པཎ་ཆེན་ནཱ་རོ་པ་ལ་བསྟོད་པ་སྙན་གྲགས་ལྷ་ཡི་རྒྱུད་མང་ཞེས་བྱ་བ།

པཎ་ཆེན་ནཱ་རོ་པ་ལ་བསྟོད་པ་སྙན་གྲགས་ལྷ་ཡི་རྒྱུད་མང་ཞེས་བྱ་བ།

༼ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་  (1595-1659) མཛད་པ།༽

 

བླ་མ་དང་མགོན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཁས་དང་གྲུབ་པའི་གཙུག་རྒྱན་མེ་མུར་བའི། །སྙན་གྲགས་ལྷ་དབང་གཞོན་ནུའི་དུནྡ་བྷིཿ  །ཐོས་པས་དད་པའི་རྒྱན་ལྡན་མཻ་ན་ཀཿ  །རབ་དྭངས་དྲུག་སྐྱེས་རྒྱུད་མང་འདི་མཆོད་སྤྲིན། །ཀསྨཱི་ར་ཡུལ་གཉིས་སྐྱེས་རིགས་གཙང་མར། །ཞི་བའི་གོ་ཆ་དཔལ་གྱི་བློ་གྲོས་མའི། །སྲིད་པ་བཟུང་ཚེ་དགེ་མཚན་ལྟས་དང་བཅས། །ཀུན་ཏུ་བཟང་པོར་བཏགས་དེར་མགོས་ཕྱག་འཚལ། །དེར་ཡང་ཁྱོད་ཀྱིས་སྒྲ་ཚད་སོགས། །རྣམ་དག་རིགས་ལམ་བགྲངས་ཡས་ཀྱི། །མཁས་པའི་གྲགས་པས་ཕྱོགས་ཀྱི་ནི། །འཁོར་ལོ་འགེངས་མཛད་དེ་ལ་འདུད། །བུདྡྷ་པཱ་ལས་རབ་བྱུང་ནས། །སྡེ་སྣོད་གསུམ་གྱི་ཕ་མཐར་སོན། །གཙུག་ལག་ཆེན་པོའི་སྒོ་སྲུང་མཛད། །སྙན་གྲགས་བཟང་པོར་གཙུག་གིས་འདུད། །རིགས་ལམ་སྟོང་ཕྲག་དལ་འགྲོའི་རྒྱུན་ལྡན་སྡེ་སྣོད་དབུ་མའི་ལང་ཚོ་ངོམས། །ལེགས་བཤད་ཟེགས་མའི་ཕ་འབབ་བཟང་པོས་འདུས་ཚོགས་འབུམ་ཕྲག་ཉེར་འཛིན་ཀྱང༌། །རང་སེམས་བ་ཡི་ནུ་འཐེན་པ་ཡི་ཡུན་ཙམ་ཞིག་ཀྱང་གནས་མིན་པ། །ཀྱེ་མ་ཐོས་བསམ་སྒོམ་པ་ཁོ་ནས་ངེས་དོན་རྟོགས་མིན་ཞེས་ཁྱོད་སེམས། །

ད་ནི་སེམས་ལ་དབང་འབྱོར་བའི། །དམ་པ་སུ་ཞེས་དཔལ་ཁྲག་འཐུང༌། །ཉིད་ལ་དྲིས་ཚེ་ཤར་ཕྱོགས་སུ། །ཏིལླིའི་རིགས་ཞེས་དེས་ལུང་བསྟན། །དེ་ནས་དེ་ཉིད་ཡིད་ལ་རབ་སེམས་པས། །ཕྱོགས་རྣམས་ཀུན་ཏུ་རྒྱུ་བའི་བརྟུལ་ཞུགས་ཀྱིས། །བཙལ་ཚེ་དེ་ཡི་ཆོ་འཕྲུལ་ཡ་མ་ཟུང༌། །མཐོང་ཡང་སོམ་ཉིའི་ཟོལ་གྱིས་དཀའ་བ་སྤྱད། །དམ་པ་མཆོག་དེའི་གསུང་གི་བཻ་ཌཱུར་ཆེ། །ཁྱོད་ཀྱི་མོས་པའི་རྒྱལ་མཚན་རྩེར་བཀོད་ནས། །དང་དུ་བླངས་བས་དཀའ་ཆེན་བཅུ་གཉིས་སོགས། །གདུལ་བྱ་ཕྱི་མའི་དོན་དུ་བས་པར་མཛད། །ཀྱེ་མ་སྲིད་གསུམ་གནས་ཀྱི་ཕུན་ཚོགས་དཔལ་འབྱོར་མ་ལུས་ལྟ་ཞོག་གི །འཁོར་འདས་ཀུན་གྱི་འབྱོར་བའི་ཕུལ་ལ་དབང་བསྒྱུར་མ་ཆགས་གང་དེ་ཡི། །འདི་ཡི་སྣ་དང་རྣ་བའི་ཚོམ་བུ་ཁྲག་གིས་སྦགས་པའི་མཎྜལ་ལ། །དགྱེས་པ་ལྟར་མཛད་ངེས་དོན་ནོར་བུ་དེ་ལ་སྩལ་ཞེས་འདི་ཡ་མཚན། །དེ་ནས་དེ་ལ་ཐོབ་པའི་ནོར། །དེ་ཉིད་དོན་དང་ལྡན་པའི་ཕྱིར། །མེ་ཏོག་མདངས་ལྡན་དང་ཉེ་བར། །བསྒྲུབས་པས་དེ་འབྲས་དེ་ན་ཐོབ། །རྒྱལ་རྣམས་རྒྱལ་སྲས་སྤྱོད་པ་ནས་བཟུང་ཇི་སྲིད་གྲངས་མེད་གསུམ་ལ་སོགས། །ཡུན་རིང་འབད་ཀྱང་ལེགས་པར་རྙེད་དཀའི་རྣམ་དག་བྱང་ཆུབ་གོ་འཕང་ཆེ། །ཁྱོད་ཀྱིས་སྐད་ཅིག་སྒོམ་དང་འབད་པས་ཇི་ལྟ་དེ་ལྟར་དེ་ཉིད་དོན། །སྐད་ཅིག་འབད་མེད་མངོན་དུ་མཛད་ཚེ་རྒྱལ་བ་རབ་འབྱམས་དབུགས་འབྱིན་མཛད། །གང་ཁྱོད་ལ་ལར་ཚེ་འདིར་མཆོག་གྲུབ་དང༌། །བར་དོར་དེ་འགྲུབ་པུར་སྦྱངས་དེ་ཉིད་དུ། །ངོ་མཚར་མཆོད་པ་དེང་སང་གི་ནི་བར། །ཡོད་ཅེས་གླེང་སོགས་ངོ་མཚར་རྣམ་ཐར་གནས། །འདྲ་དང་འདྲ་མིན་རྣམ་མང་པོ། །བྱུང་བའང་འགལ་བ་མེད་མོད་ཀྱི། །གྲུབ་པ་བརྙེས་པའི་ཆོ་འཕྲུལ་དང༌། །ཆོས་ཀུན་སྟོང་ཉིད་ཡིན་ཕྱིར་རོ། །དེ་ལྟར་མཁས་དང་གྲུབ་པའི་རྣམ་རོལ་གྱི། །ཟོལ་ལ་བརྟེན་པའི་ཡང་དག་རྫོགས་སངས་རྒྱས། །དཀྱིལ་འཁོར་རབ་འབྱམས་ཀུན་གཙོ་ཁྱོད་ཞབས་ལ། །བདག་ཡིད་གུས་པས་བཅོས་མིན་གསོལ་འདེབས་ཀྱི། །བདག་ལུས་གདོས་བཅས་སྣང་སྟོང་ལྷ་ཡི་སྐུ། །ཐ་མལ་ངག་རླུང་རྡོ་རྗེ་གསུམ་གྱི་དངོས། །ཡིད་ཆོས་ཐིག་ལེ་ཡེ་ཤེས་རྡོ་རྗེ་མཆོག །ཐབས་མཆོག་བདེ་ཆེན་ཧཾ་ཡིག་ཟླ་བསིལ་ཟེར། །ཤེས་རབ་ཙཎྜའི་འོད་ཀྱིས་རབ་བསྐུལ་ཚེ། །བདེ་ཆེན་རྒྱུན་ཆད་མེད་བའི་ག་པུ་ར། །འཛག་པས་སྟོང་ཉིད་ཀུནྡ་རབ་རྒྱས་ཤིང༌། །ཆོས་ཀུན་འོད་གསལ་དམ་པ་འུབས་ཆུབ་པ། །ཟུང་འཇུག་སྒྱུ་མའི་ལང་ཚོ་མཛེས་སྡུག་གི །རྣམ་ཀུན་མཆོག་ལྡན་དགའ་མར་རྟག་རོལ་ཅིང༌། །སྐུ་གསུམ་འཕོ་བའི་སྐྱེལ་བསུ་དང་འགྲོགས་པས། །བར་དོ་ཡ་ངའི་འཕྲང་དུ་མི་འཕྱོ་བར། །སྣང་ཕྱོགས་བདེ་ཆེན་ཁྲག་འཐུང་གང་ཁྱོད་དང༌། །སྟོང་ཉིད་ཤེས་རབ་དགའ་མར་རྟག་སྦྱོར་བའི། །གནས་མེད་གནས་ཀྱི་མཆོག་གྱུར་ཉམས་དགའ་བར། །བདག་སོགས་འགྲོ་ཀུན་སྐད་ཅིག་བགྲོད་གྱུར་ཅིག །དེ་ལྟར་པཎ་ཆེན་ནཱ་རོ་པ་ལ་བསྟོད་པ་གསོལ་འདེབས་དང་བཅས་པ་སྙན་གྲགས་ལྷའི་རྒྱུད་མང་ཞེས་བྱ་བ་འདིའང༌། ར་ཁྱིམ་ནས་མདེའུ་སྨན་དགེ་སློང་ངག་དབང་ཕུན་ཚོགས་ཀྱིས་བསྐུལ་ངོར། དབུར་སྟོད་འབྲི་གུང་དུ་སོན་པ་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་གྲགས་པས། རྩེ་བ་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་སྦྱར་བ་དགེ་བར་གྱུར་ཅིག། །།སརྦ་མངྒ་ལཾ།།[1]

[1] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཕ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥བ༤

Leave a Reply

Your email address will not be published. Required fields are marked *