བླ་མ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་ཐར་མདོར་བསྡུས།

ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[1]། རྡོ་རྗེ་གདན་པ་ནི་དགེ་བསྙེན་རིག་གནས་དུ་མ། ལྷག་པར་སྒྲ་ཚད་ལ་མཁས་པ་ཞིག་འཁོར་རབ་ཏུ་བྱུང་བའི་པཎྜི་ཏ་འགའ་དང་བཅས་ཏེ་ཡུལ་དབུས་སུ་སླེབས་པ་ན། དེར་རྒྱལ་པོའི་བློན་པོ་ཆེན་པོས་བསྟན་པ་ལ་མི་མཛེས་སྙམ་ནས་ཅིའི་ཕྱིར་རབ་ཏུ་མི་འབྱིན་དྲིས་པས། མའི་འཚོ་བ་སྦྱར་བས་སོ་ཟེར། དེས་གསེར་སྲང་སུམ་ཅུ་དེ་ལ་གཏད་དེ། འདིས་མ་འཚོ་བར་གྱིས་ལ་ཅིས་ཀྱང་རབ་ཏུ་བྱུང་ཞིག །དེར་ཤཱནྟི་པ་ལ་རབ་ཏུ་བྱུང་བའི་མཚན་རཏྣ་ཨཱ་ཀ་ར་གུཔྟ། དེ་དང་ནཱ་རོ་པ། གནས་བརྟན་བྱང་ཆུབ་བཟང་པོ། མར་མེ་མཛད་བཟང་པོ་སོགས་ལ་རྟེན་ནས་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ལ་མཁས་པར་སྦྱངས་ཏེ། ཕྱིས་རྡོ་རྗེ་གདན་གྱི་བདག་མཛད་དེ་བཞུགས་པས་མཚན་རྡོ་རྗེ་གདན་པ་མངོན་ཤེས་ཅན་དུ་གྲགས།

འདིས་རྡོ་རྗེ་གདན་ཆུང་མ་དང་ཟངས་ཐང་མར་གྲགས་པའི་དེ་བཞིན་གཤེགས་པའི་སྐུ་དུ་མ་ཐུགས་དམ་དུ་བཞེངས། བསྟན་པ་བསྐྱངས། དེ་ནས་སྤྱན་རས་གཟིགས་མཇལ་བར་བཞེད་ནས་པོ་ཏ་ལའི་ལམ་གྱི་ཡི་གེ་བཟུང་སྟེ་བྱོན། སཽ་རིར་སླེབས་པ་ན། དེའི་རྒྱལ་པོའི་རྨི་ལམ་དུ་རྡོ་རྗེ་གདན་གྱི་མཧཱ་བོ་དྷི་བྱོན་ནས། ངའི་བསྟན་པ་ལྷོ་ཕྱོགས་སུ་མ་བཏང་བར་ཁྱོད་ཀྱིས་ཟུང་ཞིག་ཟེར་བ་རྨིས། ཅིའི་ལྟས་ཡིན་སྙམ་པ་ལ་པཎྜི་ཏ་འཁོར་བཅས་བྱོན་ནས་ལྷོ་ཕྱོགས་སུ་སྐྱེལ་བར་ཞུ་ཟེར། ཞིབ་ཏུ་དྲིས་པས་རྨི་ལམ་གྱི་དོན་གོ་ནས་བཤོལ་བཏབ་སྟེ། རྒྱལ་པོས་གཙུག་ལག་ཁང་ཕུལ། འཁོར་མང་པོ་ལ་ཆོས་བཤད་པས་སཽ་རི་པ་ཞེས་གྲགས། འདིས་ཚོགས་ཀྱི་འཁོར་ལོར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་སྤྱན་དྲངས་ཏེ་བསྟོད་པ་མཛད་དོ། །པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་བྱོན་པའི་དུས་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་ནང་ཙམ་མོ།།

[1] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༢༢༥

Leave a Reply

Your email address will not be published. Required fields are marked *