མ་ཏངྒི་པའི་རྣམ་ཐར་སྙིང་བསྡུས།

མ་ཏངྒི་པའི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་དང་བདག་བསྐྱེད་ངག་འདོན་བཀྲ་ཤིས་ལྷུན་པོ་རྒྱུད་པ་གྲྭ་ཚང་གི་འདོན་རྒྱུན་ལ་རྗེ་ཐམས་ཅད་མཁྱེན་པས་ཞུས་དག་མཛད་པ་ལས[1]

གསུང་རབ་རྒྱ་མཚོར་བལྟ་བའི་མིག་གཅིག་པུ། །

རྟེན་འབྱུང་མཐའ་བྲལ་དངོས་སུ་གཟིགས་མཛད་ཅིང་། །

དབང་ཕྱུག་བརྒྱད་ཀྱི་གོ་འཕང་མཆོག་བརྙེས་པ། །

མགོན་པོ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

འཕགས་མཆོག་དེ་ཡིས་རྗེས་བཟུང་ཐུགས་ཀྱི་སྲས། །

བེ་ག་ར་ཡི་དུར་ཁྲོད་ཆེན་པོ་རུ། །

བརྟུལ་ཞུགས་སྤྱོད་པས་མཆོག་གི་དངོས་གྲུབ་བརྙེས། །

མ་ཏཾ་གི་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སློབ་མའི་མཆོག་ཐུགས་སྲས་བཞི་དང་། ཉེ་བའི་སྲས་གསུམ་ཡོད་པ་ལས། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་གཟིགས་ན་ག་བོ་དྷི། ས་བརྒྱད་ནོན་པ་ཨརྻ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏང་གི་པ་ཞེས་ཡོངས་སུ་གྲགས་པའི་ཁྲོད་ནས་སྤྱན་རས་གཟིགས་ཞལ་མཐོང་བ་མ་ཏངྒི་པའི་མཚན་གྱི་དག་སྡེབ་ཐད། མ་ཏཾ་གི་པ། མ་ཏང་གི་པ། མ་ཏམ་གི་པ། (Matanggipada) སོགས་འབྲི་སྲོལ་སྣ་ཚོགས་ཤིག་མཆིས་སོ།།

དེ་ཡང་སྤྱན་རས་གཟིགས་ཞལ་གང་དུ་གཟིགས་པ་ནི། འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[2]། ཡང་མ་ཏང་གི་པ་ནི་འཇིགས་པའི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས། ཞེས་བྱུང་ལ། བླ་བརྒྱུད་གསོལ་འདེབས་ལས་བེ་ག་ར་ཡི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པར་གསུངས།

གསང་འདུས་མི་བསྐྱོད་པའི་བརྒྱུད་རིམ་ནི་སྒྲུབ་ཐབས་ཀུན་བཏུས་ལས། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མ། །བྷི་སུ་ཀ་ཝ་ས་ར་ཧ་པ་དང༌། །འཕགས་མཆོག་ཀླུ་སྒྲུབ་རྣམས་ལ་གསོལ་བ་འདེབས། །ཨཱརྻ་དེ་བ་ཤཱཀྱ་བཤེས་གཉེན་དང༌། །ཀླུ་ཡི་བྱང་ཆུབ་མ་ཏཾ་གི་པའི་ཞབས། །ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་དང༌། །ནག་པོ་སྤྱོད་པ་རྣམས་ལ་གསོལ་བ་འདེབས། །ས་འདྲེས་པ་དང་བཱིརྻ་བྷ་དྲ་དང༌། །དེ་བ་ཙནྡྲ་ཤྲཱི་ཛྙཱ་ནའི་ཞབས། །ཞེས་གསུངས་པ་ལྟར་ མཚན་གསང་བ་སྟེ་མ་ཏངྒི་པས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། གྲུབ་ཆེན་བིར་ཝ་པ་སོགས་བསྟེན་ནས་མཁས་ཤིང་གྲུབ་པ་ཐོབ་པ་དང་། སྤྱན་རས་གཟིགས་ཀྱི་ཞལ་གཟིགས་པ་ཡོངས་སུ་གྲགས་ལ། རྗེས་འཇུག་གི་སློབ་མ་ཡང་། དཔལ་ལྡན་ཟླ་བ་གྲགས་པ་དང་། གྲུབ་ཆེན་ར་ཧུ་ལ་ཤྲཱི། སློབ་དཔོན་དཔལ་འཛིན། གྲུབ་ཆེན་ཏཻ་ལོ་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བསྐྱངས་པར་གྲགས་སོ།།

དེ་བཞིན་རིགས་གང་ལས་སྐུ་འཁྲུངས་པ་དང་། བླ་མ་གང་དག་བསྟེན་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། འདིའི་དུས་གདོལ་པའི་བུ་ཞིག་ཨཱརྱ་དེ་ཝ་དང་མཇལ། བྱིན་གྱིས་བརླབས་པས་ཆོས་ཏོལ་ཤེས་སུ་བྱུང་། བསྒོམས་པས་གྲུབ་པ་ཐོབ་སྟེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་རྙེད། ཅི་རིགས་པར་བཤད་དེ་མ་ཏང་གི་པའོ། །ཞེས་གསུངས་ལ། དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[4]

འཕགས་པ་ཡབ་སྲས་འདུས་པ་ཆེས་གསལ་མཛད། །

སློབ་དཔོན་འཕགས་པ་ཡབ་སྲས་རྣམས་ཀྱིས་དཔལ་ལྡན་གསང་བ་འདུས་པའི་ལམ་སྲོལ་ཆེས་གསལ་བར་མཛད་དེ། དེའང་བྲམ་ཟེ་ཆེན་པོས་སློབ་དཔོན་འཕགས་པ་ལ་དབང་བསྐུར་རྒྱུད་བཤད་མན་ངག་སྩལ་ཏེ་གསང་སྔགས་ཀྱི་བསྟན་པ་གཏད། སློབ་དཔོན་ཉིད་ཀྱིས་ཀྱང་ལྷག་པའི་ལྷ་སོགས་ལས་གསན་ཏེ་སྔགས་སྤྱི་དང་ཁྱད་པར་འདུས་པ་ལ་བསྐྱེད་རིམ་གྱི་ཕྱོགས་སུ་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ། རྫོགས་རིམ་ལ་རིམ་པ་ལྔ་པའི་གཞུང་ཆེན་པོར་མཛད། ཐུགས་སྲས་ཨཱརྻ་དེ་བས་འཕགས་གཞུང་དེ་དག་གི་དོན་གསལ་ཞིང་རྒྱས་ལ་མ་འཛིངས་པ། ཁ་སྐོང་གཞན་ལ་རག་མ་ལས་པའི་མཚན་ཉིད་ཅན་སྤྱོད་བསྡུས་སྒྲོན་མེ། སྒྱུ་ལུས་བདག་བྱིན་རླབས་པའི་སྒོས་ཀྱི་གཞུང་ཆུང་སོགས་དང་འཕགས་པའི་དངོས་སློབ་ཀླུའི་བྱང་ཆུབ་ཀྱིས་དཀྱིལ་ཆོག་ཉི་ཤུ་པ། བསྐྱེད་རིམ་རྣམ་གཞག་རིམ་པ། རྫོགས་རིམ་ལས་མཐའ་རྣམ་འབྱེད། ཟླ་བ་གྲགས་པས་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་བ་མཛད། ཕྱིས་ནཱ་རོ་ཏཱ་པས་རིམ་ལྔ་བསྡུས་པ་གསལ་བ་མཛད་པ་སོགས་སྤྱིར་འདུས་པའི་ཕྱོགས་ལ་རྒྱ་གཞུང་དུ་གྲགས་པ་ལྔ་བཅུ་རྩ་གྲངས་ཡོད་ཀྱང༌། འཕགས་སྐོར་རྩ་བའི་གཞུང་འགྲེལ་གོང་དུ་སྨོས་པ་དེ་དག་རྩོད་པ་དང་བྲལ་བའི་ཆོས་ཀྱི་ཕྱི་མོ་ཡིན་ལ། དེའང་ཚོགས་གསུམ་ལ་སོགས་པ་བཞིན་དུ་འཕགས་པ་ཡབ་སྲས་སྐུ་དངོས་བཞུགས་པའི་དུས་ན་ཐུན་མོང་དུ་དར་བ་ནི་མ་ཡིན་གྱི། འཕགས་པའི་དངོས་གྲུབ་ཀླུའི་བྱང་ཆུབ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་དཔལ་གྱི་རི་བོར་བཞུགས་པ་ལས་ཀླུ་སྒྲུབ་སྐུ་འདས་ནས་ལོ་བདུན་བརྒྱ་ཙམ་འདས་པ་ན་གདོལ་པའི་བུ་མ་ཏངྒི་པ་དང་རྒྱལ་སྲས་ས་འདྲེས་པ་གཉིས་རྗེས་སུ་བཟུང་ནས་འཕགས་སྐོར་རྣམས་གནང༌། ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་ཟླ་གྲགས་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་རྙེད་དེ་སྔགས་ཀྱི་ཐེག་པ་མངོན་ཚན་དུ་སྤྱོད་པའི་སྐབས་སུ་དར་ཞིང་རྒྱས་སོ། །ཞེས་གསུངས་ཀླུ་སྒྲུབ་སྐུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ཙམ་ལོན་པ་ན་ཀླུའི་བྱང་ཆུབ་དངོས་སུ་མཇལ་བའི་སློབ་དཔོན་མ་ཏངྒི་པ་དང༌། རྒྱལ་སྲས་པ་འདྲེས་པ་གཉིས་ལས་གསང་འདུས་འཕགས་ཡུལ་རྒྱ་ཆེར་འཕེལ་ཞིང་དར་བ་ཡིན། ཞེས་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་གསུངས་མོད། ཡོངས་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གྲགས་པས་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་རྒྱལ་བཀའ་འགྱུར་གྱི་འཕགས་པ་དུམ་བུ་ཞེ་གཉིས་པ་ཞེས་བྱ་བའི་མདོ་ལས[5]། དེ་སྐབས་རྒྱ་གར་ནས་འོད་སྲུངས་ཀྱི་རིགས་ལས་དགྲ་བཅོམ་པ་མ་ཏང་གི་པ་དང་། པཎྜི་ཏ་གོ་བྷ་ར་ན་གཉིས་ཀྱིས་རྟ་དཀར་པོ་ཞིག་ལ་སྟོན་པའི་བྲིས་ཐང་གཅིག །གསུང་རབ་མདོ་དུམ་བུ་ཞེ་གཉིས་པ་སོགས་ཐེག་པ་ཆེ་ཆུང་གི་མདོ་དང་། སྟོན་པའི་རིང་བསྲེལ་བུམ་པ་གང་བཅས་བྱོན་པ་ལམ་ཐོག་ཏུ་འཛོམ་སྟེ། ཡོང་ཕེང་གི་ལོ་བཅུ་པའི་ཟླ་བ་བཅུ་གཉིས་པའི་གནམ་གང་ལ་ཉེའི་ཡང་མཁར་དུ་འབྱོར། དེ་ནས་ལོ་དྲུག་ན་དགྲ་བཅོམ་པ་དང་། པཎྜི་ཏ་གཉིས་ཀྱིས་རྒྱའི་བོན་པོ་བཏུལ། དེ་ནས་དགྲ་བཅོམ་པ་དང་། པཎྜི་ཏ་གཉིས་ཀྱིས་བར་སྣང་ལ་འཕགས་ཏེ། རྒྱལ་པོ་ལ་ཚིགས་སུ་བཅད་པ་གསུངས་པ། ཝ་སྐྱེས་སེང་གེའི་རིགས་མ་ཡིན། །སྒྲོན་མེ་ཉི་ཟླ་བཞིན་གསལ་མིན་། །རྫིང་བུར་རྒྱ་མཚོ་ཤོང་བ་མིན། །རི་འབུར་ལྷུན་བཞིན་ལྟར་མཛེས་མིན། །ཆོས་སྤྲིན་འཇིག་རྟེན་ཀུན་ལ་ཁྱབ། །ཆོས་ཆར་འགྲོ་རྒྱུད་མྱུ་གུ་བརླན། །རྫུ་འཕྲུལ་རྨད་བྱུང་མངོན་དུ་བསྟན། །ཕྱོགས་རྣམས་ཀུན་ཏུ་འགྲོ་བ་འདུལ། །ཞེས་གསུངས་ནས་རྫུ་འཕྲུལ་གྱིས་རྒྱ་གར་དུ་གཤེགས་སོ།།

དེ་ལྟ་བུའི་ཁུངས་དང་ལྡན་པའི་མདོ་འདི་སྔོན་བོད་དུ་མ་འགྱུར་ཞིང་རྒྱའི་བཀའ་འགྱུར་ན་བཞུགས་པ་ལས་གནམ་སྐྱོང་གོང་མའི་བཀས་མཉྫུའི་སྐད་དུ་བསྒྱུར་ཞིང་། བོད་སྐད་དུ་བཀའ་བཅུ་སུ་བྷ་ག་ཤྲི་ཡ་དྷཱ་ཛ་དང་བཀའ་བཅུ་དྷྱཱ་ནཱ་རི་ཥྚཾ་བྱཱ་ས་གཉིས་ཀྱིས་བསྒྱུར། སོག་སྐད་དུ་རབ་འབྱམས་པ་པྲཛྙོ་ད་ཡ་བྱཱ་སས་བསྒྱུར་བ། རྒྱལ་བསྟན་ལ་ལྷག་པར་དད་པའི་སྦྱིན་བདག་ཧཱིང་ལཱིན་གྱིས་ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཕྱིར་དངུལ་སྲང་བརྒྱས་སྐད་བཞི་ཤན་སྦྱར་བའི་སྤར་བསྒྲུབས་ཏེ་ཅི་ལྕོགས་ཤིག་སྤར་ནས་ཞིང་མཆོག་དམ་པར་གྱུར་པ་རྣམས་ལ་ཕུལ་བའི་དགེ་བའི་རྩ་བས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འཇིག་རྟེན་གྱི་ཁམས་སུ་ནད་དང་མུ་གེ་འཁྲུགས་རྩོད་ནམ་ཡང་མི་འབྱུང་ཞིང་མ་གྱུར་སེམས་ཅན་ཐམས་ཅད་མྱུར་བ་ཉིད་དུ་བླ་ན་མེད་པའི་བྱང་ཆེན་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་ལྟར་བཀའ་འགྱུར་ལས་འོད་སྲུང་གི་རིགས་ལས་དགྲ་བཅོམ་པ་མ་ཏང་གི་པ་ཞེས་གསལ་བ་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཏངྒི་པ་དང་གཅིག་མིན་དཔྱད་དགོས་པ་ཞིག་ཏུ་སྣང་མོད། མ་ཏངྒི་པའི་རྣམ་ཐར་སྐོར་དཔྱད་གཞི་ཤིན་ཏུ་དཀོན་ལ། འདི་པས་མཛད་པའི་རྒྱ་གཞུང་ཡང་བསྟན་འགྱུར་དུ་གཏན་ནས་མི་བཞུགས་པ་སོགས་ཀྱིས་ཞིབ་ཕྲ་འགོད་ཐབས་བྲལ་ལོ།།  །།

[1] རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་འདོན་ཆོག ༼༡༽ གསང་མངོན། ཁ། དཔེ་རིང་། ཤོག་གྲངས་ ༢ན༣

[2] ཨ་མྱེས་ཞབས་ཀྱི་བཀའ་འབུམ། པོད། ༼ཚ༽ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༥ན༤

[3] རྒྱ་གར་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧

[4] ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ། ༼ཨེ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༩ན

[5] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཨ༽ དེབ་ཨང་ ༧༦ པ། ཤོག་གྲངས་ ༨༤༡

Leave a Reply

Your email address will not be published. Required fields are marked *