བསྟན་འགྱུར་དུ་གསལ་བའི་གུ་རུ་བྷུ་སུ་ཀུའི་ལོ་རྒྱུས། (ཞི་བ་ལྷ།)

 

བསྟན་འགྱུར་དུ་གསལ་བའི་གུ་རུ་བྷུ་སུ་ཀུའི་ལོ་རྒྱུས། (ཞི་བ་ལྷ།)

བསྟན་འགྱུར་ལུ་པ་ལྟར་ན། [གུ་རུ] བྷུ་སུ་ཀུའི་ལོ་རྒྱུས་ནི། སྣར་ཐང་བསྟན་འགྱུར། ལུ་ ༣༦ བ ༡ ཡུལ་ན་ལེནྡྲ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞིང་རབ་ཏུ་བྱུང་ནས་དགེ་སློང་དུ་མཛད་ལ། དེ་ཡང་ནཱ་ལེནྡྲའི་རྒྱལ་པོ་དེ་ཝ་པ་ལ་བཞུགས་པའི་ཚེ་དེའི་ཆོས་སྐོར་ལ་དགེ་འདུན་བདུན་བརྒྱའི་སྐུ་འཚོ་བཟང་པོ་བཟའ་བཏུང་སོགས་ཅི་བཞེད་འབུལ་ཅིང་། སྡེ་པ་བཞི་ཡོད་པའི་ཕལ་ཆེན་སྡེ་པའི་མཁན་པོ་ལ། མཁན་བུ་སུམ་བརྒྱ་ཙམ་ཡོད་པ་གཞན་ཀུན་བརྩོན་པས་རིག་པའི་གནས་ལྔ་ལ་བྱང་བར་ཡོད་ལ།

རྒྱལ་རིགས་དགེ་སློང་དེ་ཉིད་ནི་རྟག་ཏུ་གཉིད་ལོག་པར་བྱེད་ལ། འཕོ་བའི་མེ་དྲོད་ཀྱང་ཆེ་ནས་འབྲས་བྲེ་ལྔ་ལྔ་ནང་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེ་ཝ་ཕ་ལ་ན་རེ། འདི་བྷུ་སུ་ཀུ་ཞིག་འདུག་གོ་ཟེར་བས་མིང་དུ་ཡང་བྷུ་སུ་ཀུ་ཞེས་གྲགས་ལ། དེ་ནི་ཟ་ཉལ་འཆགས་གསུམ་པ་ཞེས་བྱའོ། ནཱ་ལེནྡྲ་པའི་ཆོས་སྐོར་དེ་དུས་རྟག་ཏུ་མདོ་ལས་རེས་མོས་སུ་འདོན་པའི་ལུགས་ཡོད་པ་ལས། དེ་ན་གནས་པ་ཀུན་གྱིས་བྷུ་སུ་ཀུ་པ་ལ་ཁ་ཟེར་ཅིང་། མཁན་པོས་ཀྱང་ཁྱོད་ཀྱི་མདོ་འདོན་པ་ལ་སོགས་མ་མི་འོང་བས་ག་ཤེད་དུ་སོང་ཞིག་ཟེར་བ་ན། དེ་ན་རེ། ང་ཚུལ་ཁྲིམས་མ་ཉམས་པས་གནས་ནས་ཕྱུང་བར་མི་རིགས་ཤིང་། རིག་པ་སློབ་པའི་སྐལ་བ་མེད་ཟེར་ནས་འདུག་པ་ན། དུས་ཅིག་གི་ཚེ་མདོ་འདོན་པའི་རེས་བབ་པས། དགེ་འདུན་གྱིས་སང་ནི་ཁྱོད་ཀྱི་མདོའི་རི་མོས་ཡིན་པས་ཐོན་ཅིག་ཅེས་སྨྲས་པས། དེས་ཀྱང་འདོན་པར་ཁས་བླངས་པ་དང་། ནཱ་ལེནྡྲ་པའི་དགེ་འདུན་ཀུན་ནང་པར་བྱོན་ནས་བྷུ་སུ་ཀུ་མདོ་འདོན་པ་ལ་ལྟ་བ་ཡིན་ཟེར་བཞད་གད་དུ་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིག་པ་སློབ་པའི་ཚེ་ཟ་ཡིན་ཅིག་པུ་ལོག་ན། ད་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་མདོ་མི་ཐོན་བྱས་པ་ལ། བྷུ་སུ་ཀུ་ན་རེ། བདག་མདོ་འདོན་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ་ཁྱོད་ཀྱི་མདོ་མ་ཐོན་ན་གནས་ནས་བསྐྲོད་པས་དེ་བས་འདུག་ན་རུང་ཞེས་སྨྲས་པ་ན། ང་རང་ཤེས་ཟེར་ནས་མ་ཉན་པ་ན། མཁན་པོས་འཕགས་པ་འཇམ་དཔལ་གྱི་སྔགས་ཨ་ར་པ་ཙ་ན་བསླབས་ཏེ། སྔགས་འདི་མཚན་གཉིད་མ་ལོག་པར་ཟློས་ཤིག་བྱས་ནས། སྔགས་ཀྱི་གདམས་པ་བྱིན་ནས་དེས་ཀྱང་མཚན་ཉིད་མ་ལོག་པར་རྐེ་ལ་ཐག་པ་བཏགས་ནས་སྔགས་བཟླས་པས། འཕགས་པ་འཇམ་དཔལ་དེར་དངོས་སུ་བྱོན་ནས། བྷུ་སུ་ཀུ་པ་ཁྱོད་ཅི་བྱེད་གསུངས་པས། བདག་ལ་ནང་པར་མདོ་འདོན་པའི་རེ་མོས་བབ་ལགས་པས། འཕགས་པས་གསུངས་ནས་ཁྱོད་ཀྱིས་ང་ངོ་ཤེས་སམ་གསུངས་པས། བདག་གིས་མ་འཚལ་ལགས་ཞུས་པས། འཇམ་དཔལ་ཡིན་གསུངས་པས། འོ་ན་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས། ཁྱོད་ལ་ངས་རིག་པ་བྱིན་གྱིས་ནང་པར་མདོ་ཐོན་ཅིག་གསུངས་ནས་མི་སྣང་བར་གྱུར་ཏོ། དེ་ནས་ནང་པར་མདོ་འདོན་པའི་དུས་སུ། དགེ་འདུན་གྱི་ཀུན་དགའ་ར་བར་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་བྷུ་སུ་ཀུ་པ་མདོ་འདོན་པ་ལ་ལྟའོ་ཞེས་གཅིག་ལ་གཅིག་སྦྲན་པ་དང་། མེ་ཏོག་ལ་སོགས་མཆོད་པའི་ཡོ་བྱད་ཀུན་ཁྱེར་ནས་སྐྱེ་བོའི་ཚོགས་ཐམས་ཅད་བཞད་གད་ཀྱི་ཆེད་དུ་དེར་ཕྱིན་པ་དང་། བྷུ་སུ་ཀུ་པ་དགེ་འདུན་གྱི་གདུགས་ཚོད་གསོལ་ནས། ཞུམ་པ་མེད་པར་གཙུག་ལག་ཁང་གདུགས་ཚོད་གསལ་ནས། ཞུམ་པ་མེད་པར་གཙུག་ལག་ཁང་གི་ཁྲིའི་སྟེང་དུ་བྱོན་ནས་བཞུགས་པའི་ཚེ་གཟི་བྱིན་ཁྱད་པར་འཕགས་པར་འདུག་ན་ས་ཐམས་ཆད་རྟོག་པ་སྐྱེས་པ་ལ་མདུན་ཡོལ་བས་བཅད་དེ་། བདག་གིས་མདོ་སྔར་འབྱུང་བ་ཅིག་བཤད་དམ། མ་བྱུང་བ་ཅིག་བཤད་གསུངས་པས།་པཎྜི་ཏ་ཀུན་གཅིག་ལ་གཅིག་ལྟ་ཞིང་། སྐྱེ་བོའི་ཚོགས་ཀུན་དང་། རྒྱལ་པོ་ཡང་བཞད་གད་བྱེད་ལ། རྒྱལ་པོ་ན་རེ། ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བ་ཞིག་ཤེས་ལ། ཉལ་བ་དང་འཆགས་པའི་སྤོད་ལམ་ཡང་སྔར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཀྱང་སྔར་མ་བྱུང་བ་ཅིག་ཤོད་ཅིག་ཟེར་བ་ལ། དེས་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་བཤད་ནས་མཁའ་ལ་འཕུར་བས། ནཱ་ལེནྡྲ་པའི་པཎྜི་ཏ་ལྔ་བརྒྱ་དང་། རྒྱལ་པོ་དེ་ཝ་ཕ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་དད་ནས་མེ་ཏོག་གཏོར་བས་པུས་མོ་ནུབ་པ་ཙམ་ཆགས་ལ། འདི་ནི་བྷུ་སུ་ཀུ་པ་མ་ཡིན་ཏེ་མཁས་པར་འདུག་ཟེར་ནས། རྒྱལ་པོ་དང་པཎྜི་ཏ་ཀུན་གྱིས་ཤནྟ་དེ་ཝ་བྱ་བར་བཏགས་ལ། རྒྱལ་པོ་དང་པཎྜི་ཏ་ཀུན་ང་རྒྱལ་ཞི་བར་བྱས་པས་ན་ཞི་བ་ལྷ་ཞེས་བྱ་བ་ཡིན་ནོ། དེ་ནས་པཎྜི་ཏ་སོགས་དེར་འདུད་པ་ཀུན་གྱིས་དེའི་འགྲེལ་པ་ཞིག་མཛད་པས་ཞུས་པས་ཕྱིས་མཛད་ལ། དེ་དག་གི་མཁན་པོ་ཞུས་པས་མ་གནང་། ཆོས་གོས་དང་། ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་དཀོན་མཆོག་དང་གཙུག་ལག་ཁང་དུ་ཕུལ་ནས། མཁན་པོ་དང་དགེ་འདུན་གྱི་མ་ཚོར་བར་བྲོས་ཕྱིན་ཏེ། རིམ་གྱིས་རྡོ་ཀི་རི་བྱ་བའི་གྲོང་ཁྱེར་འབུམ་ཚོ་ཕྱེད་ཡོད་པར་ཤིང་གི་རལ་གྲི་ཡུ་བ་གསེར་གྱིས་བཀུས་པ་ཞིག་བསྣམས་ནས་བྱོན་ཏེ། དེའི་རྒྱལ་པོ་ལ་བདག་ཁྱེད་ཀྱི་རལ་གྲི་བ་བགྱི་བྱས་པས་རུང་གསུངས་ཏེ། ཉི་མ་རེ་ལ་གསེར་ཏོ་ལོ་བཅུ་བཅུ་སྦྱིན་པ་དེས་འཚོ་བ་མཛད་ནས། ལོ་བཅུ་གཉིས་སུ་རལ་གྲི་བ་བྱེད་ཀྱིན་སྙིང་པོ་དོན་དང་མ་བྲལ་བར་བྱས་སོ། དུས་གཅིག་སྟོ་ཀའི་ཚེ་རལ་གྲི་བ་ཀུན་ལྷ་མོ་ཨུ་མའི་རྟེན་ལ་མཆོད་པ་བྱེད་པས། ཁོང་གི་ཀྱང་དེ་ཁོ་ན་ལྟར་མཛད། དུས་གཅིག་གི་ཚེ་རལ་གྲི་འཁྲུད་པ་ཡིན་པ་ལ། ཀུན་གྱིས་བཀྲུས་པའི་ཚེ་ཁིང་གི་རལ་གྲི་ཤིང་དུ་འདུག་པ་གྲོགས་ཅིག་གིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ན་རེ། ཁྱོད་ཀྱི་རལ་གྲི་ང་ལ་སྟོན་ཅིག་ཟེར་བ་ལ། བསྟན་ན་ཁྱེད་ཅག་ལ་གནོད་པར་གྱུར་བས་མི་རུང་གསུངས་པས། གནོད་ཀྱང་བླའི། ངེས་པར་སྟོན་ཅིག་ཟེར་བས། འོ་ན་མིག་ཡ་གཅིག་ཁོབ་ཅིག་གསུངས་ནས་རལ་གྲི་ཤུགས་བས་བྱུང་བས། འོད་མ་ཟོད་པར་མ་བཀབ་པའི་མིག་རྣམས་ཞར་ནས། བཟོད་པར་གསོལ་ཅིང་གསོལ་བ་བཏབ་པས། དེ་དག་ལ་ཞལ་ཆབ་བྱུགས་པས་མིག་སྔར་བཞིན་དུ་སོང་ནས་ངོ་མཚར་སྐྱེས་ཏེ། མཆོད་གནས་སུ་ཞུས་པ་མ་བཞེད་དོ་། དེའི་རི་བྲག་ཞིག་ཏུ་བྱོན་ནས་སྤྲུལ་པའི་རི་དྭགས་བསད་ཅིང་། དེ་དག་གི་ཤ་ཟ་བ་མི་ཀུན་གྱིས་མཐོང་ནས་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོ་འཁོར་བཅས་དེར་བྱོན་ནས།་རྒྱལ་པོ་སྨྲས་པ། ཁྱེད་སྔར་ནཱ་ལེནྡྲའི་རྒྱལ་པོ་ལ་སོགས་པ་བརྟུལ་ནས་ཆོས་ལ་བཀོད། འདིར་ཡང་མིག་ཞར་བ་གསོས་པ་ལ་སོགས་པ་བསྟན། དེ་འདྲའི་ནུས་པ་མངའ་བཞིན་དུ་སྲོག་ཆགས་གནོད་པར་མཛད་པའི་ལུགས་ཡོད་དམ་ཞུས་པས། ཞི་བ་ལྷས་བདག་གིས་བསད་པ་མ་ཡིན། གསོས་པ་ལགས་གསུངས་ནས་སྤིལ་པོའི་སྒོ་ཕྱེ་ནས་བལྟས་པ་ན། རི་དྭགས་རྣམས་ཉིས་འགྱུར་གྱིས་ཆེ་བར་གྱུར་སྟེ། ཕྱིར་དོན་ནས་རི་དང་ལུང་པ་ཁྱན་པར་གྱུར་བས། རྒྱལ་པོ་ལ་སོགས་པ་ཀུན་དད་པ་ན། མཐར་རི་དྭགས་དེ་དག་གར་སོང་ཆ་མེད་དུ་གྱུར་པས། རྒྱལ་པོ་ལ་སོགས་པ་སྐལ་བ་ཡོད་པ་དག་གིས་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དང་། གདོད་ནས་མ་གྲུབ་པར་རྟོགས་པ་ཡང་སྐྱེས་ནས་ལམ་ལ་གནས་པར་གྱུར་སྟེ། དེའི་ཞལ་ནས། བདག་གིས་བསད་པའི་རི་དྭགས་རྣམས། དང་པོ་གང་ནས་ཀྱང་མ་འོངས། བར་དུ་གང་དུ་ཡང་མི་གནས། ཐ་མ་གང་དུ་འགག་མི་འགྱུར། གདོད་ནས་མ་གྲུབ་ཆོས་རྣམས་ལ། བསད་དང་གསོད་བྱེད་ག་ལ་གྲུབ། ཀྱེ་མ་སེམས་ཅན་སྙིང་རེ་རྗེ། བྷུ་སུ་ཀུ་ནི་སྨྲ་བར་བྱེད་། ཅེས་གསུངས་ནས་ཡུལ་དེའི་རཱ་ཛ་ལ་སོགས་པ་ཀུན་བརྟུལ་ནས་ཆོས་ལ་བཀོད་དོ་། དེ་བས་ན་དད་གུས་ཆོས་ལ་སྒྲུབ་ན། བྷུ་སུ་ཀུ་པས་མཙན་གཅིག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ལུས་ངག་ཡིད་གསུམ་གཅིག་ཏུ་རྟོག་ཏེ། ཡོན་ཏན་གྱི་ཆོས་སྐད་ཅིག་རྨད་དུ་བྱུང་ནས། མཐར་ལོ་བརྒྱ་ན་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ་ཞེས་སྣང་ངོ་།།  །།

བསྟན་འགྱུར་ལུ་པ་ལྟར་ན། [གུ་རུ] བྷུ་སུ་ཀུའི་ལོ་རྒྱུས་ནི། སྣར་ཐང་བསྟན་འགྱུར། ལུ་ ༣༦ བ ༡

Leave a Reply

Your email address will not be published. Required fields are marked *