བོད་ཀྱི་ཆོས་རིག་དང་། བོད་ཀྱི་སྐད་ཡིག །དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྐོར།

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༦ ཉིན་བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ཐོག་ནས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་བ་ནས་ཡིག་འབེབས་ཟུར་འདོན་ཞུས་པ།

 

བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་ཧ་ལམ་འཛམ་གླིང་འདིའི་ཐོག་གི་ཡག་ཤོས་ཀྱི་གྲས་ཆགས་ཡོད། བོད་ཀྱི་སངས་རྒྱས་པའི་བསྟན་པ་འདི་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅིག་དང་། དེ་ཡང་མཁན་ཆེན་ཞི་བ་འཚོས་བོད་མིར་ངོ་སྤྲོད་གནང་བ་ཞིག་ཡིན་པར་མ་ཟད། ལྷག་པར་རྒྱ་ཆེ་ལ་གཏིང་ཟབ་པ། ཚད་མའི་གཞུང་དང་འབྲེལ་ཞིང་རིགས་པའི་ལམ་ནས་འཆད་རྒྱུ་ཡོད་པ་ནི་ང་ཚོ་བོད་གཅིག་པུ་རེད་འདུག །རྒྱ་ནག་ནང་པའི་ལུང་པ་ཡིན་ལ། ནང་པ་ཡང་ཧ་ཅང་མང་པོ་ཞིག་ཡོད། དེ་བཞིན་ཐའེ་ལན་ཌི་དང་། འབར་མ་ལ་སོགས་པ་རྣམས་ནང་པའི་ཡུལ་གྲུ་ཡིན་ནའང་། ཚད་མའི་གཞུང་ནས་གསུངས་པའི་རིགས་པའི་ལམ་གྱི་ཐོག་ནས་འཆད་ཉན་བྱེད་པའི་ནཱ་ལེནྡྲའི་སྲོལ་རྒྱུན་ལྟ་བུ་ཕལ་ཆེར་མེད།

པཱ་ལིའི་གཞུང་རྣམས་ལུང་ཁུངས་སུ་བྱས་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། དེ་རང་རེད་ཅེས་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ་དེར་འཐད་མིན་གྱི་དཔྱད་པ་བྱེད་སྲོལ་ནི་ནཱ་ལེནྡྲར་མ་གཏོགས་གཞན་ལ་ཕལ་ཆེར་མེད། ང་ཚོ་བོད་དུ་ནཱ་ལེནྡྲའི་མཁས་པ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཞིང་། མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་ང་ཚོར་རྩིས་སྤྲོད་གནང་ཡོད།

མཁན་ཆེན་ཞི་བ་འཚོར་མཚོན་ནའང་། དབུ་མ་པ་ཡིན་པར་མ་ཟད། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་སྲོལ་གཏོད་པ་པོ་ཡིན་ལ། ཁོང་གིས་མཛད་པའི་དབུ་མ་རྒྱན་སོགས་ཡོད་ལ། གཞན་ཡང་ཚད་ཆེན་ཡང་ལྗགས་རྩོམ་མཛད་ནས་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་གསུངས་ཡོད། ང་ཚོ་བོད་ལ་སྔོན་གྱི་མཁན་སློབ་ཆོས་གསུམ་གྱིས་མཚོན་པ་དེ་དག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་ཆོས་ཡོད་པ་འདི་ཉིད་འཛམ་གླིང་འདིའི་ཐོག་ཕལ་ཆེར་ནང་ཆོས་སྤུས་དག་ཤོས་ཤིག་ཡིན་པ་ལྟ་བུ་ཞིག་འདུག །དེ་ཡང་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་ལུགས་ཡོད་པ་ཞིག་དང་། དེས་ན་དེང་སྐབས་བོད་ཀྱི་ནང་པ་རྣམས་ཀྱིས་ཚད་མ་རིགས་པའི་ལམ་གྱི་ཐོག་ནས་དཔྱད་པ་མང་དུ་བྱེད་བཞིན་པར་བརྟེན་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བགྲོ་གླེང་བྱ་རྒྱུ་ཡོང་གི་ཡོད། ང་ཚོས་ལུང་ཙམ་ལ་སྐྱབས་སུ་མཆིས་ནས་བསྡད་ན་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱ་རྒྱུ་ཁག་པོ་རེད། དེས་ན་བོད་ཀྱི་རིག་གཞུང་དང་། ཆོས་ཀྱི་ཤེས་ཡོན་དེ་བཞིན་ཧ་ཅང་སྤུས་དག་པོ་རེད་འདུག །

དེ་དང་ཆབས་ཅིག་བོད་པའི་སྐད་ཡིག་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཟོས་པ་གནང་ཞིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ། སྐབས་དེར་མཁན་ཆེན་ཞི་བ་འཚོས་བོད་པར་བོད་ཡིག་ཟུར་དུ་ཡོད་སྟབས་ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་སློབ་ལ་གཉེར་བྱེད་མི་དགོས་པར། བོད་ཡིག་ཐོག་བཀའ་བསྟན་བསྒྱུར་དགོས་པ་དང་། བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་གནང་ཡོད། མཁན་ཆེན་ཞི་བ་འཚོའི་སྐུ་དུས་ནས་བཀའ་བསྟན་བསྒྱུར་རྒྱུར་ཤུགས་སྣོན་གནང་སྟེ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ཆ་ཚང་བོད་ཡིག་གི་ཐོག་ཏུ་ཡོད་པ་ཞིག་ཆགས་ཡོད།

དེས་ན་ང་ཚོ་བོད་པའི་སྐད་ཡིག་དེ་བཞིན་ཧ་ཅང་རྩ་ཆེན་པོ་རེད་འདུག །བཀའ་བསྟན་རྣམས་ལེགས་སྦྱར་ནས་ཐད་ཀར་བོད་འགྱུར་གནང་བ་དང་། བོད་ཀྱི་སྐད་ཡིག་ཐོག་མིང་ཚིག་མེད་རིགས་རྣམས་ལེགས་སྦྱར་གྱི་ཚིག་གི་གོ་དོན་བླངས་ནས་བོད་ཀྱི་སྐད་ཡིག་ཐོག་སྐབས་མཚམས་སོ་སོར་མིང་ཚིག་གསར་བཟོ་གནང་བར་བརྟེན་ལེགས་སྦྱར་གྱི་སྐད་ཡིག་དང་བོད་ཡིག་དེ་གཉིས་ཧ་ཅང་ཐག་ཉེ་པོ་ཞིག་ཆགས་ཡོད། དེས་ན་ཁྱེད་རང་ཚོ་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཤུགས་ཆེར་བྱེད་དགོས། ང་ཚོ་ཐོག་མར་རྒྱ་གར་དུ་སླེབས་ནས་སློབ་གྲྭ་འཛུགས་སྐབས་ངོས་ནས་པཎྜི་ཏ་ནེ་རུར་ང་ཚོ་བོད་པ་རང་ཉིད་ལ་སྐད་ཡིག་ཟུར་དུ་ཡོད་སྟབས། ང་ཚོའི་སློབ་ཕྲུག་རྣམས་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་བཏང་ན་མི་འགྲིགས་པས་བོད་པའི་སློབ་གྲྭ་ཟུར་བཙུགས་བྱེད་དགོས་ཀྱི་འདུག་ཅེས་ཞུས་པར་ནེ་རུས་ཀྱང་དེ་རང་འགྲིག་གི་འདུག་ཅེས་གསུངས་ནས་སློབ་གྲྭ་ཟུར་དུ་བཙུགས་ཡོད།

དེས་ན་ང་ཚོ་བོད་པའི་སྐད་ཡིག་བདག་པོ་རྒྱག་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ནང་ཆོས་དང་། ཚད་མ་རིག་པ། ལྟ་གྲུབ་རིག་པ་སོགས་འགྲེལ་བཤད་རྒྱག་རྒྱུར་བོད་ཀྱི་སྐད་ཡིག་ལེགས་ཤོས་རེད་འདུག །ལེགས་སྦྱར་གྱི་སྐད་ཡིག་ཧ་ལམ་ཉམས་གུད་སོང་ཟིན་པ་དང་། པཱ་ལིའི་སྐད་ཡིག་གིས་འདང་ཐབས་མེད་ཅིང་། ཨིན་ཇིའི་མིང་ཚིག་རྣམས་ནི་གཞི་ནས་གསར་པ་ཞིག་ཡིན་པས། ངོས་ཀྱི་ལས་འགན་གཅིག་ནི། བོད་ཀྱི་སྐད་ཡིག་བདག་པོ་ཡག་པོ་རྒྱག་རྒྱུ་དང་། སྐད་ཡིག་དེའི་ནང་དུ་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་པ་དེ་དག་ང་ཚོས་བདག་པོ་རྒྱག་རྒྱུ་དང་། སློབ་གཉེར་བྱ་རྒྱུ་བཅས་ནི་ངོས་ཀྱི་ལས་འགན་གཅིག་རེད། ཅེས་གལ་ཆེའི་བཀའ་སློབ་ཕེབས་པའོ།།

 

 

 

Leave a Reply

Your email address will not be published. Required fields are marked *