པཎ་ཆེན་ནཱ་རོ་པའི་རྣམ་ཐར་སྙིང་བསྡུས།

ནཱ་རོ་པ།

ནཱ་རོ་པའི་མཚན་གྱི་རྣམ་གྲངས་ལ། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། སྙན་གྲགས་བཟང་པོ། ནཱ་རོ་པ། ཡེ་ཤེས་དངོས་གྲུབ། རྩ་བཤད་པ་རྣམས་མཚན་གྱི་རྣམ་གྲངས་ཡིན་ཞེས་གསལ་བ་སྟེ། རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ན། ཤི་ན་རའི་གྲོང་ཁྱེར་འཛམ་བུ་ན་རྒྱལ་པོ་དགེ་བའི་གོ་ཆ་དང༌། བཙུན་མོ་དཔལ་གྱི་བློ་གྲོས། བུ་མོ་དཔལ་གྱི་ཡེ་ཤེ་བྱ་བ་ལ་སྲས་ཀྱིས་དབེན་ནས་བླ་མ་དཀོན་མཆོག་ལ་མཆོད་པ་དང༌། བསྙེན་བཀུར་བྱས་ནས་སྲས་གཅིག་ཡོང་བའི་གསོལ་བ་བཏབ་པས། རྒྱལ་གྱི་ཟླ་བ་ལ་སྲས་གཅིག་བཙས་ནས་མཚན་མཁན་ལ་བསྟན་པས་མཚན་མཁན་གྱིས་འདི་ཟས་གཙང་སྲས་བཞིན་མ་འབྱུང་ཚེ། མིའི་བདག་པོར་འགྱུར་ཞེས་ལུང་བསྟན་མཚན་ལ་རྒྱལ་བུ་ཀུན་དགའ་བཟང་པོར་བཏགས། དེ་ནས་ཆེར་བསྐྱེད་ནས་རྒྱལ་བུ་ཆོས་ལ་འཇུག་པར་ཡབ་ཀྱིས་མ་གནང་ཡང་མ་གསན་པར་ཁ་ཆེར་ཕེབས་ནས། རིག་གནས་ལ་མཁས་པར་བསླབས་ནས་དགེ་བསྙེན་གྱི་སྡོམ་པ་བླངས་ནས། མཚན་ནམ་མཁའི་སྙིང་པོ་བྱ་བར་བཏགས། པཎྜི་ཏ་བཅུ་གསུམ་བཅུ་བཞི་ཁྲིད་ནས་ཕ་མ་ཅན་དུ་འོངས་པས། ཡབ་ཀྱིས་ཁྱོད་ཀྱིས་ཕ་མའི་ངག་བཅག་པས་དམ་ཆོས་མེད་དོ་ཟེར་ནས་མ་དགའ་འོ། །

དེ་ལ་རྒྱལ་བུས་འོ་ན་བུད་མེད་འདི་འདྲ་བ་གཅིག་རྙེད་ན་ང་ཡིས་ཁྱིམ་ཐབ་བྱ་ཡི་གསུངས་ནས། འགྲོ་དྲུག་ཕ་མའི་རང་བཞིན་ལ། །གཅིག་གཉིས་ཕ་མར་མ་ངེས་ཀྱང༌། །རྟོག་མེད་གཙང་སྦྲ་ལ་གནས་ཤིང༌། །མུ་སྟེགས་དྲི་མེད་ཐེག་ཆེན་རིགས། །རྙེད་ན་བདག་ལ་བཀའ་སྩོལ་ཅིག །གསུངས་པས། ཡབ་ཀྱིས་དེ་ལྟ་བུ་ངས་གང་ནས་རྙེད། དོན་ལ་ཁྱིམ་ཐབ་མི་བྱེད་བྱ་བ་ཡིན་མོད་གསུངས་ནས། ཡབ་མྱ་ངན་གྱི་ཁང་པར་བཞུགས་སོ། །དེར་བློན་པོ་གཅིག་ན་རེ། རྒྱལ་པོ་ཅིས་ནོངས་བྱས་པས། རྒྱལ་པོའི་ཞལ་ནས། བུ་འདི་གཅིག་པུ་ལས་མེད། ལོངས་སྤྱོད་ཆེ་ཡང་ཁོ་མུ་སྟེགས་པ་དྲི་མེད་མ་རྙེད་ན་ཁྱིམ་ཐབ་མི་བྱེད་ཟེར་བས། དེ་ལྟ་བུ་གང་ནས་རྙེད་དོན་ལ་ཁྱིམ་ཐབ་མི་བྱེད་བྱ་བ་ཡིན་མོད་ཟེར་བས། བློན་པོ་ན་རེ། དེ་ལ་ཐུགས་ངལ་མ་མཛད་ཅིག །ཁོ་བོ་བསོད་ནམས་བསགས་པའི་རང་བཞིན་ཅན་ཡིན་པས། དེ་ལྟ་བུ་རྙེད་དེ་འོང་ཟེར་ནས། འཁོར་རྣམས་ལ་རྔན་པ་ཆེན་པོ་སྦྱིན་པར་ཁས་བླངས་ནས་འཚོལ་དུ་བཏང་བས། ཤར་ཕྱོགས་བྷཾ་ག་ལ་ན་གྲོང་ཁྱེར་འདམ་བུ་ཀ་ར་བྱ་བ་ན། ཕ་མ་བྲམ་ཟེ་དཀར་རྒྱལ། བུ་བྲམ་ཟེ་ནག་གུ སྲིང་མོ་མུ་སྟེགས་དྲི་མེད་མ་བྱ་བ་ཡོད་པས། མོ་རང་ལ་གྲོས་བྱས་ཏེ་བྲམ་ཟེ་དཀར་རྒྱལ་ལ་སློང་ནས་རྒྱལ་པོ་ཀུན་ཏུ་བཟང་པོའི་བཙུན་མོར་ཕུལ་བས། གསང་སྔགས་ཀྱི་སྒོར་བཅུག་ནས་སློབ་མ་བྱས་ཏེ་ཡོད་པ་ལ། རྒྱལ་བུ་ཁྱིམ་ཐབ་ལ་སྐྱོ་བ་སྐྱེས་ནས། ང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་གསུངས་པས། དྲི་མེད་མ་ན་རེ། ཆོས་བྱེད་པའི་བར་ཆད་ངས་མི་བྱེད་ཁྱོད་ཀྱི་གྲོགས་བྱ་ཡིས། ངའི་སྐྱོན་མང་པོ་དག་ཡབ་ཀྱི་དྲུང་དུ་བརྗོད་ཅིག །ཟེར་ནས་རྒྱལ་བུས་ཡབ་ལ་བུད་མེད་ཀྱི་སྐྱོན་ནི་མཐའ་ཡས་པས་བདག་རང་དེ་བས་རབ་ཏུ་འབྱུང་ངོ༌། །གསུངས་ནས་དགའ་བའི་ཚལ་དུ་་སངས་རྒྱས་སྐྱབས་དང༌། སློབ་དཔོན་ཡེ་ཤེས་འོད་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་དགེ་ཚུལ་སངས་རྒྱས་སུ་བཏགས་སོ། །དེ་ནས་ཁ་ཆེར་ཕེབས་ནས་་ཆོས་ཀྱི་བླ་མ་དང༌། ཆོས་ཀྱི་ཡེ་ཤེས། ཆོས་ཀྱི་བྱང་ཆུབ་གསུམ་ལས་སློང་གི་སྡོམ་པ་བླངས་ནས། དགེ་སློང་ཆོས་ཀྱི་རྒྱལ་མཚན་དུ་གསོལ། དེ་ནས་པུ་ལ་ཧ་རིའི་དགོན་པར་བྱོན་ནས་བཤད་སྒྲུབ་གཉིས་ཀྱིས་ཆོས་དང་མཐུན་པར་བྱས་པས་པུ་ལ་ཧ་རི་བས་གནས་བརྟན་བསྟན་པ་འཛིན་པར་བཏགས་སོ། །དེ་དུས་ནཱ་ལེནྡྲའི་ནུབ་སྒོ་བ་རཏྣ་ཨ་ཀ་ར་ཤན་ཏི་གྲོངས་ནས་དེའི་ཚབ་ལ་ནཱ་ལེནྡྲ་པས་དབང་བསྐུར་བའི་པཎྜི་ཏ་ལྔ་བརྒྱའི་ནང་ནས་ར་འོས་པ་མ་རྙེད་ནས། ནཱ་ལེནྡྲ་པ་རྣམས་གྲོས་བྱས་ནས་དཔལ་ནཱ་ལེནྡྲའི་ར་དབང་བསྐུར། དེ་ནས་རྒྱལ་པོའི་ཁྲི་དབུས་སུ་བྱས། ནང་པ་སངས་རྒྱས་པའི་ཁྲི་གཡས་སུ་བྱས། ཕྱི་པ་མུ་སྟེགས་པའི་ཁྲི་གཡོན་དུ་བྱས་ནས་ཕྱི་ནང་གི་བསྟན་པ་རྒྱལ་ལ་བཙུགས་ཏེ་རྩོད་ནས་མུ་སྟེགས་པ་ཚར་བཅད་པས། དགེ་སློང་འཇིགས་མེད་གྲགས་པ་ཞེས་གསོལ། དེ་ནས་བུད་མེད་མི་སྡུག་པའི་མཚན་མ་སུམ་ཅུ་སོ་བདུན་དང་ལྡན་པ་གཅིག་གིས། ཁྱེད་ཅི་ལྟ་བ་ཡིན་ཟེར་བས། ཆོས་ཡིན་བྱས་པས། ཤེས་སམ་ཟེར་བར་ཤེས་བྱས་པས། ཚིག་ཤེས་སམ་དོན་ཤེས་ཟེར། དོན་ཤེས་བྱས་པས་མོ་མ་དགའ་བའི་རྣམ་འགྱུར་བསྟན། ཚིག་ཤེས་བྱས་པས་མོ་དགའ་ནས་བགད་དོ། །དོན་ཤེས་བྱས་ན་མ་དགའ། ཚིག་ཤེས་བྱས་ན་དགའ་བས་དེ་ཇི་ལྟར་ཡིན་བྱས་པས། ཚིག་ཤེས་ཟེར་བ་དེ་ཁྱེད་པཎྜི་ཏ་ཡིན་པས་ཚིག་ཤེས་པ་རྫུན་མི་ཟེར་བས་ང་དགའ་བ་ཡིན། དོན་ཤེས་ཟེར་བ་དེ་ཁྱོད་རྫུན་ཟེར་བས་ང་མ་དགའ་བ་ཡིན། ཁྱོད་ཀྱིས་དོན་མི་ཤེས་ཟེར་རོ། །འོ་ན་དོན་སུས་ཤེས་བྱས་པས་ངའི་མིང་པོས་ཤེས་ཟེར་བས། འོ་ན་ཁྱོད་ཀྱི་མིང་པོ་ཅན་དུ་ང་སྐྱོལ་དང་བྱས་པས། ཁྱོད་རང་གསོལ་བ་ཐོབ་དང་འཕྲད་པར་འགྱུར་གྱི་ཟེར་ནས་བུད་མེད་གར་སོང་ཆ་མེད་དུ་སོང་ངོ༌། །དེ་ནས་དགེ་སློང་འཇིགས་མེད་གྲགས་པས་དོན་རྟོགས་པའི་བླ་མ་འཚོལ་དུ་འགྲོ་གསུངས་པར། བྱང་སྒོ་བ་སློབ་དཔོན་ཤེས་རབ་འབྱུང་གནས་དང༌། ཤར་སྒོ་བ་སློབ་དཔོན་འཛེ་ཏ་རི་དགྲ་ལས་རྣམ་རྒྱལ། ལྷོ་སྒོ་བ་སློབ་དཔོན་ནག་པོ་བརྟུལ་ཞུགས་རྣམས་དང༌། གཞན་ཡང་ནཱ་ལེནྡྲའི་པཎྜི་ཏ་ལྔ་བརྒྱ་མགྲིན་གཅིག་ནས་བཞུགས་པར་གསོལ་བ་བཏབ་ཀྱང་མ་གསན་པར། ཆོས་གོས་ལུས་ལ་གསོལ། མཁར་སིལ་ལག་ཏུ་ཐོགས། ལྷུང་བཟེད་གློ་ལ་དཔྱངས་ནས་རྗེ་བཙུན་ཏེ་ལོ་པ་འཚོལ་དུ་ཕེབས་པས། ནམ་མཁའ་ནས་སྒྲ་ཞིག་བྱུང་ནས་ཁྱོད་རང་ཀྱཻ་རྡོ་རྗེ་ལ་བརྟེན་ནས་བླ་མ་སངས་རྒྱས་བཙལ་བར་བྱ་ཟེར་ཏེ། བདེ་མཆོག་འཁོར་ལོ་ལ་བརྟེན་ནས། བླ་མ་སངས་རྒྱས་ལུང་བསྟན་བྱུང་གསུངས་པས། དེར་འཇིགས་མེད་གྲགས་པས་ནགས་ཁྲོད་དུ་ཆོས་གོས་གྱོན། ལྷུང་བཟེད་མཁར་སིལ་རྩར་བཞག་ནས། བདེ་མཆོག་ཡི་གེ་བདུན་པའི་བསྙེན་པ་འབུམ་ཚོ་འབུམ་འཁྱོལ་ཙ་ན། ས་གཡོས། འོད་དང༌། སྒྲ་དང༌། སྤོས་ཀྱི་དྲི་ཞིམ་པོ་ལ་སོགས་པ་བྱུང་ནས། ཤར་ཕྱོགས་ངོས་ན་ཏེ་ལོ་པ་བླ་མ་སངས་རྒྱས་ཡོད་ཀྱི་སོང་ཞེས་ལུང་བསྟན་ཡང་ཡང་བྱུང་བས་བཙལ་ཀྱང་མ་རྙེད། དེ་ནས་འཕྲང་དོག་པོ་གཅིག་ནས་ཡར་ཕྱིན་ཙ་ན། མཛེ་མོ་གཅིག་གིས་འཕྲང་བཀག་འདུག་པར་གཟིཊ། དེ་ནས་ཁྱི་མོར་གཟིགས། དེ་ནས་བཙལ་པས་མི་ཐ་མལ་པར་གཟིགས། དེ་ནས་བཙལ་བས་ཡང་མི་གཅིག་གིས་གཅིག་མགོ་བོ་རྡུང་བ་དང་འཕྲད་དེར་དྲིས་པས། མཐོང་གི་བསྟན་གྱིས་ངས་མི་འདི་མི་ཐུབ་པས་འདིའི་མགོ་བོ་རྡུང་བའི་གྲོགས་གྱིས་ཤིག་ཟེར་བས། དེར་དགེ་སློང་འཇིགས་མེད་གྲགས་པའི་བསམ་པར། སློབ་དཔོན་ཏེ་ལོ་པ་མ་རྙེད་ཀྱང་དགེ་སློང་གཅིག་གིས་མིའི་མགོ་བོ་རྡུང་བའི་གྲོགས་ག་ནས་འོང་སྙམ་ནས་མ་རྡུང་བས། མི་དེ་ན་རེ། ང་བདག་འགོང་པོ་མ་རྡུང་བར། །བླ་མ་རྙེད་པར་ག་ལ་འགྱུར། །ཅེས་འདི་མིའི་མགོ་མིན། ང་བདག་གི་འགོང་པོ་ཆེན་པོ་གཅིག་ཡོད་པས་དེ་ཡིན་ཟེར་ནས། མི་དེ་གར་སོང་ཆ་མེད་དུ་སོང༌། ཡང་འཇིགས་མེད་གྲགས་པས་ཆོས་གོས་ལྷུང་བཟེད་མཁར་སིལ་བསྣམས་ནས་ཕེབས་པས། མི་གཅིག་གིས་གཅིག་རྒྱུ་མ་གཅོད་པ་ཞིག་འདུག་པ་ལ་དྲིས་པས། སློབ་དཔོན་ཏེ་ལོ་པ་མཐོང་ངམ་བྱས་པས། ངའི་མི་འདིའི་རྒྱུ་མ་གཅོད་པའི་གྲོགས་གྱིས་ཤིག །ངས་བསྟན་གྱིས་ཟེར་བས་དེར་དགེ་སློང་འཇིགས་མེད་གྲགས་པ་སྔར་བཞིན་རྟོགས་པ་སྐྱེས་ནས་མ་བཅད་པས། སྔར་བཞིན་བརྡ་དོན་སྤྲད་ནས་གར་སོང་ཆ་མེད་དུ་སོང་ངོ༌། །དེ་ལྟར་ད་དུང་ལན་གྲངས་མང་དུ་སོང་བའི་མཐར། སྤྲང་པོ་ཏེ་ལོ་པ་བྱ་བ་མཇལ་ནས་འདི་ག་ཡིན་གསུངས་ནས་ཕྱག་དང་སྐོར་བ་བྱས་ནས། སྤྲང་པོ་ཏེ་ལོ་པ་ལ་གདམས་ངག་ཞུས་པས། སྤྲང་པོ་ཏེ་ལོས་ཤིག་སྦར་བ་མེར་བ་གང་ཕྱགས་ནས་དགེ་སློང་འཇིགས་མེད་གྲགས་པ་ལ་གཏད་ནས། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །བསད་ནས་འཛད་ཀྱིས་གསོད་ལས་ཐོང༌། །གསུངས་པས། དེ་ཡང་མ་ནུས་ཏེ་སྔར་བཞིན་སོང་བས། འུ་ཐུག་ནས་ལྡོག་ཏུ་ནི་ངོ་ཚ། བླ་མ་ནི་མ་རྙེད་ནས། བསྟན་རྩ་དགེ་འདུན་སྡེ་བོར་ཅིང༌། །སྡོམ་ལྡན་ཆོས་ཀྱི་གྲགས་ཆེ་ཡང༌། །ཆོས་ལྡན་ཁྲིམས་ཀྱི་བཀའ་བཅག་སྟེ། །བརྩེ་བས་གྲོས་འདེབས་གསུང་བཅག་ནས། །སྡུག་བསྔལ་བཀའ་བ་ཉམས་བླངས་ཀྱང༌། །བླ་མ་རྙེད་པར་མ་གྱུར་བས། །བདག་གི་ལུས་འདིས་གེགས་བྱས་པས། །འདི་དོར་བླ་མ་ཅིས་མི་བཙལ། །གསུངས་ནས་ལྟུར་བུའི་ནང་ནས་སྤུ་གྲི་ཡོད་པ་བཏོན་ནས་སྤུ་གྲིས་སྐྱེ་འབྲེག་ཏུ་ཕྱིན་ཙ་ན། རྗེ་བཙུན་ཏེ་ལོ་པ་མི་ནག་པོ་རལ་པའི་ཐོར་ཚུགས་ཅན་གཅིག་ཏུ་བྱས་ནས་མདུན་གྱི་ནམ་མཁར་བཞུགས་ནས། བླ་མ་མ་རྙེད་སངས་རྒྱས་དག །བསད་པས་བླ་མ་ག་ལ་རྙེད། །ཁྱོད་འདོད་སྡིག་ཅན་ང་མིན་ནམ། །ཁྱོད་ཀྱིས་ང་རེས་ཉ་པར་མཐོང༌། རེས་ཁྱི་ར་བར་མཐོང༌། རེས་ཕ་མ་གསོད་པར་མཐོང་གསུངས་པས། དགེ་སློང་འཇིགས་མེད་གྲགས་པ་སྤྱན་ཆབ་ཕྱུང༌། ཐལ་མོ་སྦྱར། སྤྱན་བར་སྣང་ཁམས་སུ་གཟིགས་ནས། ནམ་མཁའི་སྤྲིན་བཞིན་ངེས་མེད་པའི། །དམ་པ་བཙལ་བས་ག་ལ་རྙེད། །ཀྱེ་མ་ཐུགས་རྗེས་མི་གཟིགས་པ། །བྱས་པས། རྗེ་བཙུན་གྱི་ཞལ་ནས། ང་དང་པོ་མཛེ་མོ་དང་འཕྲད་པ་ནས། ཁྱོད་དང་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོད་དེ། ཁྱོད་རང་གི་ལས་སྒྲིབ་མ་དག་པ་ཡིན་གསུངས་ནས། སྣོད་ལྡན་དྲི་མེད་གཟི་བརྗིད་ཁྱོད། །མཁའ་འགྲོ་མ་ཡི་གསང་བའི་གནས། །གདམས་ངག་ཡིད་བཞིན་ནོར་བུ་ཡི། །གདམས་ངག་སྣོད་དུ་ད་གྱུར་ཏོ། །གསུངས་ནས་སྣོད་ལྡན་དྲི་མེད་གཟི་བརྗིད་ཅེས་མཚན་གསོལ། རྡོ་རྗེ་འཆང་གིས་བཅོམ་ལྡན་འདས་ཞེས་ལུང་བསྟན། ཡི་དམ་ལྷས་རྟོགས་ལྡན་དུ་ལུང་བསྟན་ནས། ད་ནི་དྲི་མེད་ཤུགས་བྱུང་གིས་ཞེན་པ་རང་སར་གྲོལ་བའི་རྣལ་འབྱོར་པ་ཡིན་གསུངས་ནས་ཇི་ལྟར་འདོད་པའི་ལྷའི་ཞལ་གཟིགས། ལྷ་རེས་ལུང་བསྟན་རེ། བླ་མས་གདམས་ངག་ཆར་བཞིན་ཕབ། སྣང་སྲིད་ལྷ་སྐུ་རང་བཞིན་བསྒྲགས་ཚད་གདམས་ངག་ཏུ་གནང་བའི་བརྡ་ཐམས་ཅད་རང་གྲོལ་ཕྱག་རྒྱ་ཆེན་པོར་བརྡ་དོན་སྒྲོལ་ཐུབ་པ་བྱུང་རུང༌། ད་དུང་གཡང་ལ་མཆོངས་པ། མེ་ལ་བསྲེགས་པ། ཆུར་མཆོངས་པ། སྐུ་ལུས་ལ་སྙུག་གཟེར་འདབས་པ་ལ་སོགས་པའི་གདམས་ངག་སྐོར་ཚོ་བཅུ་གཉིས་ལ་སྐོར་ཚོ་རེར་དཀའ་ཆེན་རེ་རེ་སྤྱད་དེ། ལོ་རེ་ཞུན་མཐར་བྱས་པ་མ་ཟད། དཀའ་ཕྲན་སྤྱད་པའི་གྲངས་ནི་བསམ་གྱིས་མི་ཁྱབ་པ་ལགས་པས། བཀའ་བརྒྱུད་གསེར་ཕྲེང་ཁ་པར་གཟིགས་པར་བྱའོ། །ས་སྐྱ་བ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་པོད་དང་པོའི་ཤོག ༢༤༥ བ༦ དེའི་སློབ་མ་དཔལ་ལྡན་ནཱ་རོ་པ་ཡིན་ཏེ། དེ་ཡང་ཡབ་ཁ་ཆེ། ཁོང་ཉིད་མ་ག་དྷར་སྐུ་འཁྲུངས་པ། བྲམ་ཟེའི་རིགས་སུ་སྐྱེས་ཏེ་རིག་བྱེད་ལ་སོགས་པ་ཕྱི་རོལ་པའི་གཞུང་དུ་མར་མཁས་པར་གྱུར། དེ་ནས་སངས་རྒྱས་པའི་ཐེག་པ་ལའང་ཞུགས་ཏེ། བི་ཀྲ་མ་ཤཱི་ལར་རབ་ཏུ་བྱུང་ནས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏོ། །ཞེས་དང༌། ཡང་དེ་ལས། ཇོ་བོ་ནཱ་རོ་ཏ་པའི་མིང་ནི་རིགས་ལས་མིང་དུ་བཏགས་པ་ཡིན་ཏེ། བྲམ་ཟེ་ལ་དཀར་པོའི་རིགས་བརྒྱད། ནག་པོའི་རིགས་བརྒྱད་དེ་བཅུ་དྲུག་ཡོད་པ་ལས་འདི་བྲམ་ཟེའི་རིགས་བཟང་ཤོས་དཀར་པོ་ཡིན། དེའི་ནང་ནས་ཀྱང་བཟང་བ་ནཱ་རོ་ཏ་ཞེས་བྱ་བ་དང་ཀ་ཤ་ཞེས་བྱ་བ་གཉིས་ལས་འདི་དང་པོ་ཡིན་ནོ། །ཏ་པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་བའམ། བཀུར་བའི་ཚིག་ཡིན་པས་ནཱ་རོ་ཏ་པ་ཞེས་གྲགས་པ་ཡིན་ནོ་ཞེས་གསུངས་པ་ལ་སོགས་པ་ནས་གསལ་བའི་ནཱ་རོ་པའི་རྣམ་ཐར་པ། བཀའ་བརྒྱུད་གསེར་ཕྲེང་བཤད་པ་གོང་དུ་བསྟན་པ་རྣམས་ཅུང་ཟད་མི་འདྲ་བར་སྣང་ངོ༌། །དུས་རབས་ནི་མར་པ་ལོ་ཙཱ་བ་དགུང་ལོ་བཞི་ཅུ་ཞེ་གཉིས་པ་རབ་བྱུང་དང་པོའི་ཤིང་རྟ་ལ་ཕེབས་པའི་སྐབས་རྗེ་ནཱ་རོ་པའི་སྐུ་ཚེའི་སྨད་དུ་སྤྱོད་པ་ལ་གཤེགས་པའི་སྐབས་ཡིན་པར་བཤད་དོ།། །།

ཙོང་ཁ་བའི་གསན་ཡིག ༢ ན༥

Leave a Reply

Your email address will not be published. Required fields are marked *