བཀའ་བསྟན་ལ་དོ་སྣང་དང་། པཎ་གྲུབ་ཀྱི་གཞུང་ལུགས་བཤད་སྒྲུབ་ཀྱིས་འཛིན་དགོས་ཚུལ།

༄༅། །ངོས་ནས་བསྟན་པ་སྤྱིར་དམིགས་ཏེ་རྒྱུན་དུ་བཀའ་འགྱུར་བསྟན་འགྱུར་ལ་དོ་སྣང་བྱ་དགོས་པའི་འབོད་བསྐུལ་སྔ་ཕྱིར་བྱས་ཤིང་། ཤིང་རྟ་ཆེན་པོ་རྣམ་གཉིས་སོགས་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་བཤད་སྒྲུབ་ཟུང་གིས་འཛིན་དགོས་པ་ནི་འཇིག་རྟེན་འདིར་རྒྱལ་བའི་བསྟན་པ་རིང་དུ་གནས་མིན་གྱི་འགག་རྩར་སོང་གཤིས། བཀའ་བསྟན་འགྱུར་ལ་དོ་སྣང་དང་འཆད་ཀློག་བྱེད་པོ་ཇེ་མང་དུ་བྱུང་ཡོད་པ་ནི་སྤྲོ་བ་སྐྱེ་འོས་སུ་གྱུར།

ད་ལམ་ཡང་དགའ་བྱང་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པར་ཚིག་འགྲེལ་ཞིག་བྱས་འདུག་པར་ཡི་རང་བསྔགས་བརྗོད་དང་། དོན་གཉེར་ཅན་དུ་མར་ཕན་པ་ཡོང་བའི་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། རབ་བྱུང་བཅུ་བདུན་པའི་ཤིང་རྟ་ཟླ་ ༡༠ ཚེས་ ༡༦ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༧ ལ།

 

Leave a Reply

Your email address will not be published. Required fields are marked *