བོད་བརྒྱུད་ནང་བསྟན་དང་། ནཱ་ལེནྡྲའི་རིང་ལུགས།

 

༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་བཙུན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་སྩལ་བའི་བླང་དོར་བཀའ་སློབ་ལས་ཟུར་འདོན་ཞུས།

 

བར་སྐབས་འགའ་ཞིག་གི་མཐོང་ཚུལ་ལ་མཚན་ཉིད་སློབ་དགོས་ཞེས་བརྗོད་སྐབས་དགེ་ལུགས་པ་རྐྱང་པས་སློབ་དགོས་པ་ལྟ་བུའི་མཐོང་ཚུལ་ཡོང་གི་འདུག །དགེ་ལུགས་པས་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས་སོགས་ཀྱི་གཞུང་ལུགས་དེ་དག་ཧ་ཅང་ཤུགས་ཆེར་བལྟ་བཞིན་ཡོད་སྟབས། ཕྱི་རྒྱལ་བ་ལ་ལས་མགོན་པོ་ཀླུ་སྒྲུབ་དགེ་ལུགས་པ་རེད་ཅེས་བརྗོད་མཁན་ཡང་བྱུང་ཡོད། དེ་རིགས་ནི་མ་ཤེས་པའི་རྟགས་དང་། ཕལ་སྐད་ནས་བརྗོད་ན། ལྐུགས་རྟགས་སྟོན་བཞིན་ཡོད།

ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྔ་འགྱུར་རྙིང་མར་ཆ་མཚོན་ན། མཁན་ཆེན་ཞི་བ་འཚོ་ནས་མར་ཡོང་བ་ཞིག་ཡིན་པས། ངེས་པར་དུ་ཚད་མའི་གཞུང་སློབ་གཉེར་དགོས་ཤིང་། མཁན་ཆེན་ཞི་བ་འཚོ་རང་ཉིད་ཚད་མ་བ་ཞིག་དང་། སྙན་གྲགས་ཅན་གྱི་རིགས་པ་སྨྲ་བ་ཞིག་ཀྱང་ཆགས་ཡོད་ལ། ཁོང་གིས་ཚད་མའི་གཞུང་ཚད་མེད་བརྩམས་ཡོད། དེ་ལྟར་སྔར་བོད་དུ་སློབ་གཉེར་གྱི་ཐད་གཙོ་བོ་མཁན་ཆེན་ཞི་བ་འཚོས་ཐུགས་འགན་བཞེས་ཡོད་ལ། སློབ་དཔོན་རིན་པོ་ཆེ་གྲུབ་ཐོབ་ལྟ་བུ་མཐུ་ནུས་ཧ་ཅང་ཆེན་པོ་ཡོད། གཞུང་ལུགས་སློབ་ཁྲིད་དང་། སྡོམ་པ་འབོགས་ཆོག་དེ་དག་གཙོ་བོ་མཁན་ཆེན་ཞི་བ་འཚོས་གནང་ཡོད། དེར་བརྟེན་རྙིང་མ་བ་རྣམས་མཁན་ཆེན་ཞི་བ་འཚོའི་རྗེས་འབྲང་ཡིན་སྟབས། ངེས་པར་དུ་ཚད་མའི་གཞུང་ལ་སློབ་སྦྱོང་བྱེད་དགོས།

དེ་ནས་བཀའ་བརྒྱུད་པར་ཆ་མཚོན་ན། མར་མི་དྭགས་གསུམ་ཡིན་ཅིང་། མར་མི་དག་གསུམ་ལས་གཙོ་བོ་རྗེ་མར་པ་ཡིན། མར་པའི་བླ་མ་མངའ་བདག་མཻ་ཏྲཱི་པ་སོགས་མང་དུ་ཡོད་ཀྱང་། གཙོ་བོ་ནཱ་རོ་པ་ཡིན་ལ། པཎ་ཆེན་ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་དང་། ཁོང་མཚན་ཉིད་པ་ཞིག །ནཱ་ལེནྡྲའི་གཞུང་སྦྱངས་པའི་མཁས་པ་ཞིག་ཀྱང་རེད།

ས་སྐྱ་པར་ཆ་བཞག་ན། གྲུབ་ཆེན་བིར་ཝ་པ་ཡིན་ལ། བིར་ཝ་པ་ནཱ་ལེནྡྲར་བཞུགས་སྐབས་དྷརྨ་པཱ་ལ་སྟེ་གནས་བརྟན་ཆོས་སྐྱོང་ཞེས་དཔལ་ནཱ་ལེནྡྲའི་མཁས་པ་རེད། ཇོ་བོ་རྗེ་ནཱ་ལེནྡྲའི་རྒྱུད་འཛིན་ཡིན་པ་ཧ་ཅང་གསལ་པོ་ཡིན་ལ། དགེ་ལུགས་པ་རྒྱ་གར་མཁས་པར་ཐད་ཀར་གཏུག་མེད་ཀྱང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་དེ་དག་གཙོ་བོ་བྱས་ནས་སློབ་གཉེར་གནང་བཞིན་ཡོད། དེར་བརྟེན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཚང་མ་དངོས་ཡོད་གནས་ཚུལ་ལ་བལྟས་ན་ཚང་མ་ནཱ་ལེནྡྲར་ཁུངས་ཐུག་པ་ཤ་སྟག་རེད།

སྔར་ཕ་རན་སིའི་ཆོས་ཚོགས་ཤིག་ཏུ་ངོས་ནས་སྐད་ཆ་བཤད་རྗེས། ཁ་ལག་དུས་ཚོད་སྐབས་ཕྱི་གླིང་བའི་བུད་མེད་གཅིག་དང་སྐད་ཆ་བཤད་སྐབས། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ནཱ་ལེནྡྲ་ནས་བརྒྱུད་པ་རེད་ཅེས་གསུངས་པ་དེར་འགའ་ཞིག་གིས་ཕྲན་བུ་མི་བདེ་བ་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་། དེ་ཡང་བཀའ་བརྒྱུད་དང་རྙིང་མ་སོགས་ནཱ་ལེནྡྲ་ལ་ཁུངས་གཏུག་མེད་ཅེས་བརྗོད་བྱུང་། དེ་དག་ནི་མ་ཤེས་པའི་རྟགས་རེད། གོང་ཞུས་ལྟར་ཚང་མ་ནཱ་ལེནྡྲར་ཁུངས་གཏུག་པ་ཤ་སྟག་རེད།

དཔེར་ན། རྙིང་མར་ཆ་མཚོན་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་ནང་། རྫོགས་ཆེན་གྱི་ཆོས་སྐད་ནང་ཡོད་པའི་གཞི་མེད་རྩ་བྲལ་ཞེས་པའི་དོན་དེ་ཉིད་པཎ་གྲུབ་ཀྱི་གཞུང་ལ་བརྟེན་ནས་དཔྱིས་ཕྱིན་པ་བརྩད་གཅོད་བྱས་ནས་ཤེས་དགོས་ཞེས་གསུངས་ཡོད། དེས་ན་ས་དགེ་བཀའ་རྙིང་ཚང་མས་ནཱ་ལེནྡྲའི་མཁས་པའི་གཞུང་རྣམས་བལྟས་ནས་སློབ་སྦྱོང་བྱེད་དགོས་པ་ལས། དེ་སྔ་ང་ཚོས་སློབ་སྦྱོང་བྱེད་ཀྱི་མེད། བླ་མའི་དྲུང་ནས་དབང་དང་བྱིན་རླབས་ཞུས་པ་དེ་དག་གིས་འགྲིག་ཅེས་བཤད་ན་བསམ་བློ་རྒྱ་ཆུང་དྲགས་པ་རེད། ཅེས་བཀའ་སློབ་སྩལ་ཏོ།།  །།

Leave a Reply

Your email address will not be published. Required fields are marked *