མཁན་ཆེན་ཞི་བ་འཚོའི་བསྟོད་པ།

 

མཁན་ཆེན་ཞི་བ་འཚོའི་བསྟོད་པ།[1]

༼རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པ།༽

འཕགས་ཡུལ་ཆོས་ཀྱི་འདུན་ཁང་ན་ལེནྡྲའི། །ཁྲི་འཕང་ཞབས་པད་འདབ་མས་གནོན་བཟོད་པ། །ཟ་ཧོར་མཁན་པོའི་གྲགས་སྙན་སུམ་རྩེན་རྔ། །དབྱུ་གུས་བསྐུལ་བ་མེད་ཀྱང་སྲིད་ན་ལྡིར། །མང་ཐོས་ཤ་ཚུགས་རྒྱས་པའི་མཁས་མང་ཡང་། །གུས་བཅས་འཛུམ་པའི་མིག་གིས་ཁྱོད་བལྟས་ཏེ། །དཔྱད་གསུམ་ལམ་ནས་དྲང་བའི་ལེགས་བཤད་དབྱངས། །ཉན་ལ་རིང་བའི་ཡིད་ཀྱིས་ཁྱོད་དྲུང་འདུ། །

འདབ་བཟང་ངང་པས་བསྟེན་པའི་ཆུ་གཏེར་བཞིན། །ཐར་འདོད་སྐལ་བཟང་སྐྱེ་བོ་ཁྲག་ཁྲིག་འབུམ། །ཁྱོད་ལ་དགེ་བའི་བཤེས་ཀྱི་བློ་བཞག་སྟེ། །གདམས་ཟབ་བདུད་རྩིའི་བགོ་སྐལ་འཐུང་ལ་འདུན། །ལྷག་པའི་ཚུལ་ཁྲིམས་ལྗོན་བཟང་མ་སྨད་པ། །མ་རལ་མ་འདྲེས་ཤིན་ཏུ་དག་གྱུར་པས། །མཚམས་སྤྲིན་པིར་གྱིས་བྲིས་འདྲའི་བླ་གོས་འདི། །ཁྱོད་ལ་མཛེས་པར་མི་འགྱུར་འགའ་ཡང་མེད། །ཁ་ན་མ་ཐོའི་རྒྱུ་བ་མཐར་མཛད་དེ། །སྤོང་ཀློག་ཁྲིམས་ཀྱི་བསླབ་པའི་འདུན་ཁང་ན། །ཁྱོད་བློ་ཤིན་ཏུ་ཞི་བ་བརྙེས་གྱུར་པས། །ངུར་སྨྲིག་འཛིན་པའི་གྲལ་ན་ཁྱོད་གཅིག་འཕགས། །ལྷར་བཅས་དྲེགས་དགུའི་དོ་ཀེར་འཁྲི་ཤིང་རྩེར། །ཁྱོད་ཞབས་བཀྲ་ཤིས་མཚན་ལྡན་རྟག་འགོད་ཀྱང་། །ཁེངས་དང་རྒྱགས་པས་མྱོས་པ་ལྟ་ཅི་སྟེ། །ཆགས་མེད་ཡེ་ཤེས་ཞི་བ་ལྷག་པར་རྒྱས། །ལྷ་དབང་ལྷ་རྫས་འབྱོར་པས་ཁྱོད་མཆོད་ཀྱིས། །སྲིད་པའི་ཕུན་ཚོགས་སྙིང་པོ་མེད་གཟིགས་ཏེ། །འབྱོར་དགུའི་ལོངས་སྤྱོད་རིང་དུ་བརྟུལ་མཛད་ནས། །བསོད་སྙོམས་སློང་བའི་ཆོ་ག་བསྟར་བ་ལགས། །དྲན་དང་ཤེས་བཞིན་བག་ཡོད་མཆོག་བརྙེས་པས། །དབང་པོ་ཞི་ཞིང་ཐུགས་ཀྱང་ཞི་གྱུར་ཏེ། །དུལ་བའི་སྤྱོད་ལམ་མ་རྨས་མ་འཁྲུལ་བ། །མཐོང་ན་མི་མཐུན་མེད་པའི་དཔལ་གྱིས་མཛེས། །སུ་ཞིག་ལོག་རྟོག་རྒོལ་བའི་ཕྱོགས་འཛིན་ཀྱང་། །དེ་ལ་ཁྱོད་ཀྱིས་ལྷག་པར་སྙིང་བརྩེ་ཞིང་། །རིགས་ལམ་རྨད་བྱུང་སྨན་མཆོག་བདུད་རྩིའི་རོས། །ཉེས་པའི་གྲུབ་མཐའ་གོས་རལ་བཞིན་དུ་མཛད། །རྩོད་པའི་འཁྲུལ་འཁོར་བཤམ་ལ་ཉེར་ཞུགས་ཀྱང་། །གཞན་ཕྱོགས་ཕམ་དང་རང་ཉིད་རྒྱལ་བཞེད་པའི། །ཕྱོགས་ལྷུང་ཉེས་པ་གཞར་ཡང་མ་མཆིས་ཏེ། །གསུང་རབ་ཟབ་མོའི་དགོངས་དོན་འཚོལ་ཕྱིར་ཡིན། །སྐྱེ་བས་ཐོབ་པའི་ཤེས་རབ་ཕུལ་བྱུང་ཞིང་། །ཐོས་བསམ་སྒོམ་པའི་བློ་གྲོས་རྩལ་རྫོགས་པས། །ཚུལ་གཉིས་ཐེག་པའི་གནད་གསང་ཀུན་གཟིགས་ཏེ། །ཤིང་རྟ་ཆེན་པོའི་རྣམ་ཐར་དྲི་མེད་སྐྱོང་། །འཕགས་ཡུལ་མཁས་བརྒྱའི་རྒྱུ་སྐར་རྣམ་བཀྲའི་དབུས། །འཕགས་ཆེན་ཁྱོད་ཀྱི་གྲགས་སྙན་ཟླ་བའི་གཟིས། །གླིང་བཞིའི་འཁོར་ཡུག་འཁྱུད་མོར་བསྡམས་བྱས་པས། །ཁྲི་སྲོང་དད་པའི་ཀུ་མུད་བཞད་པ་ལགས། །བསོད་ནམས་སྟོང་གི་དཔལ་འབར་ཞབས་པད་མོས། །བསིལ་ལྗོངས་སཱ་ལའི་སྨན་ཚལ་ཉེར་བཅགས་ཏེ། །རྒྱལ་བསྟན་གདུགས་དཀར་གཅིག་གིས་བྷོ་ཊའི་གླིང་། །ཁྱབ་མཛད་བཀའ་དྲིན་མཚུངས་མེད་ཞི་བ་འཚོ། །བཀའ་དྲིན་གཞལ་བར་ནུས་མིན་མཁན་ཆེན་ཞབས། །བསྔགས་པའི་གཏམ་འདི་སྡེབ་སྦྱོར་མི་ལེགས་མོད། །དོན་གྱི་སྦྱོར་བ་ཉེས་པར་མི་འགྱུར་གྱི། །བློ་གྲོས་ལྡན་པས་རྣ་ལུང་བཞིན་དུ་ཆོངས། །ཞེས་པའང་འགུ་ལོག་བི་སྤྲང་ཕུག་ཀི་བོས་སྨྱོ་གཏམ་ཐོལ་བྱུང་མར་ཇ་གསུམ་པ་འཐུང་ཞོར་ལ་བྲིས་པ་དགེ།  །།

 

[1] རྡོ་གྲུབ་འཇིགས་མེད་བསྟན་ཉིའི་གསུང་འབུམ། པོད། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༤༩

Leave a Reply

Your email address will not be published. Required fields are marked *