པཎ་གྲུབ་བཅུ་བདུན་ལ་སྤེལ་མར་བསྟོད་པ།

པཎ་གྲུབ་བཅུ་བདུན་ལ་སྤེལ་མར་བསྟོད་པ།

 

འབྲས་བློ་གླིང་ཏྲེ་ཧོར་རྡོ་བུམ་སྤྲུལ་སྐུས་བྲིས།

 

༄༅། །པཎ་གྲུབ་བཅུ་བདུན་ལ་སྤེལ་མར་བསྟོད་པའི་སྒོ་ནས་གསོལ་བ་འདེབས་ཤིང་བྱིན་རླབས་ཞུ་བ་མི་ཕྱེད་དད་པའི་གསང་གཏོར་ཞེས་བྱ་བ།།

 

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ།།

༡ བགྲང་ཡས་བསྐལ་པར་བསོད་ནམས་ཡེ་ཤེས་དཔལ་གྱིས་ལེགས་བསྐྲུན་སྲིད་ཞིའི་བླ་ན་མངོན་པར་འཕགས། །ཉིད་ཀྱིས་གཟིགས་གང་འགྲོ་ལ་འདོམས་སླད་རྟེན་འབྱུང་གཏམ་གྱིས་འགྲོ་ཀུན་མ་རིག་གཉིད་ལས་སློང་། །རྫུ་འཕྲུལ་ཀུན་བརྗོད་རྗེས་སུ་བསྟན་པའི་སྐུ་ཐུགས་གསུང་གི་ཆོ་འཕྲུལ་ལྷུན་གྲུབ་རང་བཞིན་ཅན། །འགྲོ་རྣམས་སྨིན་གྲོལ་རྫོགས་བྱང་འགོད་ལ་གཞན་གྱིས་བསྐྲུན་མིན་ཤཱཀྱའི་གཙོ་ལ་ཕྱག་བགྱི་འོ།།

༢ ཀུན་རྨོངས་ཚང་ཚིང་འཁྲིགས་པའི་སྲིད་ཀློང་དུ། །རྣམ་པར་འཁྱམས་པའི་མཐའ་ཡས་འགྲོ་བའི་ཚོགས། །མ་ནོར་ལམ་དུ་འཁྲིད་པའི་གཏམ་སྙན་པོ། །ནམ་ཡང་ནུབ་མེད་འཇིག་རྟེན་འདི་ན་གསལ།།

༣ དྲི་མེད་གསེར་གྱི་ལྷུན་པོ་ནི། །ཉི་འོད་འཁྱུད་ལྟར་ལྷམ་མེར་མཛེས། །ཡེ་ཤེས་སྣང་བ་དམ་པ་ཡིས། །འགྲོ་ལ་ཞི་བདེའི་སྣང་བ་གསལ།།

 

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས།།

༤ མཆོག་ཏུ་ཞི་བ་རྣམ་བྱང་བདེ་བའི་གྲོང་དུ་འཇུག་པའི་སྒོ་ཆེན་པོ། །ལེགས་པར་ཕྱེ་བས་རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ་དུ་ཕྱིན་མཛད་པ། །མཐའ་བྲལ་དབུ་མ་རྟེན་ཅིང་འབྲེལ་འབྱུང་གསུང་གསང་རྒྱན་གྱི་འཁོར་ལོ་ཅན། །སྲིད་ཞིའི་བླ་ན་ཀླུ་སྒྲུབ་ཅེས་སུ་མཚན་གྱི་དབྱངས་སྙན་མངོན་པར་གྲགས།།

༥ སྤྲོས་པ་ཀུན་ཞི་ཞི་བའི་མཚན་ཉིད་ཅན། །མྱང་འདས་ལམ་དུ་དུ་མའི་འགྲོ་བ་རྣམས། །གདོད་ནས་སྐྱེ་མེད་མེད་པ་མ་ཡིན་པའི། །རྟེན་ཅིང་འབྲེལ་འབྱུང་འབྱུང་ཚུལ་གསལ་བས་འཁྲིད།།

༦ ཁྱོད་ཀྱི་ལུགས་ལས་གཞན་དུ་ནི། །འཕྱན་པ་དེ་དག་ཐར་པའི་ལམ། །བགྲོད་པའི་སྐལ་པས་དབེན་གྱུར་པ། །ཤིང་རྟའི་སྲོལ་ཆེན་འཛིན་རྣམས་བཞེད།།

༧ རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་ཚུལ། །རྟོགས་པ་ཉིད་ཀྱིས་མཐར་འཛིན་འཆིང་བ་ཀུན། །གཅོད་བྱེད་ཤེས་རབ་རལ་གྲི་འབར་བའི་གཟིས། །རྨོངས་མུན་མ་ལུས་སེལ་བ་ཁྱོད་ཀྱི་ལུགས།།

 

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག། །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

༨ སིང་ག་ལ་ཡི་རྒྱལ་པོའི་སྲས་སུ་འཁྲུངས། །ནཱ་ལནྡཱ་རུ་སྨྲ་ངན་རྩོད་པས་བཅོམ། །བསྟན་པའི་སྙིང་པོ་སྤེལ་བའི་རྒྱལ་རྔ་ཆེ། །ཕྱོགས་སུ་བརྡུང་བའི་གྲགས་པ་ད་དུང་སྙན།།

༩ རྟག་བདེ་གཙང་དང་བདག་ཏུ་འཛིན་པ་ཡི། །ཕྱིན་ཅི་ལོག་པའི་བློ་བཞི་ལྡོག་པ་ནས། །ཀུན་རྫོབ་དོན་དམ་ལམ་རིམ་ཡོངས་རྫོགས་ལ། །འཁྲིད་པའི་བསྟན་བཅོས་བཞི་བརྒྱ་པ་ཞེས་གྲགས།།

༡༠ ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་། །འདུས་པའི་རིམ་ལྔའི་དགོངས་གསལ་སྤྱོད་བསྡུས་སོགས། །མདོ་སྔགས་ཟབ་དོན་གསལ་བའི་སྒྲོན་མེ་སྟེ། །ཀླུ་སྒྲུབ་ལུགས་བཟང་ལྟ་བའི་འདྲེན་བྱེད་ཉིད།།

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས།།

༡༡ ཞིང་འདིར་མཐའ་བྲལ་དབུ་མའི་ལམ་སྟོན་ཆེ། །ཀླུ་སྒྲུབ་འཕགས་པ་ལྷ་ཞེས་མཚན་བརྗིད་པའི། །སློབ་དཔོན་ཟུང་གི་དགོངས་དོན་བསྒྲིལ་བའི་གཞུང་། །བུདྡྷ་པཱ་ལི་ཏ་ཞེས་ཡོངས་སུ་གྲགས།།

༡༢ རང་རྒྱུད་རྟགས་ཀྱིས་བདེན་དངོས་འགོག་པའི་ཚུལ། །དོན་གྱིས་བཀག་པས་ཐལ་འགྱུར་སྲོལ་གཏོད་གྲགས། །རིག་འཛིན་གྲུབ་པ་མཆོག་གི་སར་གཤེགས་པ། །མཁས་གྲུབ་ཁྱུ་མཆོག་གང་དེར་མི་འདུད་སུ།།

༡༣ ཙོང་ཁ་པ་ཞེས་དུས་གསུམ་རྒྱལ་ཀུན་གྱི། །མཁྱེན་བརྩེའི་རང་གཟུགས་གཅིག་ཏུ་བཟླུམས་པ་དེས། །ཁྱོད་ཀྱི་གཞུང་ལས་ཀླུ་སྒྲུབ་ལུགས་བཟང་དོན། །ཇི་བཞིན་གཟིགས་པར་གསུངས་ལ་སུ་ཞིག་བསྙོན།།

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་། །

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

༡༤ སྒྲ་ཡི་བརྗོད་བྱ་རྟོག་པའི་ཞེན་ཡུལ་རྣམས། །ཡོད་ཀྱང་ངོ་བོ་ཉིད་ཀྱིས་སྐྱེ་འགག་བྲལ། །སྒྱུ་མ་ཇི་བཞིན་ཆོས་ཀུན་བདེན་མེད་ཚུལ། །འདིས་ཀྱང་ཀླུ་སྒྲུབ་དགོངས་པའི་སྒྲོན་མེ་བཏེགས།།

༡༥ དངོས་རྣམས་རྟེན་འབྲེལ་ཚོགས་པ་ལས། །གྲུབ་ཀྱི་ཚུགས་ཐུབ་ཡན་གར་མེད། །དེ་ནི་དམ་པའི་དོན་དུ་དང་། །རྫས་སུ་མེད་པའི་དོན་དུ་བཞེད། །

༡༦ ཕྱི་རོལ་དམིགས་པའི་རྐྱེན་ལ་མ་བརྟེན་པར། །དབང་པོའི་ཤེས་པ་སྐྱེ་མིན་རིགས་པ་ཡིས། །དོན་དང་ཤེས་པ་ཡོད་མེད་མཚུངས་བཞེད་ཅིང་། །ཀུན་གཞི་ཉོན་ཡིད་རང་རིག་རྣམ་གཞག་དོར།།

 

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

༡༧ ཐུབ་པའི་རྗེས་འཇུག་གྲུབ་མཐའི་གཟིངས་ཆེན་དུ། །རྣམ་དཔྱོད་དར་ཆེན་མཐོར་སྒྲེང་མཁས་གཞན་གྱིས། །གསལ་བར་མ་མཛད་བདེན་གཉིས་གང་དུ་ཡང་། །བཙལ་ནས་རྙེད་དོན་མེད་པའི་སྒྲ་ཆེན་བསྒྲགས།།

༡༨ བདག་ཅེས་བྱ་བ་རང་དབང་དུ། །གྲུབ་པའི་དོན་ཏེ་གང་ཟག་དང་། །ཆོས་ལ་མེད་པ་བདག་མེད་གཉིས། །འཇོག་ཚུལ་གསལ་བར་ཁྱོད་ཀྱིས་མཛད།།

༡༩ མཐར་འཛིན་སྙིང་གི་མུན་སྟུག་ཀུན། །སེལ་བྱེད་འོད་དཀར་འཕྲོ་བ་ཅན། །དཔལ་ལྡན་ཟླ་བའི་ལེགས་བཤད་ཅེས། །གངས་ཅན་མཁས་པའི་གཙོ་དེས་བསྔགས།།

 

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

༢༠ རྒྱལ་བས་ལེགས་གསུངས་ལྟ་སྒོམ་སྤྱོད་པའི་གནད། །དམ་ཆོས་སྣང་བའི་སྒྲོན་མེས་ལེགས་གསལ་བས། །ངོ་མཚར་མཛད་པ་བདུན་ལྡན་སྙན་པ་གྲགས། །ཤནྟི་དེ་བ་ཐར་འདོད་ཡོངས་ཀྱི་དཔལ།།

༢༡ བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་གཞུང་། །ཀུན་རྫོབ་དོན་དམ་བྱང་སེམས་རིན་པོ་ཆེ། །སྐྱེས་ཤིང་མི་ཉམས་གོང་འཕེལ་དགེ་བསྔོ་བཅས། །ལེའུ་བཅུ་ཡི་བདག་ཉིད་ཅན་དུ་གྲུབ།།

༢༢ བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ཞེས། །ཉིད་ཀྱིས་མཚན་དུ་གསོལ་བའི་བསྟན་བཅོས་འདི། །དགེ་ཚོགས་ཀུན་སྡུད་ཉེས་ཀུན་འབྱིན་བྱེད་པས། །མཁས་གྲུབ་བུང་བའི་ཁྱུ་འདུས་པད་ཚལ་ཉིད།།

 

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་བཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

༢༣ དབུ་སེམས་ཟུང་དུ་སྦྲེལ་བའི་ཤིང་རྟ་ཆེ། །རྣམ་དཔྱོད་རིགས་པའི་སྲབ་ཀྱིས་ལེགས་གཅུས་ནས། །ཤེས་བྱའི་དབྱིངས་སུ་འཕགས་པའི་རྣམ་ཐར་འདིས། །ཡོངས་རྫོགས་ཐུབ་བསྟན་སྤེལ་བའི་གྲགས་སྙན་འབར།།

༢༤ གངས་ལྗོངས་རྒྱལ་བསྟན་སྲོལ་ཆེན་འཛུགས་མཛད་པས། །བཤད་དང་སྒྲུབ་བརྒྱུད་ལམ་བཟང་ཕྱོགས་བརྒྱར་གདལ། །ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་། །བཀོད་པས་ཁྱད་འཕགས་སྲིད་ཞིའི་རྒྱན་དུ་གྲུབ།།

༢༥ རྒྱ་གར་ཟ་ཧོར་རྒྱལ་པོའི་སྲས་སུ་བལྟམས། །ཁ་བ་ཅན་དུ་འདུལ་མངོན་ཚད་མ་སྤེལ། །མཁན་ཆེན་བྱང་ཆུབ་སེམས་དཔར་མཚན་གསོལ་བ། །ཞི་བ་འཚོ་དེར་མི་གུས་བློ་ལྡན་སུ།།

 

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

༢༦ སྒོམ་རིམ་གསུམ་དང་དབུ་མ་སྣང་བ་ཡིས། །བོད་ཡུལ་བསྟན་པའི་སྒྲོན་མེ་སླར་བཏེགས་ནས། །ལམ་ལོག་ལམ་གོལ་འཕྱན་རྣམས་སྐྱོབ་མཛད་པ། །ཀ་མལ་ཤཱི་ལའི་གྲགས་པ་ད་དུང་སྙན།།

༢༧ གང་དང་གང་དུ་མཛད་དཀར་འཕྲོ། །དེ་དང་དེར་ནི་རྐྱེན་ངན་གྱི། །སྤྲིན་ནག་གཡོས་པས་བསྒྲིབས་གྱུར་པའི། །བྱུང་བ་འདི་དག་ཡིད་གདུང་རྒྱུ།།

༢༨ དེང་འདིར་གངས་ཅན་མགོན་པོའི་ཐུགས་བསྐྱེད་ཀྱིས། །ཐོས་དང་བསམ་སྒོམ་རིམ་པ་ངེས་ཅན་གྱིས། །བསྟན་ལ་འཇུག་ཚུལ་ལེགས་སྟོན་བསྟན་བཅོས་ནི། །སྒོམ་རིམ་ཞེས་གྲགས་འཆད་ཉན་རྒྱ་ཆེར་སྤེལ།།

 

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

༢༩ མི་ཕམ་མགོན་པོའི་ཞལ་གྱི་བདུད་རྩིས་གང་གི་རྣམ་དཔྱོད་ལུས་བརྟས་པས། །ཐེག་པ་མཆོག་གི་ལམ་འབྲས་ཡོངས་རྫོགས་ཇི་བཞིན་སྐལ་ལྡན་འགྲོ་ལ་བསྟན། །མདོ་སྡེ་ངེས་དོན་དྲང་དོན་འབྱེད་པར་རྒྱལ་བ་ཉིད་ཀྱིས་ལུང་གིས་བསྔགས། །ཨ་སང་ག་ཞེས་བདག་ཉིད་ཆེ་དེར་དང་བའི་སྙིམ་པ་སྤྱི་བོར་ཟུམ།།

༣༠ གན་དྷཱ་ར་ཡི་སྐྱེས་བུའི་གྲོང་ཁྱེར་དུ། །སྐུ་འཁྲུངས་སྡེ་སྣོད་མཁས་པའི་དཔལ་ཡོན་ཐོབ། །རྣམ་རིག་ཙམ་དུ་གྲུབ་པའི་ཤིང་རྟའི་སྲོལ། །འབྱེད་མཛད་གྲགས་པའི་བ་དན་ཕྱོགས་བཅུར་སྒྲེང་།།

༣༡ འཕགས་པ་བྱམས་པའི་བསྟན་བཅོས་རྣམ་ལྔ་དང་། །ས་སྡེ་ལྔ་དང་སྡོམ་ཆེན་རྣམ་གཉིས་སོགས། །ཐེག་པ་མཆོག་གི་ལམ་རྒྱས་སྟོན་པའི་གཞུང༌། །འདི་ཀུན་ཁྱོད་ཀྱི་འཕྲིན་ལས་ཉིད་དུ་འཁུམས།།

༣༢ དགོངས་པ་ངེས་འགྲེལ་མདོ་དོན་མཚན་ཉིད་གསུམ། །དག་དང་མ་དག་སྣོད་བཅུད་གཞན་དབང་རྣམས། །ངོ་བོ་ཉིད་དང་ཁྱད་པར་ཀུན་བཏགས་ཀྱིས། །སྟོང་པའི་ཡོངས་གྲུབ་རྣམ་གཞག་གསལ་བར་མཛད།།

 

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག།།

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

༣༣ བྲམ་ཟེའི་རིགས་འཁྲུངས་ཤེས་བྱའི་གནས་ཀུན་དང་། །ཐེག་པ་ཆེ་ཆུང་མདོ་སྔགས་ཐུགས་སུ་ཆུད། །བསྟན་འདིར་མང་ཐོས་ཁྱོད་འདྲ་མ་བྱུང་ཞེས། །རྩོད་མེད་གྲགས་སྙན་རོལ་མོ་འགོག་མེད་འཁྲོལ།།

༣༤ ཤེས་རབ་དྲི་མེད་དོན་དུ་གཉེར་རྣམས་ཤེས་བྱ་གཞི་ལྔའི་གཏམ་གྱིས་ཚིམས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་ཆེན་པོ་བྱེ་སྨྲ་མདོ་སྡེའི་གཞུང་ལུགས་བཟུང༌། །རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ནི་ཐེག་ཆེན་རྣམ་རིག་བཞེད་གཞུང་སྤེལ། །ཀུན་མཁྱེན་གཉིས་པའི་གྲགས་པ་དོན་ལྡན་སྨྲ་བའི་ཟླ་བ་ཁྱོད་མིན་སུ།།

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

༣༥ ལྷོ་ཕྱོགས་ཀཉྩིར་འཁྲུངས་ཤིང་གྲུབ་མཐར་སྦྱངས། །ཨོ་ཌི་བི་ཤར་བསམ་གཏན་སྒོམ་སྒྲུབ་བརྩོན། །ནཱ་ལནྡཱ་རུ་མུ་སྟེགས་རྩོད་པས་བཅོམ། །འཕགས་ཡུལ་རིགས་སྨྲའི་ཁྱུ་མཆོག་ཡོངས་སུ་གྲགས།།

༣༦ འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ། །བརྩམ་པར་བསྐུལ་བཞིན་རང་གི་གཞུང་ཀུན་ལས། །གཅིག་ཏུ་བཏུས་འདི་ཚད་གཞུང་ཕྱི་མོ་དང་། །འགྲོ་ཀུན་མིག་ཏུ་གྱུར་ལ་ཀླན་ཀ་བྲལ།།

 

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

༣༧ དཔལ་ལྡན་ཕྱོགས་ཀྱི་གླང་པོའི་འཕྲིན་ལས་རྒྱ་ཆེར་དུས་རིང་སྤེལ་བ་དང་། །གཞལ་བྱ་རང་གིས་ངེས་ཤིང་གཞན་དག་རྗེས་འཛིན་ཐབས་རྣམས་གསལ་བའི་ཕྱིར། །ཚད་མའི་བསྟན་བཅོས་རྣམ་འགྲེལ་ལ་སོགས་ལུས་དང་ཡན་ལག་ལྟ་བུ་ཡི། །སྡེ་བདུན་གསེར་རི་ལྷམ་མེར་བརྗིད་པས་ཐུབ་བསྟན་མཆོག་རབ་ལྷུན་པོ་བརྒྱན།།

 

༣༨ བསྟན་ལ་གཅིག་ཏུ་རྒོལ་བའི་གྲགས་པ་ཅན། །ཚར་གཅོད་རྗེས་འབྲང་བསྟན་ལ་བཀོད་པ་སོགས། །ཆོས་ཀྱིས་ཆོས་མིན་ཕམ་པར་མཛད་པ་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབྱར་རྔ་ལྡིར།།

༣༩ ཉིད་ཀྱིས་གཟིགས་བཞིན་འགྲོ་ལ་སྟོན། །སྟོན་པའི་ངང་ཚུལ་ལེགས་པར་ཤེས། །ཤེས་ནས་བསྟན་ལ་ཡིད་ཆེས་འཕེལ། །འཕེལ་བས་སྟོན་པ་ཚད་མར་བསྒྲུབས།།

 

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

༤༠ ཐེག་ཆེན་ལམ་གྱི་རྣམ་གཞག་སྤྱི་ཡི་ལུས། །གྲངས་དང་གོ་རིམ་སྐྱེ་ཚུལ་དབྱིག་གི་གཉེན། །ཇི་བཞིན་གནས་ཀྱང་རང་ལུགས་དབུ་མའི་ཚུལ། །འཕགས་པའི་སར་གནས་རྣམ་གྲོལ་སྡེ་དེས་ཕྱེ།།

༤༡ ཉི་ཁྲི་སྣང་བས་ཡུམ་རྒྱན་གསལ་བར་མཛད། །གཙུག་ལག་ཁང་སྐྱོང་དགེ་འདུན་སྡེ་བཙུགས་ནས། །ཟབ་རྒྱས་ཐེག་ཆེན་གཞུང་ལུགས་སྤེལ་བའི་མགོན། །ཁྱོད་ཀྱི་བསྔགས་པ་བརྗོད་ལ་སུ་ཞིག་ངལ།།

 

ཡུལ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

༤༢ ཤེར་ཕྱིན་མདོ་དང་མངོན་པར་རྟོགས་པའི་རྒྱན། །གཞུང་དང་མན་ངག་མ་ལུས་ཐུགས་སུ་ཆུད། །ཉི་ཁྲི་བརྒྱད་སྟོང་སྡུད་པའི་འགྲེལ་པ་དང་། །རྒྱན་འགྲེལ་དོན་གསལ་སྒྲོན་མེ་ད་དུང་འབར།།

༤༣ འདི་སྣང་སྤངས་ཏེ་འཆད་རྩོམ་ཉིད་ལ་གཞོལ། །ལམ་མཆོག་ཤེར་ཕྱིན་ཕྱོགས་ཀུན་རྒྱས་མཛད་པས། །ཐར་འདོད་བྱེ་བའི་འཇུག་ངོགས་མཚོན་པར་བྱས། །རྒྱལ་སྲས་བཟང་པོའི་མཚན་ཅན་གཙུག་ཏུ་བསྟེན།།

 

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོར་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

༤༤ བྲམ་ཟེའི་རིགས་སུ་བཅོམ་བརླག་ཡུལ་དུ་འཁྲུངས། །འབུམ་སྡེ་བཅོ་བརྒྱད་འདུལ་གཞུང་ཐུགས་ཆུད་དེ། །གཞི་དང་རྣམ་འབྱེད་གསལ་སྟོན་མདོ་རྩ་དང་། །ཉིད་ཀྱི་རྣམ་བཤད་ཅེས་གྲགས་བསྟན་བཅོས་བརྩམས།།

༤༥ གཞན་ཡང་ལས་ཆོག་ཀརྨ་ཤ་ཏམ་དང་། །འགྲེལ་ཆུང་ཡོན་ཏན་འོད་མར་གྲགས་པ་བཅས། །བསྟན་འཛིན་འདུས་སྡེའི་འཆད་ཉན་ཉམས་ལེན་གཞིར། །ཡོངས་ཀྱིས་གཙིགས་སུ་འཛིན་འདི་ཨེ་མ་རྨད།།

 

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག།།

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

༤༦ ཁ་ཆེའི་ཡུལ་འཁྲུངས་སྡེ་སྣོད་ཀུན་ལ་སྦྱངས། །ཞི་བ་འོད་དང་མཁན་པོ་བསོད་ནམས་གྲགས། །དད་པས་སྙིང་ཁར་བསྟེན་པའི་མཐུ་ཉིད་ལས། །འདུལ་གཞུང་སྨྲ་ལ་བསྙེངས་བྲལ་སྤོབས་པ་ཐོབ།།

༤༧ ཐམས་ཅད་ཡོད་སྨྲའི་ལུགས་བཞིན་དགེ་ཚུལ་གྱི། །ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་ནི། །འགྲེལ་པ་འོད་ལྡན་ཞེས་གྲགས་གཞུང་འདི་དག །བསྟན་པའི་བཙས་སུ་ཆེ་བའི་ཕྱག་རྗེས་ལགས།།

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་པའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

༤༨ ངོ་མཚར་སྡེ་སྣོད་གསུམ་བསྡུས་རྒྱལ་བའི་བཀའ། །ཡོངས་བསྡུས་ཉམས་ལེན་རིམ་པར་ལེགས་བསྒྲིགས་པ། །བྱང་ཆུབ་ལམ་གྱི་སྒྲོན་མེ་འོད་པོ་ཆེ། །སྤོར་མཛད་ཕུལ་བྱུང་ཞེས་སུ་མཚན་འོད་འཕྲོས།།

༤༩ ལྷ་བཞི་ཆོས་གསུམ་ལྷ་ཆོས་བདུན་ལྡན་ཞེས། །གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་སྲོག་ཟུངས་སུ། །སྨིན་པས་ཤཱཀ་ཐུབ་རིང་ལུགས་དུས་མཐའི་བར། །བསྲེལ་མཁས་ཇོ་བོ་ཆེན་པོར་རྟག་ཏུ་གུས།།

༥༠ ཨུ་པ་སི་ཀ་རྒྱལ་བའི་འབྱུང་གནས་ལ། །བརྟེན་ནས་གངས་ཁྲོད་རྒྱལ་བསྟན་སྤེལ་འགྱུར་ཞེས། །ཇོ་མོ་སྒྲོལ་མས་མངོན་སུམ་ལུང་བསྟན་བཞིན། །ཡང་དག་ཐུབ་བསྟན་སྤེལ་མཛད་ཁྱོད་ཕྱག་འཚལ།།

 

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

༥༡ གཞུང་མཛད་ཀླུ་ཐོགས་ཕྱོགས་ཀྱི་གླང་པོ་དང༌། །འགྲེལ་མཛད་འཕགས་པ་ལྷ་དང་དབྱིག་གི་གཉེན། །ཆོས་གྲགས་ཞབས་དང་བསྟན་རྩ་འདུལ་བའི་བསྟན། །སྤེལ་བའི་མཆོག་གྱུར་ཡོན་ཤཱཀ་རྣམ་གཉིས་དང་།།

༥༢ ཐུབ་བསྟན་ཕྱོགས་ཀྱི་ཐ་གྲུར་འཕེལ་རྒྱས་ཀྱི། །བརྒྱུད་པའི་དུས་རིམ་བགྲང་བྱའི་འཕྲེང་བའི་ཁྲོད། །ངོ་མཚར་རྨད་བྱུང་རླབས་ཆེན་མཛད་པ་ཅན། །ཟབ་རྒྱས་གདམས་པའི་མཛོད་གྱུར་དགུ་དང་བཅས།།

༥༣ ཕྱོགས་དང་གསེར་རིའི་གྲངས་ལྡན་དེ་དག་གི། །བྱིན་རླབས་སྙིང་པོ་སེམས་རྒྱུད་ལ་ཞུགས་པས། །བདག་གཞན་བློ་སྣ་ཆོས་ལ་ཕྱོགས་པ་དང་། །ཚོགས་གཉིས་གསོག་ལ་བརྩོན་པར་བྱིན་གྱིས་རློབས།།

 

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

༥༤ འཇིག་རྟེན་སྤྱོད་མཐུན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པ་གཉིས་པོ་དེ། །ཆོས་རྣམས་ཀུན་གྱི་གནས་ཚུལ་ཡིན་ཞེས་པའི། །ཚུལ་འདིར་ཐུབ་པས་གསུངས་པའི་ཆོས་ཀུན་འདུས།།

 

༥༥ སྤྲོས་བཅས་མངོན་སུམ་བློ་ཡི་སྤྱོད་ཡུལ་མིན། །ཡེ་ཤེས་དམ་པས་གྲུབ་པ་དོན་དམ་དང་། །སྤྲོས་བཅས་བློ་ཡི་སྤྱོད་ཡུལ་ཇི་སྙེད་པ། །ཀུན་རྫོབ་བདེན་པར་མཁས་དབང་རྣམས་ཀྱིས་བཞེད།།

 

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

༥༦ ཇི་སྙེད་སྲིད་པའི་སྡུག་བསྔལ་གཞོམ་འདོད་པས། །དེ་རྒྱུ་ལས་དང་ཉོན་མོངས་ལེགས་ཤེས་ནས། །འཕགས་ལམ་རྒྱུད་ལ་བསྟེན་པས་མྱང་འདས་ལ། །རེག་པར་འགྱུར་བ་བདེན་པ་གསུང་དེའི་ལུགས།།

༥༧ བྱང་ཆེན་གོ་འཕང་མཐོན་པོར་བགྲོད་པའི་ལམ། །ངེས་འབྱུང་ས་གཞི་བྱམས་པའི་ཆུས་བྲན་ཞིང་། །སྙིང་རྗེའི་རྩ་བ་རབ་ཏུ་བརྟན་པ་ལས། །བྱང་སེམས་ལྗོན་འབྲས་སྨིན་པར་བྱིན་གྱིས་རློབས།།

 

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

༥༨ རྒྱ་ཆེན་ཕར་ཕྱིན་རྒྱུ་ཡི་ཐེག་པ་དང་། །ཟབ་མོ་གསང་སྔགས་འབྲས་བུའི་ཐེག་པ་གཉིས། །ཀུན་མཁྱེན་ཐོབ་ལ་མེད་མི་རུང་བའི་ཚུལ། །ཤེས་ནས་རིམ་གྱིས་སློབ་པར་བྱིན་གྱིས་རློབས།།

༥༩ དེ་ཡང་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ། །ཁྲིགས་ཚུད་གོ་བ་མེད་པར་ཡན་གར་བའི། །མན་ངག་ཙམ་གྱིས་ས་ཆོད་འབྱུང་དཀའ་བས། །བསྟན་པའི་གནད་ཀུན་ངེས་པར་བྱིན་གྱིས་རློབས།།

 

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག།།

༦༠ ཚུལ་ཁྲིམས་ལ་བརྟེན་ཏིང་འཛིན་ཤེས་རབ་ཀྱི། །བསླབ་གསུམ་བཤད་སྒྲུབ་བྱ་བས་ཉིན་མཚན་ཀུན། །འབད་པས་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཆེ། །ཕྱོགས་དུས་ཀུན་ཏུ་དལ་མེད་གཡོབ་གྱུར་ཅིག།།

 

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

 དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

༦༡ ངུར་སྨྲིག་འཆང་བའི་རབ་བྱུང་ཕོ་མོའི་གྲྭ། །སྤྲོས་རྒྱས་ཡོ་ལང་འདུ་འཛིར་མི་འཚུད་པར། །སྟབས་བདེ་བྱིན་ཆགས་དཔེ་ཟླ་འོས་པའི་རྒྱན། །བསྟན་པའི་དཔལ་དུ་ཡུན་རིང་འཕེལ་བར་སྨོན།།

 

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག།།

༦༢ དེ་སླད་འཕགས་མཆོག་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས། །གུར་ཀུམ་མདངས་མཛེས་ཆོས་གོས་གསོལ་བའི་ཞབས་རྡུལ་བསོད་ནམས་ནོར་བུའི་རྒྱན། །གཙུག་ཏུ་བཀོད་པའི་སྐལ་བཟང་ཐོབ་པ་བདག་ཅག་གངས་ཅན་འགྲོ་ཀུན་གྱི། །

དཔལ་དང་ཉེར་འཚོར་བསྐལ་བརྒྱར་བརྟན་པའི་ཐུགས་བསྐྱེད་བྱིན་ནུས་གཡོ་མེད་གསོལ།།

༦༣ གང་གི་ཟབ་བརླིང་གསུང་གསང་ནོར་བུའི་འོད། །འཚེར་བའི་ཁྲོད་དུ་རྡོ་དུམ་ཕལ་པ་ཞིག།།སྒྲིག་པ་བླུན་པོའི་རང་མདོག་ངོམ་པ་དང་། །མཁས་ཀུན་ཁྲེལ་བའི་རྒྱུ་ལས་མ་འདས་མོད།།

༦༤ རིང་ནས་གང་གི་རླབས་ཆེའི་མཛད་པའི་རླབས། །མཐའ་དག་བསྟན་འགྲོའི་གསོས་སུ་སྨིན་པ་དག།།ཡིད་མཚོའི་ཀློང་དུ་བསྐྱིལ་བའི་དགེ་སློང་ཞིག།།གང་གི་མཛད་པར་གུས་ཚུལ་མཚོན་ཙམ་ལགས།།

༦༥ སྡེབས་ལེགས་ཚིག་གི་སྲད་བུར་བརྒྱུས་པ་ཡི། །དོན་བཟང་ཨུཏྤལ་དཀར་པོའི་དོག་པ་འབུམ། །བསྟར་བའི་སྤེལ་མར་བསྟོད་པའི་དབྱངས་སྙན་པོ། །འཕགས་པའི་ཡུལ་དང་གངས་ཅན་ཞིང་དུ་གྲགས།།

༦༦ འདི་ན་ཡུལ་སྐད་ཚིགས་སུ་བཏུབ་པ་དག།།འཕགས་ཆེན་དམ་པའི་གསུང་གི་གྲལ་བསྟར་དུ། །སྤེལ་འདི་རང་གི་སྤྱི་བརྟོལ་སྟོན་པར་ཐལ། །འོན་ཀྱང་ཀུན་སློང་དག་པར་ནོངས་པ་མེད།།

༦༧ ལད་ཟློས་རྐྱང་པར་སོང་ཡང་ཅི་འཚལ་ཏེ། །དོན་བཟང་རྒྱལ་བའི་གསུང་ལ་འཁྲིལ་ཏེ་བརྗོད། །དེ་ནི་བདག་གཞན་ཁམས་གསུམ་འགྲོ་བ་ཀུན། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་བསྔོ།།

༦༨ ཕན་བཞེད་དེ་ཡི་བཀའ་ཡང་སྲིད་པའི་བར། །མ་རྟོགས་ལོག་རྟོག་རླུང་གིས་མི་གཡོ་ཞིང༌། །ལེགས་གསུང་ངང་ཚུལ་ཤེས་ནས་༸རྒྱལ་དབང་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།།

 

ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་ཅིང་སྤེལ་བའི་སྐྱེས་མཆོག་བདག་ཉིད་ཆེན་པོ་ཇི་སྙེད་ཅིག་འཛམ་གླིང་འདིར་བྱོན་པ་དེ་དག་ལས། ཕུལ་དུ་བྱུང་བའི་ལེགས་བཤད་ཀྱི་རྩོམ་པ་དེང་གི་ཆར་ཡང་འཆད་ཉན་སྒོམ་སྒྲུབ་ཀྱི་གཞི་མར་བཞུགས་བཞིན་པ་དབུ་ཕར་ཚད་གསུམ་མངོན་པ་བཅས་ཀྱི་གཞུང་མཛད་གསུམ་དང་འགྲེལ་མཛད་གསུམ། འདུལ་བའི་དགོངས་འགྲེལ་མཛད་པོ་གཉིས་བཅས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་སྟེང་དུ། དཔལ་ལྡན་སངས་རྒྱས་བསྐྱངས་ནས་བཟུང་སྟེ་ཟབ་རྒྱས་གདམས་པའི་བཀའ་སྲོལ་གྱི་ཆུ་བོ་གང་དུ་འདུས་པ་ཇོ་བོ་ཨ་ཏི་ཤ་ལ་ཐུག་གི་བར་དུ་སྐབས་དང་འབྲེལ་ཆེ་བ་དགུ་བཅས་ནཱ་ལེནྡྲའམ་ནཱ་ལནྡཱ་ཡི་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་བཞེངས་སྲོལ་གསར་གཏོད་དང་འབྲེལ། གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་མཚན་དུ་གསོལ་བ་སྲིད་ཞིའི་གཙུག་ནོར་གངས་ཅན་ལྷ་མིའི་དཔུང་གཉེན་གཅིག་པུ་བདག་གི་མཁན་རིན་པོ་ཆེ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་འཇིག་རྟེན་གསུམ་གྱི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥། བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༡ ཚེས་ ༡། ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡༥ ཉིན་མཛད་པ་དེ་ཉིད་ལ། སྔོན་གྱི་དམ་པ་རྣམས་ཀྱི་ཕྱག་སྲོལ་དུ་མཆིས་པ་བཞིན་ཁ་མིག་ཡར་ལྟའི་ཚུལ་དུ་སྤེལ་མར་བསྟོད་པའི་སྒོ་ནས་གསོལ་བ་འདེབས་ཤིང་བྱིན་རླབས་ཞུ་བ་མི་ཕྱེད་དད་པའི་གསང་གཏོར་ཞེས་པ་ཚིགས་བཅད་ ༦༨ ཅན་འདི་རང་ཉིད་སྐལ་པ་བཟང་པོའི་རྟེན་འབྲེལ་དང་དད་འདུན་སླར་གསོའི་དགོས་ཆེད་ཙམ་དུ་དམིགས་ཏེ་སྐུ་དྲུང་ཟུར་པ་འབྲས་སྤུངས་བློ་གླིང་ཏྲེ་ཧོར་རྡོ་བུམ་སྤྲུལ་སྐུའི་མིང་འཆང་བློ་བཟང་བསྟན་འཛིན་པས་ཡོངས་གྲགས་སྟོན་པའི་གཤེགས་ལོ་ ༢༥༦༤ བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་༢༥ སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ འཇམ་མགོན་ཙོང་ཁ་པ་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་པ། ཀུན་མཁྱེན་༸རྒྱལ་བའི་དབང་པོ་མཆོག་འཇིག་རྟེན་ཞི་བདེའི་འདྲེན་པར་མངའ་གསོལ་བའི་དུས་བཟང་ཁྱད་པར་ཅན་བཅས་ལེགས་འགྲིགས་ཀྱི་ཉིན་མོར་མངོན་དུ་ཕྱོགས་པའི་ཚེ་སོར་རྩེའི་འདུ་བྱེད་ཟིན་པར་བགྱིས་ལགས་སོ།།  །།

Leave a Reply

Your email address will not be published. Required fields are marked *