༄༅། །གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་
པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་
པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས།[1]
༼༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པ།༽
རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །ཚངས་སྤྱོད་ལང་ཚོ་དར་བའི་དོ་ར་རུ། །བསྒྱུར་མཁས་སྡོམ་བརྩོན་དབང་པོ་གྷནྡྷར་བྷ། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །ས་ལཱ་པ་ལྟར་མངོན་མཐོའི་རྒྱལ་རིགས་སུ། །མཚན་དཔེའི་སྣང་བ་རྒྱས་པའི་ངོ་མཚར་སྐུ། །ཞལ་ཁྱིམ་འཛུམ་ལྡན་ཟླ་བཞིན་ཆེས་དཀར་བས། །བསྟན་འགྲོའི་ལེགས་བྱས་མགྲོན་ཀུན་འགུགས་པ་བཞིན། །
ཟབ་ཡངས་འཁོར་བའི་དཔལ་འབྱོར་ཆུ་གཏེར་ཆེ། །ངེས་འབྱུང་ལྷུན་པོས་བསྐུལ་བས་རིང་དོར་ཏེ། །སྡོམ་བརྩོན་མཁའ་ལ་འཕགས་ཚེ་གཏན་བདེའི་ཆ། །ཡོངས་གང་སྔོན་མེད་ཟླ་བ་ཁྱོད་མིན་སུ། །མཁྱེན་དཔྱོད་རབ་ཡངས་གོམས་པའི་གཞོན་ནུ་ཡིས། །བརྩེ་ལྡན་ཀ་ཤི་མཛེས་དགའི་གཞུང་ལུགས་ལ། །སྐད་ཅིག་ཙམ་གྱིས་འཁྲུད་ཚེ་པད་དཀར་མིག །མཁའ་ལྡིང་ཞོན་ཏེ་སུམ་རྩེན་གནས་སུ་སོང་། །བརྩོན་ཆེན་རྟ་ལྗང་ཤུགས་ཀྱིས་ཉེར་དྲངས་པའི། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་འོད་སྟོང་གིས། །ཀུན་མཁྱེན་ཡེ་ཤེས་འདབ་བརྒྱ་འཛུམ་པ་ལས། །ཕན་བདེའི་སྦྲང་རྩིའི་ཟིལ་མངར་བྱུར་བུར་སྤུངས། །ཕྲ་ཞིབ་རིག་པའི་བརྒལ་བརྟགས་འཁྲུལ་འཁོར་གྱིས། །མཁས་རློམ་གླང་གདོང་དྲེགས་པའི་མཆེ་བ་དག །ཕྱུང་སྟེ་འཆད་རྩོད་རྩོམ་པའི་མདོངས་མཐའ་ལ། །ཞོན་ནས་མཁས་མང་འཆི་མེད་དབུས་སུ་འགྱིང་། །ཁྲི་སྲོང་དཔྱིད་ཀྱི་ཕོ་ཉས་ཉེར་བསྐུལ་བར། །སྨད་བྱུང་ཐུགས་རྗེའི་དབྱར་སྐྱེས་གཞོན་ནུའི་ཚོགས། །གངས་ཅན་དགའ་བའི་ཚལ་དུ་དར་བ་ལས། །ཐུབ་བསྟན་མྱུ་གུའི་འབྲས་བཟང་ཅི་ཡང་སྨིན། །དག་པ་རབ་འབྱམས་ཞིང་གི་བཀོད་པ་ཀུན། །ལུགས་ཟུང་མི་འགྱུར་གཙུག་ལག་ཁང་བཟང་དུ། །མངོན་པར་བསྒྱུར་བས་ཡེ་ཤེས་སྒྱུ་མའི་གར། །བསྟན་ཚེ་ངོ་མཚར་བཀོད་པས་འཇིག་རྟེན་ཁྱབ། །སྲིད་པར་ཞེན་པའི་ལ་བ་དཀར་པོའི་ཐུགས། །མྱང་འདས་བསམ་པའི་གུར་ཀུམ་གྱིས་བཙོས་པས། །རབ་བྱུང་ཁྲིམས་ཀྱི་ངུར་སྨྲིག་བླ་གོས་ཅན། །ཐུན་མཚམས་གཞོན་ནུས་ཁ་བའི་ལྗོངས་ཀུན་ཁེངས། །རྩ་བརྟན་ཚུལ་ཁྲིམས་ཤེས་རབ་སྡོང་བུ་ཅན། །ཏིང་འཛིན་ལོ་འདབ་གསང་སྔགས་འབྲས་བུ་ཡིས། །ཉེ་བར་དུད་པའི་ཐུབ་བསྟན་ཡོངས་འདུའི་ལྗོན། །བོད་ཡུལ་བཟའ་ཤིང་ར་བ་ཀུན་ཁྱབ་མཛད། །རིམ་གཉིས་རྣལ་འབྱོར་བདེ་ཆེན་བདུད་རྩིའི་རོ། །ཐབས་ཤེས་ཟུང་འཇུག་མཆོག་གིས་ལེགས་བལྟམས་ཀྱང་། །ཆགས་བྲལ་རིན་ཆེན་བུམ་བཟང་བརྟུལ་ཞུགས་ཀྱིས། །རྒྱལ་བསྟན་ཡོངས་ཀྱི་རྩ་ལག་དམ་པར་འདུད། །ཅུང་ཟད་བསྟོད་པའི་དགེ་ཚོགས་ཡིད་བཞིན་ནོར། །ལེགས་བྱས་རྒྱལ་མཚན་རྩེ་མོར་མངོན་མཆོད་པས། །དོན་གཉིས་འདོད་དགུའི་དཔལ་འབྱོར་རྒྱ་མཚོ་ལ། །འབད་མེད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཐུགས་རྗེ་ཡི། །ཕུལ་བྱུང་དབྱར་རྔ་དལ་གྱིས་རྒོད་པ་ལས། །མ་སྨད་ཚུལ་ཁྲིམས་སྦྲུམ་པའི་མངལ་ཁུར་ཅན། །ཐུབ་བསྟན་ས་ལ་དགའ་བའི་གར་བྱེད་ཤོག །ཅེས་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ཞེས་པ་འདི་ཡང་། དམ་པ་གང་དེར་མི་ཕྱེད་པའི་དད་པ་ཐོབ་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། དུས་ཚིགས་དྲུག་ཏུ་ཕྱེ་བའི་དབྱར་གྱི་ཟླ་བ་སྔ་མ་གྲོ་བཞིན་གྱིས་ཉ་བའི་རྒྱལ་བ་གསུམ་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།
[1] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། པོད། ༼བ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༨༩