་འགྲོ་བ་འདུལ། །མ་ནོར་ལམ་སྟོན་ས་མཁན་ཟླ་མེད་བདག་ཉིད་ཆེན་པོ་ཞི་བ་འཚོ། །ཟབ་ལམ་རིམ་གཉིས་སྨན་མཆོག་རྩི་ཡིས་ཐ་མལ་སྒོ་གསུམ་ལྕགས་ཀྱི་ཁམས། །ཡོངས་དག་རྒྱལ་བའི་སྐུ་གསུམ་རིན་ཆེན་གསེར་སྦྱངས་གཤིས་སུ་སྒྱུར་བ་ཡིས། །ཚེ་གཅིག་ཟུང་འཇུག་གོ་འཕང་མཆོག་བརྙེས་མ་རུངས་འདྲེ་སྲིན་འདུལ་བ་ལ། །མཚུངས་ཟླ་མེད་པའི་གངས་ཅན་སྐྱབས་གཅིག་གྲུབ་དབང་པདྨ་ཀཱ་རར་གུས། །

ཕུལ་བྱུང་གཞན་ཕན་ལེགས་མཛད་བཟང་པོ་ཁྲི་གདུགས་ཉི་མའི་དཔལ་ལ་འགྲན། །ལུགས་གཉིས་ཁྲིམས་སྲོལ་དྲང་པོར་ལེགས་སྲོང་འགྲོ་ཀུན་དགའ་བདེའི་དཔལ་ལ་སྦྱོར། །མ་འདྲེས་བླང་དོར་གཟུགས་བརྙན་ཀུན་གསལ་རིན་ཆེན་ནོར་བུའི་ལྡེ་མིག་གིས། །མདོ་སྔགས་ཆོས་ཀྱི་སྒོ་འཕར་བཙན་པོ་བདེ་བླག་འབྱེད་མཁས་ཁྲི་སྲོང་རྗེ། །ཞེས་སྙན་ཚིག་དང་འབྲེལ་བའི་བསྔགས་བརྗོད་ཅུང་ཟད་དང་བཅས་ཏེ་འདིར་གླེང་བར་བྱ་བ་ནི། གངས་ཅན་ལྗོངས་འདིར་ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་པོས་ཁྱབ་པར་མཛད་ཅིང་། མདོ་སྔགས་རིག་གནས་ཀྱི་སྲོལ་བཟང་དར་རྒྱས་སུ་མཛད་པ་ལ་གཞན་མི་མཉམ་པའི་ཐུགས་རྗེ་དང་བཀའ་དྲིན་མཚུངས་ཟླ་མེད་པ་མཁན་སློབ་ཆོས་གསུམ་ཞེས་གྲགས་པ་དོན་ལྡན་གྱི་མཚན་སྙན་ས་གསུམ་ན་ཁྱབ་པའི་མཛད་བཟང་རགས་བསྡུས་སུ་བཀོད་པ་ལ།

མཁན་ཆེན་བོ་དྷི་ས་ཏྭ།

 

མཚན་དངོས་ཞི་བ་འཚོ་སྟེ། རྒྱ་གར་སྐད་དུ་ཤནྟི་རཀྵི་ཏ་ཞེས་ཟེར། བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་དགུང་ལོ་དགུ་བརྒྱ་ལྷག་ཙམ་གྱི་བར་དུ་བཞུགས་པ། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ལོ་ཙཱ་བ་ལི་ཐེ་སི་ལ་མདོ་སྡེ་སྤང་སྐོང་ཕྱག་རྒྱ་སོགས་བསྐུར་གནང་མཛད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་གདན་དྲངས་ཏེ་བྱོན་པ་དང་། མཁན་ཆེན་དེ་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པའི་དབང་གིས་སྐུ་ཚེ་སྟོད་དང་། བར། སྨད་གསུམ་གྱི་སློབ་མ་མང་པོ་ཡོད་ཅེས་བཤད་སྲོལ་འདུག །ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལེའུ་ཉི་ཤུ་རྩ་དགུ་པའི་ནང་བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙཱརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གོ་པཱ་ལ་ནས་རྒྱལ་པོ་དྷརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་མང་པོ་ཞིག་གི་ནང་བོད་ཀྱི་རྒྱལ་པོ་དགུ་མཁན་པོ་འདིའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟ་ན་སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ་ཇི་བཞིན་ཡིན་པར་དཀའ་འོ། །ཞེས་གསལ་བ་དེ་རང་གཞིར་བཟུང་ན། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་གོ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་སྤྱི་ལོའི་དུས་རབས་བདུན་པའི་ ༦༨༥–༧༢༠ བར་ཡིན་ཅིང་། དེ་ནས་རྩིས་པའི་རྒྱལ་རབས་བཞི་པ་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ ༧༩༠-༨༥༣ བར་ཡིན་ཅིང་། དེའི་བར་ལོ་བརྒྱ་དང་ལྔ་ཡོད་པས་སྐུ་ཚེ་རིང་པོ་བཞུགས་ངེས་ཅན་རེད། གོང་ལྟར་བོད་དུ་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི། རྒྱ་གར་ཤར་ཕྱོགས་བྷངྒྷ་ལར་གྲགས་པ་དེར། ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ཡོད་ (ཆེ་བ་དྷརྨ་རཱ་ཛ། འབྲིང་པོ་མཁན་ཆེན་ཞི་བ་འཚོ། ཆུང་བ་ལྷ་ལྕམ་མནྡྷ་ར་བ།) སྟེ། (སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རིག་མར་བཞེས་) མཁན་ཆེན་འདིས་སྐུ་ཚེའི་སྟོད་དང་བར་གྱི་རིང་རྒྱ་གར་དུ་བཞུགས་ནས་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད། རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་ཆ་ཚང་བ་ཞིག་འཛུགས་པར་དགོངས་ཏེ་བློན་པོ་སྦ་གསལ་སྣང་རྒྱ་གར་དུ་བཏང་ནས། གནས་ལྔ་མཁྱེན་པའི་པཎྜི་ཏ་ཞིག་འཚོལ་དུ་བཏང་བས་སྟོད་མང་ཡུལ་གྱི་སོ་ཁ་སྲུང་བའི་བློན་པོར་བསྐོས་པ་ལྟར་མཛད་དེ་མངགས་བཅོལ་གནང་། སྦ་གསལ་སྣང་གིས་རྒྱ་གར་རྡོ་རྗེ་གདན་དུ་སོང་ནས་མཆོད་འབུལ་བྱས། བོད་དུ་ཚུར་ཕྱིར་ལོག་བྱས་པའི་ལམ་ཞོར་བལ་ཡུལ་དུ་སོང་ནས་བལ་རྒྱལ་གྱི་དྲུང་དུ་བཙན་པོས་བསྐུར་བའི་འཚམས་རྟེན་རྣམས་ཕུལ་སྐབས་བལ་པོའི་རྒྱལ་པོའི་མཆོད་གནས་སུ་མཁན་ཆེན་སྐུ་དངོས་བཞུགས་པ་དང་མཇལ་ཏེ་ཆོས་འབྲེལ་དང་སེམས་བསྐྱེད་ཞུས་ནས་རང་ལུས་ལ་ཡོད་པའི་གསེར་དང་གྱོན་པ། སྐེ་རགས་ཞྭ་དང་བཅས་པ་ཚང་མ་ཆོས་འབྲེལ་དང་སེམས་བསྐྱེད་ཀྱི་ཡོན་དུ་ཕུལ་བས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་གོང་འཕེལ་ཡོང་བའི་རྟེན་འབྲེལ་བཟང་པོ་འགྲིགས། གསལ་སྣང་གིས་མཁན་ཆེན་ཉིད་བོད་ཀྱི་བཙན་པོའི་མཆོད་གནས་སུ་ཕེབས་པར་ཞུ་བ་ཕུལ་སྐབས། མཁན་ཆེན་གྱི་ཞལ་ནས་བོད་ཀྱི་ཡུལ་ལ་ཕན་ཐོགས་བྱ་རྒྱུ་ནི་ངའི་ལས་སྐལ་ཡིན། བོད་ཀྱི་བཙན་པོ་དང་ཁྱོད་གཉིས་ཀྱི་སྐྱེ་བ་དགུའི་བར་དུ་ངེས་མང་ཡུལ་དང་ཟ་ཧོར་གྱི་ཡུལ་གཉིས་བར་ཕར་འགྲོ་ཚུར་འགྲོ་བྱས་ནས་བསྒུགས་བསྡད་པ་ཡིན། ད་བོད་ཀྱི་བཙན་པོ་དང་ཁྱོད་གཉིས་ནར་སོན་ནས་དུས་ལ་བབས་འདུག་པས་ངས་བོད་ཀྱི་བཙན་པོའི་དགེ་བའི་བཤེས་གཉེན་བྱས་ཏེ་ཡུལ་བྱན་དཀར་དུ་ཆུ་བོ་ལོ་ཧི་ཏའི་འགྲམ་རི་ཧས་པོ་ཡི་དྲུང་དུ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་པར་བྱེད་དོ། །ཞེས་གསུངས་ཏེ་ཞལ་གྱིས་བཞེས། དེ་ནས་གསལ་སྣང་བོད་དུ་ལོག་ནས་རྒྱལ་པོའི་སྐུ་མདུན་དུ་མི་གཞན་དག་མེད་པའི་སྐབས་དང་བསྟུན་ནས་མཁན་ཆེན་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཁྱད་དུ་འཕགས་པ་རྣམས་རྒྱལ་པོར་ཞིབ་པར་ཞུས་ཐོག་བོད་དུ་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་རྣམས་རིམ་བཞིན་ཞུས་པར་རྒྱལ་པོ་ཐུགས་ཤིན་ཏུ་མཉེས་ཏེ་གསུངས་དོན། ངེད་རང་གཉིས་ཀྱིས་པཎྜི་ཏ་དེ་བོད་དུ་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཟང་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུར་གསང་དམ་པོ་དགོས། གལ་ཏེ་ཆོས་ལ་མི་དགའ་བའི་བློན་པོ་འདི་ཚོས་ཤེས་ན་ཁྱོད་རང་སྲོག་དང་བྲལ་བའི་ཉེན་ཁ་ཡོད་པས་གནས་སྐབས་རིང་རང་གི་ཡུལ་དུ་སོང་ལ་ག་ནས་སྡོད་ཅིག །ངས་ཐབས་མཁས་ཀྱི་སྒོ་ནས་དོན་འགྲུབ་པ་བྱ་གསུངས་ནས་ཐབས་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཆོས་ལ་མི་དགའ་བའི་བློན་པོ་གཙོ་བོ་རྣམས་བརྟུལ་ཏེ་སྲིད་དབང་རང་ཉིད་ཀྱི་ཕྱག་ཏུ་བཞེས་རྗེས་རྒྱལ་བློན་རྣམས་ཆོས་བྱེད་པར་གྲོས་མཐུན་ནས་ཆོས་བྱེད་པ་ལ་མཁས་པ་པཎྜི་ཏ་ཞིག་སློབ་དཔོན་དུ་བསྟེན་པས་ཆོས་ལ་མཁས་པ་སུ་ཡོད་ཅེས་གླེང་བ་ན་གསལ་སྣང་མང་ཡུལ་ནས་ཕྱིར་ལོག་པ་བསྡད་ཡོད་པས་ཁོང་བོས་ན་ཞུས་པ་ལྟར་རྒྱལ་པོས་གསལ་སྣང་སྐུ་མདུན་དུ་བཀའ་འགུགས་གནང་སྟེ་གསུང་དོན། །ཁྱོད་རང་རྒྱ་གར་དུ་འགྲོ་མྱོང་སྟབས་ཆོས་ལ་མཁས་པའི་པཎྜི་ཏ་སུ་ཡོད་པ་སྨྲོས་ཤིག་ཅེས་གསུངས། གསལ་སྣང་གིས་རྒྱལ་བློན་ཀུན་འཛོམས་པའི་སར་སྔོན་དུས་རྒྱལ་པོར་གསང་བའི་སྒོ་ནས་ཞུས་པའི་དོན་རྣམས་ཞིབ་ཕྲ་བཤད། སྐབས་དེར་རྒྱལ་པོས་ཁྱོད་རང་ད་རེས་རང་ཡུལ་དུ་ལོག་སྐབས་པཎྜི་ཏ་དེ་སྤྱན་དྲངས་པའི་ཆེད་དུ་བལ་ཡུལ་ལ་སོང་། བལ་རྗེ་ལ་ངའི་བཀའ་ཡི་སྒྲོམ་བུ་འདི་ཕུལ་ནས་པཎྜི་ཏ་དེ་ངེས་པར་དུ་སྤྱན་དྲངས་ཐུབ་པ་གྱིས་ཤིག་ཅེས་མངགས་ནས་གསལ་སྣང་སླར་ཡང་བལ་ཡུལ་དུ་བརྫངས། གསལ་སྣང་བལ་ཡུལ་དུ་འབྱོར་ནས་བལ་རྗེ་ལ་རྒྱལ་པོའི་བཀའ་ཡིག་ཕུལ་ཏེ་མཁན་ཆེན་བོད་དུ་གདན་དྲངས། རིམ་གྱིས་སྟོད་མངའ་རིས་མང་ཡུལ་དུ་ཕེབས་པ་ན་བོད་ནས་རྒྱལ་པོའི་གཉེར་པ་སྟག་བཙན་ལྡོང་གཟིགས་དང་། ལང་འགྲོ་སྣང་ར། སྦྲང་རྒྱ་ར་ལེགས་གཟིགས་བཅས་ཕེབས་བསུར་བཏང་བ་འབྱོར། དེ་ནས་རིམ་གྱིས་རྒྱལ་པོའི་ཕོ་བྲང་དུ་ཕེབས་པའི་ཚེ། གསལ་སྣང་གིས་སྔོན་ལ་རྒྱལ་པོའི་དྲུང་དུ་སོང་ནས་ཕྱག་འཚལ་ཞུས་ཏེ། པཎྜི་ཏ་ཕེབས་ཀྱི་ཡོད་པའི་ལོ་རྒྱུས་རྣམས་ཞུས་པས་རྒྱལ་པོ་དགྱེས་ཚོར་ཆེན་པོ་བྱུང་ནས་ཕེབས་བསུ་ཟབ་རྒྱས་གནང་རྒྱུའི་དགོངས་པ་འཁྲུངས་པ་ན་ཞང་བློན་ཆོས་ལ་དད་པ་ཆེ་བ་འགའ་ཞིག་གིས་ཟེར་དོན། རྒྱ་གར་དང་བལ་ཡུལ་ནས་འོངས་པའི་མི་ལ་ངན་སྔགས་མཁན་མང་པོ་ཡོང་བས་སྔོན་ལ་བརྟག་དཔྱད་ལེགས་པར་མཛད་ན་བཟང་ཞེས་ཞུས། བློན་པོ་ལོ་ཙཱ་བ་སང་ཤི་ (རྒྱ་རིགས་) སོགས་ཀྱིས་བརྟག་དཔྱད་བྱས་ཀྱང་རྒྱ་གར་སྐད་མ་གོ་བའི་སྟབས་ཀྱིས་བཟང་ངན་མ་ཤེས། ཁ་ཆེ་ཨ་ནནྟ་ལ་ལོ་ཙཱ་བ་བཅོལ་ནས་བཀའ་འདྲི་འགའ་ཞིག་ཞུས་སྐབས་ཞལ་ནས་ལྷ་དཀོན་མཆོག་གསུམ་ལ་མཆོད། དམ་ཚིག་དང་སྡོམ་པ་ལ་གནས། གཙོ་བོར་སེམས་ཅན་ལ་གང་ཕན་འབའ་ཞིག་བྱེད་གསུང་། བློན་པོ་དེ་ཚོ་ཡིད་ཆེས་ནས་རྒྱལ་པོ་ལ་ཞུས་པ་ཨཱ་ཙརྱ་འདི་ལྟ་བ་དང་སྤྱོད་པ་བཟང་པོ་ཞིག་འདུག་པས་ཐུགས་དོགས་གཏན་ནས་གནང་དགོས་པ་མི་འདུག་ཅེས་ཞུས་ནས་རྒྱལ་བློན་རྣམས་ཀྱིས་སྣེ་ལེན་བསུ་བ་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཕོ་བྲང་དུ་གདན་དྲངས། ཕོ་བྲང་གི་སྒོ་འགྲམ་དུ་བྱོན་པ་ན། རྒྱལ་པོས་གསེར་ཕྱེ་བྲེ་གང་ཕྱག་རྟེན་དུ་ཕུལ་ནས་ཕྱག་འཚལ་ནས་ཞབས་ལ་གཏུགས་ཏེ་བྱིན་རླབས་ཞུས། སངས་རྒྱས་ཀྱི་བསྟན་པའི་སྲོལ་དར་རྒྱས་ཡོང་བའི་ཞུ་བ་ཕུལ་བ་ལྟར། ཕོ་བྲང་རླུང་འཚུབས་སུ་ཟླ་བ་བཞིའི་རིང་དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་ཆོས་གསུངས། སྐབས་དེར་ཆུ་ལོག་བྱུང་སྟེ་ཕོ་བྲང་འཕང་ཐང་ཆུས་ཁྱེར་བ་དང་། ལྷ་སའི་དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ་པ། མི་ཕྱུགས་ལ་ནད་ཡམས་ཕོག་པ་བཅས་བྱུང་བས་བོད་འབངས་ཚང་མ་སེམས་ལོག་ནས་ཆོས་བྱས་པའི་རྐྱེན་གྱིས་ལན་པ་ཡིན། མཐའ་མི་ཨཱ་ཙརྱ་ཕྱིར་བསྐྲད་དགོས་ཟེར་བ་ན། རྒྱལ་པོ་ཐུགས་ཕམ་ཆེན་པོའི་ངང་ནས་མཁན་པོའི་དྲུང་དུ་ཕེབས་ཏེ་ཞབས་ལ་དབུ་གཏུགས་ནས་བཤུམ་བཞིན་དུ་བོད་འབངས་ཀྱི་མི་ལ་བསོད་ནམས་མེད་པ་དང་ནག་ཕྱོགས་ཀྱི་ལྷ་འདྲེས་བར་ཆད་བྱས་པའི་དབང་གིས་བོད་འབངས་རྣམས་ཀྱིས་འདི་འདྲ་ཟེར་འདུག་པས་མཁན་པོ་གནས་སྐབས་རིང་བལ་ཡུལ་དུ་ཕྱིར་ཕེབས་མ་གནང་ཀ་མེད་བྱུང་སོང་ཡང་རྗེས་སུ་དུས་ལ་བབས་སྐབས་སླར་ཡང་གདན་འདྲེན་གཏོང་རྒྱུ་ཡིན་པས་ངེས་པར་དུ་ཕེབས་གནང་ཡོད་པ་ཞེས་ཞུས་ནས་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས་མཛད་དགོས་བྱུང་། སྐབས་དེར་མཁན་པོར་རྒྱལ་པོས་ཕྱག་རྟེན་དུ། གསེར་ཕྱེ་ཧ་ཅང་མང་པོ་ཕུལ་བ་ནས་ཁྱོར་བ་གང་ཙམ་ཞིག་བལ་པོའི་རྒྱལ་པོར་འབུལ་རྒྱུའི་རྟེན་དུ། བསྣམས་ནས་དེ་འཕྲོས་ཚང་མ་རྒྱལ་པོ་རང་ལ་ཕྱིར་སློག་གནང་སྟེ་གསུང་དོན། སྔར་ཡབ་མེས་ཀྱི་སྐུ་རིང་ལ་བོད་ཀྱི་ལྷ་སྲིན་གདུག་པ་ཅན་མང་པོ་དམ་ལ་མ་བཏགས་པའི་དབང་གིས་ནག་ཕྱོགས་ཀྱི་ལྷ་འདྲེ་ཆོས་ལ་ཤིན་ཏུ་མི་དགའ་བ་དེ་ཚོས་བར་ཆད་བྱས་ཏེ་ཆོས་གནང་སྐབས་ལྟས་ངན་སྣ་ཚོགས་བཏང་བ། རྒྱལ་པོ་སྐུ་ཚེ་ཐུང་བ་སོགས་བྱུང་བ་ཡིན་པས། རྗེས་སུ་ཆོས་གནང་ན་ཐོག་མར་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་གདག་དགོས། དེ་ལ་ནི་འཛམ་གླིང་འདི་ན་ནུས་པ་ཆེ་བའི་རིག་སྔགས་མཁན་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཞེས་ཞུ་བ་ཞིག་ཡོད་པ་དེ་ངས་བོད་དུ་གདན་དྲངས་ཏེ་ལྷ་འདྲེ་འདུལ་དགོས། བོད་ལ་མུ་སྟེགས་པས་འགྲན་རྒོལ་བྱེད་མཁན་མི་ཡོང་། ནང་པ་སངས་རྒྱས་པ་ནང་ཕན་ཚུན་དང་དེ་མིན་ཆོས་ལུགས་གཞན་ཞིག་གིས་འགྲན་རྒོལ་བྱེད་པ་བྱུང་ན། ལུང་དང་རིག་པའི་སྒོ་ནས་ང་དང་རྩོད་ཟླ་བྱེད་ཆོག །མཐུ་དང་རྫུ་འཕྲུལ་གྱི་སྒོ་ནས་པདྨ་སམ་བྷ་ཝ་དང་འགྲན་པས་འདུལ་ཐུབ་གསུངས་ནས་བལ་ཡུལ་དུ་ཕྱིར་ཕེབས། དེ་ནས་བཙན་པོས་ཐབས་མཁས་པའི་སྒོ་ནས་ཆོས་མཛད་རྒྱུའི་བཀའ་གྲོས་གནང་སྟེ། གསལ་སྣང་སླར་ཡང་མཁན་ཆེན་གདན་དྲངས་པར་བལ་ཡུལ་དུ་བཏང་། སྦ་བཞེད་ལས་སྐབས་དེར་མཁན་ཆེན་གྱིས་ཀྱང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་དང་ལྷ་ཁང་རྩིག་པའི་ས་དཔྱད་བརྟག་མཁན་བཅས་གྲ་སྒྲིག་གནང་སྟེ་མངའ་རིས་མང་ཡུལ་བར་ཕེབས་གྲུབ་པ་དང་མཇལ། སློབ་དཔོན་ཆེན་པོ་དང་། མཁན་ཆེན་སྐུ་འཁོར་བཅས་མངའ་རིས་མང་ཡུལ་ནས་སྙེ་ཐོད་དཀར་གྱི་བར་དུ་ཆུ་ཐོག་ལ་གྲུ་རྫིངས་བཅས་ཏེ་ཕེབས་ཤིང་། སློབ་དཔོན་ཆེན་པོས་ལྷ་འདྲེ་འདུལ་བ་དང་དམ་ལ་འདོགས་པའི་མཛད་པ་རྣམས་རིམ་གྱིས་བསྐྱངས། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་ཆ་གང་དུ་བཟང་མིན་གྱི་བརྟག་དཔྱད་མཛད་པའི་ཆེད་དུ་མཁན་པོ་དང་། སློབ་དཔོན། བཙན་པོ། གཉེར་སྟག་བཙན་ལྡོང་གཟིགས་བཅས་ཧས་པོ་རིའི་རྩེར་ཕེབས་ནས་གཟིགས་པ་ན། སྐབས་དེར་བསམ་ཡས་ཀྱི་ས་གཞི་དེ་འཇག་མ་སྐྱ་ཐོ་རེ་བ་དང་ཤིང་རྩི་སྡོང་ཕུང་ཆུང་བ་དང་། ལྕང་མ་སྡོང་པོ་ཐར་ཐོར་རེ་ཡོད་པ་རྣམས་ལ་གཟིགས་ནས་ཤར་ཕྱོགས་རི་ནི་རྒྱལ་པོ་ཁྲིའི་སྟེང་དུ་བཞུགས་པ་འདྲ་བ་དང་། མེ་ཡར་གྱི་རི་དྲེལ་རྟ་ཆུ་འཐུང་བ་འདྲ་བ། དོལ་ཐང་དར་དཀར་གྱི་ཡོལ་བ་བྲེས་པ་འདྲ་བ། ས་གཞི་འདི་མཁར་གཞོང་མེ་ཏོག་གུར་ཀུམ་གྱིས་བཀང་བ་འདྲ་བ་བཅས་ལྷ་ཁང་བཞེངས་པའི་ས་གནས་འདི་རང་བཟང་ཞེས་གསུངས་ནས་ཕྱག་མཁར་གྱིས་ཕྱག་བྲིས་མཛད། བོད་འབངས་རྣམས་ལ་གསང་བ་བྱ་བའི་ཕྱིར་ས་ཆ་འདིར་ཆིབས་རྟ་འདོགས་པའི་བྲེས་ཆེན་པོ་ཞིག་བརྩེགས་རྒྱུ་ཡིན་ཁུལ་གྱིས་རྩྭ་འཇག་མ་རྣམས་ཀྱི་རྩེ་མོ་ཕན་ཚུན་བསྡུས་ནས་མདུད་པ་བརྒྱབ་སྟེ་མཐོ་ཡོར་བཙུགས་པ་བཞིན་དུ་བསྐོར་ནས་ཕྱིའི་རྭ་བ་སྔོན་དུ་བརྩེགས་ནས་ས་ཆོག་གི་རིམ་པ་རྣམས་མཛད། དེ་ནས་ལྷ་ཁང་དངོས་གཞི་རྩིག་སྐབས། མཁན་ཆེན་གྱིས་གསུང་དོན། བཙན་པོའི་ཐུགས་དམ་ལྷ་ཁང་འདི་འཛམ་བུའི་གླིང་འདི་ན་ངོ་མཚར་ཆེ་བ་གཅིག་བྱེད་དགོས། དེ་ཡང་འདུལ་བ་དང་། མདོ་སྡེ། མངོན་པ་བཅས་མདོ་ཕྱོགས་ཀྱི་སྡེ་སྣོད་ཐམས་ཅད་དང་། གསང་སྔགས་རྒྱུད་སྡེ་བཞི་ཐམས་ཅད་དང་མཐུན་པ་ཞིག་བྱེད་དགོས་གསུངས་ནས་སྔོན་དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་འགོར་བཞེངས་པའི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལྗགས་བཀོད་ཞིབ་པར་གནང་། བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྗེས་སུ་སློབ་དཔོན་ཆེན་པོ་དང་ལྷན་ཏུ་རབ་གནས་ཀྱི་ཆོ་ག་རྒྱས་པར་གནང་། རྒྱ་གར་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས། སྦ་གསལ་སྣང་སོགས་སད་མི་མི་བདུན་རབ་ཏུ་བྱུང་བའི་མཁན་པོ་མཛད་པས་མཁན་ཆེན་ཞེས་མཚན་ཐོགས། དེ་ནས་བོད་ལ་སངས་རྒྱས་ཆོས་ལུགས་དར་རྒྱས་གོང་འཕེལ་འབྱུང་བ་ལ་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་བོད་མི་རིགས་རང་གི་སྐད་དུ་བསྒྱུར་རྒྱུ་གལ་ཆེ་བར་དགོངས་ཏེ་བསམ་ཡས་སུ་སྒྲ་བསྒྱུར་གྱི་ཆོས་དོན་ཁང་དང་། སློབ་གྲྭ་བཙུགས་པ་གནང་བ་དེ་ནི་བོད་དུ་ཡིག་བསྒྱུར་གྱི་སློབ་གྲྭ་དང་ཡིག་བསྒྱུར་ཁང་བཙུགས་པའི་ཐོག་མ་དེ་ཡིན། མཁན་པོ་འདིས་མཛད་པའི་གསུང་རྩོམ་གྲས་བདེན་གཉིས་རྣམ་འབྱེད་ཀྱི་འགྲེལ་པ་དང་།  དབུ་མ་རྒྱན་དེའི་འགྲེལ་པ་བཅས་ཡོད་པ་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་ནང་དུ་ཡོད་པ་གསུང་རབ་སྤྱིའི་དགོངས་པ་གནད་བསྡུས་ནས་སྟོན་པ་ཡིན་པར་རྒྱ་བོད་མཁས་པ་ཀུན་གྱིས་བསྟོད་བསྔགས་ཆེན་པོ་ཞུ་བ་ཞིག་ཡིན། སྐུ་ཚེའི་མཛད་པ་ཐ་མ་སྟོན་པར་ཉེ་བ་ན། འཕྲལ་སྣང་ལ་བསམ་ཡས་ཀྱི་ཕོ་བྲང་འོག་ཁང་ཞིག་ལ་ཕེབས་སྐབས་ཆིབས་ལྟས་དབུ་ལ་འཕྲ་བརྒྱབ་པའི་རྐྱེན་བྱས་ཏེ་སྐུ་གཤེགས་ཤིང་སྐུ་གདུང་བཞུ་བའི་སྤུར་ཁང་ཧས་པོ་རིའི་རྒྱབ་ངོས་སུ་བརྩིགས་པ་དེར་མཆོད་རྟེན་ཀྱང་བཞེངས། མཁན་པོ་བདག་ཉིད་ཆེན་པོ་འདིའི་ལོ་རྒྱུས་རྣམ་ཐར་རྒྱས་པ་ཞིག་སྔོན་ཆད་མ་མཐོང་ཞིང་། འདིར་བཀོད་པ་ནི་སྦ་བཞེད་དང་། རྒྱ་གར་ཆོས་འབྱུང་། ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར་བཅས་སུ་གསལ་བ་རྣམས་ཕྱོགས་སྡུད་བྱས་ཏེ་བཀོད་པ་ཡིན།

 

སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ།

 

སློབ་དཔོན་འདི་ནི་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་གསུམ་གྱི་ནང་ཚན་དང་པོ་ཡིན། འདི་ཡི་རྣམ་ཐར་དང་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཅིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ལ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་གར་གྱི་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་གི་དྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པ་དང་། ཡབ་དང་ཡུམ་མི་དགོས་པར་བརྫུས་ནས་རང་བྱུང་དུ་འཁྲུངས་པའི་སངས་རྒྱས་ཡིན་ཞེས་གསུངས། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་གྱི་ནང་འདི་ལྟར་གསུངས་ཏེ། རྒྱ་གར་ཡུལ་དབུས་མ་གྷ་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་ (སྤྱི་ལོ་ ༧༣༠-༧༧༧ བར་) ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོ་འམ་སྲིག་དྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད། དེ་ལ་སྲས་མཚན་བཟང་དང་ལྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲུངས་པ་ལས། ཁྱེའུའི་མཚན་ལྟས་བལྟ་བ་ལ་མཁས་པ་མང་པོ་ཞིག་ལ་བསྟན་པ་ན། གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་ཞིག་འབྱུང་བ་དང་། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་གྷ་སི་ཞེས་བཏགས། སྐུ་ན་ཆུང་དུས་ནས་རིག་གནས་ཆེ་ཆུང་དང་། བརྟག་པ་བརྒྱུད་ལ་སོགས་པ་གང་ལ་ཡང་དཀའ་ཚེགས་ཆེན་པོ་མི་དགོས་པར་མཁས་པར་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རུ་པ་དང་གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་རྡ་རི་བཅས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན་ཅིང་སྒོམ་སྒྲུབ་ཡུན་རིང་མཛད་དེ་བཞུགས་པའི་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨ་ཀླུ་མི་ལ་ཟེར་བས་སྲིད་དབང་བཟུང་། སྲས་པདྨ་ཨ་བ་བྷ་ཡིས་རང་གི་ཡབ་དང་འདྲ་བར་རྒྱལ་པོའི་ཕོ་བྲང་གི་སྲིད་ཀྱི་ལས་དོན་དང་། སྐར་རྩིས་ལ་བརྟེན་ནས་ལྟས་བཟང་ངན་ལུང་སྟོན་པ་བཅས་མཛད་ཅིང་སྐྱེད་ཚལ་ཞིག་གི་ནང་དུ་ལྷ་ཁང་དང་དགེ་འདུན་གྱི་སྡེ་བཞེངས་ཤིང་། མཐའ་བསྐོར་དུ་མཆོད་རྟེན་དང་ལྕགས་རི་རིམ་པ་མང་པོས་བསྐོར་བ་ཞིག་འཛུགས་སྐྲུན་གནང་བས། སློབ་དཔོན་རང་ཉིད་ཀྱི་བྲན་གཡོག་གཅིག་རྒྱལ་པོའི་ཡིག་མཁན་དང་། གཉིས་བློན་པོའི་ཁོངས་སུ་གཏོགས་པ་དེ་གསུམ་ངན་སེམས་སྐྱེས་ནས་རྒྱལ་པོར་དབྱེན་སྦྱོར་དཀྲུག་ཤིང་བྱས་ཏེ་སློབ་དཔོན་མེད་པར་བཟོས་ཏེ། ཡུལ་འདིའི་དབང་ཆ་བཟུང་ཐབས་བྱ་རྒྱུར་གྲོས་མཐུན་ཏེ་རྒྱལ་པོར་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དབྱེན་སྦྱོར་བྱས་པར་རྒྱལ་པོ་ཁོ་ཚོའི་གཏམ་ལ་ཡིད་ཆེས་ཏེ་དམག་དཔུང་བཏང་ནས་སྐྱེད་ཚལ་གྱི་མཐའ་བསྐོར། སློབ་དཔོན་དགེ་འདུན་བཅས་པ་ཡུལ་གཞན་དུ་གནས་དབྱུང་བཏང་། བློན་པོ་རྣམས་ཀྱིས་སློབ་དཔོན་འདི་མ་བསད་ན་རྗེས་སུ་རང་ཅག་ལ་གནོད་པ་བྱེད་སྲིད་ཟེར་ནས་གཤེད་མ་མངགས་ཏེ་སློབ་དཔོན་བཟུང་། མཚོན་ཆ་བསྣུན་པ་དང་། མེར་བསྲེགས་པ། ཆུ་ལ་བསྐྱུར་བ། གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་བཏང་བ་བཅས་བྱས་ཀྱང་སློབ་དཔོན་གསོད་མ་ཐུབ་ཅིང་། རྫུ་འཕྲུལ་བསྟན་ནས་སྐུ་ལུས་ལ་ཅི་ཡང་མ་གནོད་པར་མཛད། དེ་ནས་བཟུང་བྲག་ཕུག་དང་། དུར་ཁྲོད་སོགས་སུ་བཞུགས་ནས་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དབང་དུ་བསྒྱུར། གྲུབ་པ་ཐོབ་པའི་སློབ་དཔོན་རྡ་བུ་གྲི་ཏ་སོགས་སློབ་དཔོན་བརྒྱད་ལས། རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་རྩི་བཅས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། ད་དུང་དེས་ཐུགས་མ་ཚིམ་པར་རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། སྐབས་དེར་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་ (སྤྱི་ལོ་ ༧༩༠-༨༥༣) དང་། (སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ་ནས་སློབ་མ་གསོ་སྐྱོང་གནང་བའི་སྐབས་ཡིན།) ཆོས་ཀྱི་མྱུ་གུའི་དགོན་པར་སློབ་དཔོན་དེའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་མཛད། གཞན་ཡང་རྒྱུད་སྡེ་བཞིའི་རྒྱུད་དང་མན་ངག་ཧ་ཅང་མང་པོ་གསན། དེ་ནས་སློབ་དཔོན་གྱིས་བཀའ་གནང་བ་ལྟར་རྒྱ་གར་བྷངྒྷ་ལའི་ཡུལ་གྱི་གྲོང་ཁྱེར་པཎྜ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་སར་ཤི་ཞེས་བྱ་བར་བཞུགས། གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ཏེ་འཆི་མེད་རྡོ་རྗེའི་སྐུ་མངོན་དུ་མཛད། དེ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཏི་ར་ཧུ་ཏི་དང་། བལ་ཡུལ། ཤར་ཕྱོགས་ཀཱ་མ་རཱ། ལྷོ་ཕྱོགས་ཏྲི་མ་ལ་སོགས་མུ་སྟེགས་པ་མང་པོ་ཡོད་པའི་ས་གནས་ཕལ་ཆེ་བར་བྱོན་ནས་རྫུ་འཕྲུལ་གྱི་སྒོ་ནས་མུ་སྟེགས་པ་བརྟུལ་ཞིང་། རིག་སྔགས་ཀྱི་སྒོ་ནས་མུ་སྟེགས་པའི་ལྷ་འདྲེ་རྣམས་བཏུལ་ནས་དམ་ལ་འདོགས་པར་མཛད་པ་སོགས་གསལ། སློབ་དཔོན་ཆེན་པོ་འདི་ཉིད་བོད་དུ་གདན་དྲངས་ཚུལ་ལ་རྦ་བཞེད་དང་། བཀའ་ཐང་གཉིས་བཤད་ཚུལ་མི་མཐུན་པ་ཡོད་ཅིང་། བཀའ་ཐང་དུ་འཁོད་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྦ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ་བཅས་བཞི་ལ་གསེར་ཕྱེ་བྲེ་གང་རེ་དང་། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་དུ་བརྫངས། སློབ་དཔོན་ཆེན་པོ་དང་མཇལ་ཏེ་རྒྱལ་པོའི་ཕྱག་རྟེན་རྣམས་ཕུལ་ནས་བོད་དུ་ཕེབས་པར་ཞུས་པས་ཞལ་གྱིས་བཞེས། ཁྱེད་ཕོ་ཉ་བ་ཚོ་སྔོན་ལ་སོང་། ངས་རྗེས་སུ་འོངས་ཏེ་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ནས་དམ་ལ་འདོགས་ཀྱིན་མ་བྱས་ན་བར་ཆད་ཆེ་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བཏང་། སློབ་དཔོན་གྱིས་བལ་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་ཏེ་མི་མ་ཡིན་མང་པོ་དམ་ལ་འདོགས་པ་དང་གཏེར་སྦ་བ་སོགས་མཛད། (དེ་ནས་རྦ་བཞེད་དུ་གསལ་བ་ལྟར་ན་མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་ཀར་གྱི་བར་དུ་ཆུ་ཐོག་གྲུ་རྫིངས་ལ་བྱོན་པར་བཤད་) དེ་ནས་སླར་ཡང་རྒྱལ་པོས། གནུབས་ནམ་ཁའི་སྙིང་པོ། དབས་མང་རྗེ་གསལ་སྣང་། སེང་མགོ་ལྟ་ལུང་གཟིགས་དབས་མི་གྲུ་གཟིངས། ཙག་རོ་དཔལ་གཟུངས་མགོན་ཤ་ལི་པུ་ཏྲ་བྷེ། གཉེར་སྟག་བཙན་ལྡོང་གཟིགས་སོགས་མང་ཡུལ་གྱི་མཐའ་སྲུང་བློན་པོར་བརྫངས་པའི་ཁུལ་མཛད་དེ་སླར་ཡང་སྐ་བ་དཔལ་བརྩེགས་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཅས་གདན་འདྲེན་དུ་བཏང་། མང་ཡུལ་ནས་རིམ་བཞིན་གནམ་ཐང་མཁར་ནག །འོ་ཡུག །བྱང་ཁུལ་འདམ་གཞུང་། འཕན་པོ། མལ་དྲོ་སོགས་སུ་བྱོན་ནས། ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་མ་བཅུ་གཉིས། དམ་ཅན་རྡོ་རྗེ་ལེགས་པ། གཉན་ཆེན་ཐང་ལྷ། གཉན་མཁར་ནག །མལ་དྲོ་གཟི་ཅན། ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས། རིམ་གྱིས་ཡར་ལུང་གཙང་པོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན། རྒྱལ་པོ་དང་བཙུན་མོ་གཉིས། བློན་པོ། བོད་འབངས་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྔ་བྲོ་དང་གླུ་བྲོ་སོགས་ཀྱི་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། དེ་ནས་རྒྱལ་པོའི་གཟིམས་མལ་བ་ལྷ་འདུང་འཚོ་གཞིར་སྙན་ལེགས་སོགས་ལ་ཕྲ་རྟེན་མཛད་དེ་རྒྱལ་པོ་ཆེན་པོ་བཞི་ཡི་པྲ་ཕབ་ (མིའི་ལུས་རྟེན་ལ་ལྷ་བབས་སུ་བཅུག་པ་) ནས། སྔར་བོད་ས་གནས་སུ་ཆོས་དར་སྤེལ་གཏོང་རྒྱུར་བར་ཆད་དང་གནོད་འཚེ་བྱེད་མཁན་ལྷ་འདྲེ་སུ་དང་སུ་ཡིན་གྱི་ལུང་བསྟན་རྒྱག་ཏུ་བཅུག་པ་དེ་ནི་བོད་དུ་གསང་སྔགས་ཀྱི་གཞུང་ནས་བཤད་པ་ལྟར་གྱི་ལྷ་ཕབ་པའི་ལུགས་སྲོལ་ཐོག་མ་དེ་ཡིན། དེ་ནས་སླར་ཡང་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་། རྨང་འདིང་བར་མཛད། འདི་ནི་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གསུམ་པ་ཡིན་པར་པདྨ་བཀའ་ཐང་ལས་བཤད། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་སྟག་ལོ་ནས་རྟའི་ལོའི་བར་ལོ་བཞིའི་རིང་བཞེངས་གྲུབ་སྟེ། རབ་གནས་སློབ་དཔོན་དང་མཁན་ཆེན་གཉིས་ལྷན་རྒྱས་སུ་མཛད་ཅིང་ངོ་མཚར་ཅན་གྱི་ལྟས་བཟང་པོ་ཧ་ཅང་མང་པོ་བྱུང་ཞིང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ངམ་ཤོད་ཀྱི་བྱེ་ཐང་དང་འགྲམ་ཐང་རྣམས་ནགས་ཚལ་དང་། སྤང་ཐང་དུ་བསྒྱུར། ཟུང་མཁར་སོགས་ཆུ་དཀོན་པའི་སར་ཆུ་ཐོན་པར་མཛད། ལྷ་སྲས་མུ་ཁྲི་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་པའི་ནོར་རྫས་རིན་ཐང་ཆེ་བ་རྣམས་བོད་དུ་དྲངས་པས། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅ་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། རྒྱལ་པོ་དང་བཙུན་མོ་གཉིས། སད་མི་མི་བདུན་སོགས་གསང་སྔགས་ཀྱི་སྐལ་ལྡན་སློབ་མ་ཉི་ཤུ་རྩ་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་ཅིང་། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཐོག་མར་བྱུང་། སློབ་དཔོན་ཆེན་པོ་འདི་བོད་དུ་ཡུན་ཇི་ཙམ་བཞུགས་པ་དང་། རྒྱལ་པོ་གང་གི་དུས་སུ་བོད་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་ཡོད། རྦ་བཞེད་ལས། སློབ་དཔོན་ཆེན་པོ་བོད་དུ་ཕེབས་ནས་བསམ་ཡས་ཀྱི་རབ་གནས་མ་མཛད་གོང་དུ་ཆུ་མེད་སར་ཆུ་འདོན་པ་དང་། བྱེ་ཐང་དང་གྲམ་ཐང་རྣམས་སྤང་ཐང་དང་ནགས་ཚལ་དུ་བསྒྱུར་བ་སོགས་ཀྱི་རྫུ་འཕྲུལ་མང་པོ་བསྟན་པ་མཛད་པར་བློན་པོ་སངས་རྒྱས་ཆོས་ལུགས་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོར་ཞུས་དོན། རྒྱ་གར་གྱི་ཨ་ཙརྱ་འདི་མཐུ་དང་ནུས་པ་ཆེ་ལུགས་ལ་བལྟས་ན་འདིས་ནམ་ཞིག་བོད་ཀྱི་རྒྱལ་པོའི་སྲིད་དབང་འཕྲོག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བས་ཁོ་རང་གི་ཡུལ་དུ་བསྐྱལ་ན་ལེགས་ཞེས་ཡང་ཡང་ནན་ཏན་གྱིས་ཞུས་པས་རྒྱལ་པོ་བྱ་ཐབས་མ་རྙེད་ནས་སློབ་དཔོན་རྒྱ་གར་དུ་ཕྱིར་ཕེབས་སྐྱེལ་ཞུ་དགོས་བྱུང་བ་དང་། བློན་པོ་རྣམས་ཀྱིས་ལྐོག་ཏུ་གྲོས་བྱས་ཏེ་སློབ་དཔོན་རྒྱ་གར་དུ་ཕྱིར་ཕེབས་གནང་བའི་ལམ་བར་དུ་ལྐོག་གསོད་བྱ་མ་ཐུབ་ན་རྗེས་སུ་བོད་ལ་གནོད་འཚེ་བྱེད་ཉེན་ཡོད་ཅེས་གྲོས་མཐུན་ནས་སློབ་དཔོན་གྱི་རྗེས་སུ་གཤེད་མ་རྟ་པ་མི་བཅོ་བརྒྱད་བཏང་ནས་མངའ་རིས་མང་ཡུལ་གུང་ཐང་ལ་ཁར་སྒུགས་ར་སྤྲད་དེ་སློབ་དཔོན་དེར་ཕེབས་པ་དང་གཤེད་མ་ཚོས་གློ་བུར་དུ་གནོད་འཚེ་བྱེད་པར་འོངས་སྐབས་སློབ་དཔོན་གྱིས་བྱེ་མ་ལ་སྔགས་བཏབ་པ་གཏོར་བས་གཤེད་མ་རྣམས་ལུས་རེངས་ཏེ་སྐུལ་བསྐྱོད་མ་ཐུབ་པར་ལུས། དེ་ནས་སློབ་དཔོན་ནམ་མཁའ་ལ་འཕུར་ནས་སྲིན་ཡུལ་དུ་ཕེབས་པར་བཤད། བཀའ་ཐང་འགའ་ཞིག་ལས་སློབ་དཔོན་བོད་དུ་ལོ་དྲུག །བཅུ་གཉིས། བཅོ་བརྒྱད། ལྔ་བཅུ་སོགས་སུ་བཞུགས་པར་བཤད་པ་སོགས་མི་འདྲ་བ་ཡོད། བསམ་ཡས་ཀྱི་འཁོར་ས་ཆེན་མོའི་ལྡེབས་བྲིས་དང་བཀའ་ཐང་སྡེ་ལྔ། པདྨ་བཀའ་ཐང་བཅས་ལ་ཞིབ་ཏུ་བརྟགས་ན། སློབ་དཔོན་ཆེན་པོ་བོད་དུ་ཕེབས་སྐབས་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་། རྩིག་རྨང་འདིང་ཐེངས་གཉིས་བྱས་ཟིན་པ་དང་། བོད་དུ་ཕེབས་རྗེས་སླར་ཡང་རྩིག་རྨང་བཏིང་སྟེ་བསམ་ཡས་གཙུག་ལག་ཁང་གི་རབ་གནས་ཀྱི་སྐབས་སུ་བཞུགས་ཡོད་པར་གསལ་ཞིང་། ལྷག་པར་དུ་བཀའ་ཐང་ཁག་གི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་རིང་དང་། དེ་ནས་མུ་ནེ་བཙན་པོས་སྲིད་དབང་སྐྱོང་སྐབས་དང་མུ་ནེ་བཙན་པོ་འདས་ནས་མུ་ཏིག་བཙན་པོས་སྲིད་དབང་བཟུང་སྐབས་ལོ་ཤས་བཅས་ཀྱི་བར་བོད་དུ་བཞུགས་པར་གསལ་བ་ལྟར་ན་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཆུ་སྟག་སྤྱི་ལོ་ ༧༦༢- རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ཀྱིས་སྲིད་དབང་བཟུང་བའི་ལོ་སྟེ་སྤྱི་ལོ་ ༨༠༤ བར་ལོ་བཞི་བཅུ་ཞེ་གསུམ་ཡོད་པས་རྒྱལ་པོ་མུ་ཏིག་བཙན་པོ་སད་ན་ལེགས་ཀྱིས་སྲིད་དབང་བཟུང་རྗེས་ཀྱང་ལོ་ཤས་བཞུགས་པ་བསྡོམས་ན་བོད་དུ་ལོ་ལྔ་བཅུ་མ་ཟིན་ཙམ་ཞིག་བཞུགས་ཡོད་ངེས་སྙམ། འོན་ཀྱང་བཀའ་ཐང་ནང་དུ་འཁོད་པའི་སློབ་དཔོན་གྱི་རྣམ་ཐར་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱིའི་ལྟ་ཚུལ་དང་མི་མཐུན་པའི་ཚིག་མང་པོ་ཞིག་འདྲེས་ནས་ཡོད་སྟབས་དེས་རྐྱེན་བྱས་ཏེ་བོད་ལྗོངས་སྐྱེ་བོ་ཡོངས་ལ་མཚུངས་ཟླ་མེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཆེན་པོ་དང་། གསང་སྔགས་སྔ་འགྱུར་གྱི་བསྟན་པ་བསྟན་འཛིན་དང་བཅས་པར་མ་དད་ལོག་རྟོག་སྐྱེ་བའི་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག་པ་ཕྱི་རབས་རང་རིགས་ཀྱི་མཁྱེན་ལྡན་མཁས་པ་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ཏེ་ཐུགས་དགོངས་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བརྟག་དཔྱད་ནན་ཏན་མཛད་པར་ཞུ་ཞེས་གསོལ་བ་འདེབས་རྒྱུ་ཡིན་ལགས།།  །།

 

དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས་བཏུས།

Leave a Reply

Your email address will not be published. Required fields are marked *