པཎ་གྲུབ་གསོལ་འདེབས་ཀྱི་འབྲུ་འགྲེལ།

༄༅། །དཔལ་ནཱ་ལེཎྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་འབྲུ་འགྲེལ་འཛམ་གླིང་ཐུབ་བསྟན་ཡོངས་ཀྱི་མཛེས་རྒྱན་ཞེས་བྱ་བ།

 

ཨ་ཚོགས་བསྟན་འཛིན་འཇམ་དབྱངས།

 

གཞན་ཕན་སྟོབས་ཀྱི་རྩལ་དགུ་ཡོངས་རྫོགས་ཤིང་། །

འཇིགས་བྲལ་རྟེན་འབྱུང་དབྱངས་ཀྱི་ང་རོ་ཡིས། །

ངན་སྨྲ་ཝ་སྐྱེས་ཁྱུ་ཚོགས་སྐྲག་མཛད་པའི། །

སྟོན་པ་ཟླ་མེད་ཐུབ་པའི་དབང་པོར་འདུད། །

གཏན་བདེ་སྟོབས་བཅུ་མངའ་བའི་རྒྱལ་ཐབས་ཁྲིར། །

གདོད་ནས་ཞབས་སེན་ནོར་བུ་བཀོད་བྱས་ཀྱང་། །

རྒྱལ་སྲས་ཚུལ་གྱིས་འགྲོ་བ་འདྲེན་མཛད་པ། །

འཇམ་དབྱངས་མི་ཕམ་ཞབས་ལ་གུས་ཕྱག་འཚལ། །

ཀུན་ཁྱབ་སྤྲོས་བྲལ་བདེ་སྟོང་སྒྱུ་མའི་གཟུགས། །

ན་ཆུང་མཆོག་མའི་ལང་ཚོར་ཟློས་པའི་གར། །

འདོད་རྒུའི་མཆོག་སྦྱིན་འཇོ་ལ་ཆེས་དཔའ་བའི། །

རྒྱལ་ཡུམ་ལྷ་མོ་གསུམ་གྱིས་རྣམ་ཀུན་སྐྱོངས། །

གང་གི་དམ་ཆོས་ཉི་མའི་གསེར་འཁོར་ཆེ། །

རབ་ཡངས་འཇིག་རྟེན་མཁའ་ལ་ལེགས་དྲངས་ཏེ། །

རྣམ་མང་སྐྱེ་དགུའི་གསོས་སུ་སྨིན་མཛད་པ། །

འཕགས་ཡུལ་པཎ་གྲུབ་རྣམས་ལ་སུ་མི་གུས། །

གསུམ་ལྡན་ངུར་སྨྲིག་གསེར་གྱི་ལྷུན་པོའི་ལྟོར། །

བྱམས་བརྩེ་ཉི་འོད་འཁྱུད་པའི་རོལ་རྩེད་ཀྱིས། །

འགྲོ་ཀུན་ཞི་བདེ་གླིང་དུ་འཁྲིད་མཛད་པ། །

རྒྱལ་མཆོག་ཕྱག་ན་པད་མོ་འགྲོ་བའི་མིག །

ཞེས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བའི་ཚིག་གིས་མདུན་བསུས་ཏེ་སྐབས་འདིར་བརྗོད་པར་བྱ་བ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོས་འཕྲལ་ཕུགས་ཀྱི་དགོས་འབྲེལ་དུ་མར་གཟིགས་ཏེ། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཀའ་རྩོམ་མཛད་པའི་དཔལ་ནཱ་ལེཎྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་ཚིག་དོན་ཆེས་ཤིན་ཏུ་གོ་སླ་བར་དགྲོལ་བ་ལ།

 

༡༽ རྟེན་འབྱུང་དང་སྟོང་ཉིད་ཀྱི་གཏམ་གྱིས་འགྲོ་བ་རྣམས་འཁོར་བ་ལས་སྐྱོབ་པར་མཛད་པའི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་ལ་ཐོག་མར་མཆོད་པར་བརྗོད་པ་ནི།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །

ཞེས་གསུངས་ཏེ། དོན་ནི། ཤིན་ཏུ་ཉམ་ཐག་པའི་འགྲོ་བ་རྣམས་ལ་གཅིག་ཏུ་ཕན་པ་བཞེད་པའི་བརྩེ་བ་ཐུགས་རྗེ་ཆེན་པོས་རབ་ཏུ་བསྐྱེད་ཅིང་བསྐྲུན་པའི་མཐར་ཐུག་པའི་རང་དོན་སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས། གཞན་དོན་སྒྲུབ་པའི་ཐབས་སྐྱོབ་འཕྲིན་ལས་ཕུན་ཚོགས་སོགས་བདེ་བླག་ཏུ་བརྙེས་པས་མངོན་པར་མཐོ་བའི་ལྷ་རྣམས་ཀྱིས་ཀྱང་མངོན་པར་མཆོད་པའི་ལྷ་རུ་གྱུར་ཅིག །ཆོས་ཀུན་རང་བཞིན་གྱིས་སྟོང་ཞིང་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སྐྱེ་འགྲོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གཏན་བདེ་ཐར་པའི་གླིང་དུ་ལེགས་པར་འདྲེན་པར་མཛད་པའི་བཅོམ་ལྡན་ཐུབ་པའི་དབང་པོ་སྨྲ་བའི་ཉི་མ་གང་དེའི་སྐུ་ཡི་དམའ་ཤོས་ཞབས་སེན་གྱི་པདྨོ་ལ་རྗེ་ཉིད་ཀྱི་ཡན་ལག་མཆོག་དབུ་ཡིས་ཕྱག་འཚལ་ལོ་ཞེས་པའོ། །

 

༢༽ མཐའ་བྲལ་དབུ་མའི་དགོངས་དོན་གསལ་བར་མཛད་པའི་སྒོ་ནས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས་པ་ནི།

རྒྱལ་ཡུམ་དགོངས་དོན་མཐའ༌བྲལ་དེ་ཉིད་དོན། །

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པའི་དགོངས་དོན་མཐའ་བརྒྱད་དང་བྲལ་བའི་ཟབ་མོ་དབུ་མའི་ལྟ་དེ་ཁོ་ན་ཉིད་ཀྱི་དོན་ཏེ། དབུ་མ་རིགས་ཚོགས་དྲུག་དང་ཆོས་དབྱིངས་བསྟོད་པ། ལྷག་པར་དུ་རྩ་བ་ཤེས་རབ་ཀྱི་སྐབས་སུ་དངོས་ཤུགས་བརྒྱུད་འབྲེལ་གྱི་སྒོ་ནས་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རྟགས་ཀྱིས་མཚོན་པའི་མཐའ་བཞི་སྐྱེ་འགོག་དང་མུ་བཞི་སྐྱེ་འགོག་སོགས་བདེན་གྲུབ་གྱི་ངོ་བོ་ཉིད་མེད་པར་སྒྲུབ་པའི་རིགས་ཚུལ་ཟབ་མོའི་རྣམ་གྲངས་མཐའ་ཡས་པས་ཆེས་ཤིན་ཏུ་གསལ་བར་མཛད་པའི་ངེས་དོན་གྱི་མཁས་པའི་དབང་པོ་སྟེ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་སོགས་རྒྱལ་བའི་ལུང་གིས་བསྟན་པ་བཞིན། སྟོན་པ་མྱ་ངན་ལས་འདས་ཏེ་མི་ལོ་བཞི་བརྒྱ་སོང་རྗེས་ཉན་ཐོས་སྡེ་པ་དར་ཆེ་བའི་དབང་གིས་ཐེག་ཆེན་གྱི་སྡེ་སྣོད་ནུབ་པ་ལྟ་བུར་གྱུར་ཏེ་རིང་ཞིག་ལོན་པའི་སྐབས་དེར། ཐེག་ཆེན་གྱི་བསྟན་པ་སྤྱི་དང་། སྒོས་སུ་ཆོས་ཐམས་ཅད་དོན་དམ་པར་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱང་། ཀུན་རྫོབ་ཐ་སྙད་སྒྱུ་མ་ཙམ་དུ་ཡོད་པའི་ཐེག་མཆོག་དབུ་མའི་གྲུབ་མཐའི་ལམ་སྲོལ་ས་ཡི་སྟེང་འདིར་ཐོག་མར་འབྱེད་པ་མཛད་པའི་ཤིང་རྟ་ཆེན་པོ། རྒྱལ་བའི་བསྟན་པ་ལ་སྐུ་དྲིན་སུ་རྗེས་སུ་དྲན་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༣༽ སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་སྲས་ཀྱི་ཐུ་བོ་རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས་པ་ནི།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་དེ་ཡི་ནང་ཐུགས་སྲས་ཀྱི་ཐུ་བོ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་སྤྱི་དང་། ལྷག་པར་ཐེག་པ་ཆེན་པོའི་སྡེ་སྣོད་ལ་མཁས་ཤིང་དེ་ཡི་དོན་རྩེ་གཅིག་ཏུ་ཉམས་སུ་བསྟར་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་འཕགས་མཆོག །ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་གང་ལ་གང་འཚམ་དུ་ཐེག་གསུམ་ཐར་པའི་གླིང་དུ་བགྲོད་པའི་ས་མཁན་ཉག་གཅིག སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་གསར་དུ་སྲོལ་གཏོད་གནང་བའི་དབུ་མའི་གཞུང་འཛིན་ཏེ་དབུ་མའི་ལམ་སྲོལ་འཛིན་པའི་མཁས་མཆོག་མང་དག་བྱོན་པ་རྣམས་ལས་ཀྱང་ཐལ་རང་ཕྱོགས་འཛིན་དབུ་མ་བ་ཀུན་གྱིས་སྤྱི་མོས་ཀྱིས་གཙུག་ཏུ་བཀུར་བའི་བསམ་འཕེལ་ནོར་བུ་དང་མཚུངས་པ་སྟེ། རྒྱལ་སྲས་ཆེན་པོ་འཕགས་པ་ལྷ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༤༽ འཕགས་པ་ཡབ་སྲས་ཀྱི་རྟེན་འབྱུང་མཐར་ཐུག་གི་དགོངས་དོན་མིང་རྐྱང་བཏགས་ཡོད་ཙམ་དུ་བཀྲལ་བའི་སྒོ་ནས་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ལ་གསོལ་བ་འདེབས་པ་ནི།

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། སློབ་དཔོན་ཆེན་མོ་འཕགས་པ་ཀླུ་སྒྲུབ་དང་ཨཱརྱ་དེ་ཝ་ཡབ་སྲས་གཉིས་ཀྱི་དགོངས་པ་རྟེན་འབྱུང་མཐར་ཐག་གི་དོན་ཏེ། གདགས་ཞི་དང་། ཆ་ཤས། རང་མཚན་ལ་ཚད་མར་སོང་བའི་བློ་གནོད་མེད་སོགས་ལ་ལྟོས་ནས་བཞག་པ་མ་ཡིན་པར་བཏགས་ཡོད་མིང་རྐྱང་ཙམ་ལ་བདེན་གཉིས་དང་། བདེན་བཞི། རྒྱུ་འབྲས། ས་ལམ་གྱི་རྣམ་བཞག་སོགས་འཇོག་ཐུབ་པའི་ཟབ་མོའི་གནས་ཀྱི་གནད་ཆེས་ཤིན་ཏུ་ཕྲ་བ་དག་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་མཛད་ནས་ཆེས་ཤིན་ཏུ་གསལ་བར་མཛད་ཅིང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་མན་ངག་དང་གསང་སྔགས་ལ་བརྟེན་ནས་སྐུ་ཚེ་དེར། ཟུང་འཇུག་གྲུབ་པ་མཆོག་གི་ས་ལ་ཉེ་བར་གཤེགས་པའི་ཕྱོགས་འཛིན་དབུ་མའི་ཤིང་རྟ་བ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྐུ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༥༽ ཆོས་རྣམས་བདེན་པར་མ་གྲུབ་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁར་ཆོས་ཅན་མཐུན་སྣང་བ་དང་ཕྱི་དོན་སོགས་བཞེད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེས་པའི་སྒོ་ནས་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས་པ་ནི།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། དངོས་པོའི་ཆོས་རྣམས་བདེན་པར་གྲུབ་པའི་སྐྱེ་བ་དང་འགག་པ། གནས་པ་སོགས་ཀྱི་རྟག་པའི་མཐའ་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་པས་ལེགས་པར་བཀག་ཅིང་། ཆོས་ཅན་འཛིན་པའི་ཚེ་སྔ་རྒོལ་ཐལ་འགྱུར་བ་དང་། ཕྱི་རྒོལ་རང་རྒྱུད་པ་རགཉིས་ཀས་ཚད་མ་ལ་མཐུན་པར་སྣང་བའི་ཆོས་ཅན་མཐུན་སྣང་བ་འདོད་པའི་ཐོག་རང་རིག་ཐ་སྙད་ཙམ་དུ་ཡང་ཁས་མི་ལེན་ཞིང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པར་བཞེད་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའི་ལམ་སྲོལ་ཡངས་པོ་ཐོག་མར་གསར་དུ་གཏོད་པར་མཛད་པའི་ཕྱོགས་འཛིན་དབུ་མའི་ཤིང་རྟ་བ། ཐ་སྙད་རིག་པ་དང་། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མཁྱེན་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའི་མ་ཧཱ་པཎྜི་ཏ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཅེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྐུ་དྲིན་རྗེས་སུ་དྲན་པའི་སྒོ་ས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པ་སྟེ། པཎྜི་ཏ་ནི། ལྔ་རིག་པ་སྟེ་རིག་པའི་གནས་ལྔར་མཁས་པ་ལའོ། །

 

༦༽ རྐྱེན་འདི་པ་ཙམ་ཉིད་ཀྱིས་མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ་གསལ་རྒྱས་སུ་གསུངས་པའི་སྒོ་ནས་སློབ་དཔོན་ཟླ་བ་གྲགས་པར་གསོལ་བ་འདེབས་པ་ནི།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། ཚིག་གསལ་ལས། རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་ཏུ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཡང་རིགས་པ་ཡིན་པའི་ཕྱིར་རོ། །རྐྱེན་ཉིད་འདི་པ་ཙམ་ཞིག་ཁས་བླངས་ན་ནི། རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་འགྱུར་བ་མ་ཡིན་ནོ། །ཞེས་དང་། དབུ་མ་འཇུག་པར། གང་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོགས་གསུངས་པ་ལྟར། ཆོས་རྣམས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་ཕྱི་ནང་གི་རྐྱེན་ཁོ་ན་འདི་པ་ཙམ་ཉིད་དུ་གྲུབ་པའི་རིགས་པའི་གསང་གནད་འདི་ཡིས། མཐའ་གཉིས་ཏེ་རྟག་མཐའ་དང་ཆད་མཐའ་གཉིས་དུས་གཅིག་ཅར་དུ་སེལ་ཞིང་བདེན་གཉིས་སྣང་སྟོང་ཟུང་འཇུག་པའི་ཟབ་མོ་དབུ་མའི་ལྟ་བའི་ཚུལ་ཆེས་ཤིན་ཏུ་གསལ་བར་མཛད་པས་མཚོན། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལུགས་བཞིན་ལེགས་པར་འདོམས་པ་ལ་མཁས་པའི་སྟོབས་རྩལ་ཀུན་ནས་རྫོགས་ཤིང་། མདོ་དང་སྔགས་ཏེ་བཀའ་སྡེ་སྣོད་གསུམ་དང་གསང་ཆེན་རྒྱུད་སྡེ་བཞིའི་ཟབ་གནད་མ་ལུས་པ་ཡོངས་སུ་ཚང་ཞིང་རྫོགས་པའི་ལམ་བཟང་ཤིན་ཏུ་རྒྱས་པར་མཛད་པའི་སློབ་དཔོན་བཀའ་དྲིན་ཅན་ཏེ་ཟླ་བ་གྲགས་པ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༧༽ སྙིང་རྗེ་ཆེན་པོའི་ལམ་བཟང་རིགས་ཚུལ་བརྒྱ་ཕྲག་གིས་སྐལ་བཟང་རྣམས་ལ་འདོམས་པར་མཛད་པའི་སྒོ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷར་གསོལ་བ་འདེབས་པ་ནི།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། ཇི་སྐད་དུ། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོ་ལྟ་བུར་གྱུར་པས་ཆེས་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་བྱུང་བའི་གཞན་དོན་འཁུར་འཁྱེར་གྱི་བརྩེ་བ་སྙིང་རྗེ་ཆེན་པོའི་ལམ་བཟང་དེ་ཉིད། སྤྱོད་འཇུག་དང་། བསླབ་བཏུས་གཉིས་མཛད་ནས་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་གཏན་ཚིགས་ཀྱི་རིགས་ཚུལ་རྣམ་གྲངས་ཆེས་མང་པོས། དཔྱོད་ལྡན་སྐལ་བ་བཟང་པོའི་གདུལ་བྱའི་ཚོགས་ཡོངས་ལ་ལེགས་པར་སྟོན་པ་ཤིན་ཏུ་མཁས་པ་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་བཀའ་དྲིན་ཅན་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༨༽ རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེས་པ་དང་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་དམ་ཆོས་ཐོག་མར་སྤེལ་བར་མཛད་པའི་སྒོ་ནས་མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས་པ་ནི།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། ཆེད་དུ་བྱ་བའི་གདུལ་བྱའི་ཁམས་དང་མོས་པ་བཞིན་རང་རིག་ཁས་ལེན་ཞིང་ཕྱི་དོན་མི་འདོད་པ་སྟེ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའམ། ཡང་ན། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས་རྫས་གཞན་གྱིས་སྟོང་པའི་གཉིས་སྟོང་དེ་ཁོ་ན་ཉིད་ཀྱི་དབུ་མའི་ལམ་སྲོལ་ཐོག་མར་གསར་གཏོད་གནང་བའི་ཐོག ཚད་ཆེན་དང་དབུ་མ་རྒྱན་སོགས་མཛད་ནས་དབུ་མ་དང་ཚད་མའི་ཟབ་གནད་ཆེ་བའི་རིགས་ཚུལ་གྱི་རྣམ་གྲངས་མང་པོ་ཞིག་ཕྲ་ཞིབ་ཀྱི་རིགས་ལམ་ནས་ལེགས་པར་འབྱེད་པ་ལ་ཤིན་ཏུ་མཁས་ཤིང་། འཇམ་དབྱངས་ཀྱི་རྣམ་སྤྲུལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལན་གྲངས་དུ་མར་དཀའ་སྤྱད་ཆེན་པོའི་སྒོ་ནས་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་སྤྱན་དྲངས་ཏེ་སད་མི་བདུན་ཐོག་མར་རབ་ཏུ་བྱུང་བ་སོགས་ཀྱིས་མཚོན་རྒྱལ་བའི་བསྟན་པ་དར་ཞིང་སྤེལ་བར་མཛད་པས། རང་རེའི་གངས་ཅན་པ་རྣམས་ལ་སྐུ་དྲིན་ལྷག་པར་ཆེ་བའི་མཁན་ཆེན་ཞི་བ་འཚོ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་ཐུགས་རྗེ་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༩༽ ཕྱིས་སུ་རྒྱ་ནག་ཧ་ཤང་གིས་མཁན་པོས་སྲོལ་བཙུགས་པའི་དབུ་མའི་བསྟན་པ་དྲི་མ་ཅན་དུ་བྱས་པར་ཡང་དག་རིགས་པས་དག་ཐེར་མཛད་པའི་ཚུལ་ལས་བརྩམས་ཏེ་སློབ་དཔོན་པདྨའི་ངང་ཚུལ་ལ་གསོལ་འདེབས་པ་ནི།

མཐའ༌བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། སློབ་དཔོན་ཞི་བ་འཚོས་ཐོག་མར་གསལ་གཏོད་མཛད་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་དང་ཉེ་བར་འབྲེལ་བའི་མཐའ་བྲལ་དབུ་མའི་ལྟ་བ་དང་། ཞི་གནས་དང་ལྷག་མཐོང་གཉིས་ཡ་མ་བྲལ་བར་ཟུང་དུ་འཇུག་པའི་ལམ་བཟང་སྒོམ་པའི་རིམ་པ་རྣམས་རྒྱལ་བའི་མདོ་དང་རྒྱུད་ཀྱི་དགོངས་པ་བཞིན་དུ་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མས་མ་སྦགས་པར་ལེགས་པར་བཀྲལ་ནས། དེ་སྔ་སློབ་དཔོན་ཞི་བ་སོགས་ཀྱིས་སྲོལ་གཏོད་ཡང་དག་པར་གནང་བའི་གངས་ལྗོངས་རྒྱལ་བའི་བསྟན་པ་ལ་ཕྱིས་སུ་རྒྱ་ནག་གི་ཧ་ཤང་ཞེས་བྱ་བའི་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་སོགས་བསྟན་ནས་རྒྱལ་བའི་བསྟན་པ་འཁྲུལ་བའི་དྲི་མ་ཅན་དུ་བསྒྱུར་ལ་ཉེ་བར་ཡང་དག་པའི་ལུང་རིགས་ཀྱི་སྒོ་ནས་འཁྲུལ་བའི་དྲི་མ་མཐའ་དག་དྲུངས་འབྱིན་ཞིང་ཡང་དག་པའི་གནས་ལུགས་གསལ་བར་མཛད་པ་སྟེ། གངས་ཅན་པ་རྣམས་ལ་སྐུ་དྲིན་ལྷག་པར་ཆེ་བའི་སློབ་དཔོན་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༠༽ རྒྱལ་བའི་ལུང་བསྟན་བཞིན་སེམས་ཙམ་པའི་ཤིང་རྟའི་སྲོལ་ཐོག་མར་ཕྱེས་པའི་ཚུལ་ལས་བརྩམས་ཏེ་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞབས་ལ་གསོལ་བ་འདེབས་པ་ནི།

བྱམས་པས་རྗེས་བཟུངས་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། །

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ལ་གོད་ཆག་ལན་གསུམ་བྱུང་བའི་དབང་གིས་སྤྱིར་རྒྱལ་པའི་བསྟན་པ་དང་། ལྷག་པར་ཐེག་པ་ཆེན་པོའི་བསྟན་པ་ཤིན་ཏུ་ཉམས་དམས་སུ་ཕྱིན་པའི་སྐབས་དེར། རྗེ་བཙུན་མི་ཕམ་མགོན་པོ་མི་ལོ་བཅུ་གཉིས་ཡུན་ལ་བསྒྲུབས་པའི་མཐར་རྗེ་བཙུན་བྱམས་པ་མགོན་པོས་རྗེས་སུ་བཟུང་སྟེ་དག་ཞིང་དགའ་ལྡན་དུ་ཁྲིད་ནས་ལྷའི་ཇ་ཡུན་གཅིག་ལ། ཐེག་ཆེན་གྱི་ཆོས་མང་དུ་གསན་ཏེ་སླར་འབྱོན་ཁར་འཛམ་བུ་གླིང་བའི་གདུལ་བྱ་རྣམས་ལ་རྗེ་བཙུན་གྱིས་སྐྱེས་སུ་བསྐུར་བར་གྲགས་པའི་བྱམས་ཆོས་སྡེ་ལྔ་བསྣམས་ཡོང་བ་དང་ཆབས་ཅིག སློབ་དཔོན་རང་ཉིད་ཀྱིས་ས་སྡེ་ལྔ་སོགས་མཛད་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ཀུན་མི་ཡུལ་གྱི་འཇིག་རྟེན་འདིའི་སྟེང་ལེགས་པར་སྤེལ་བ་ལ་མཁས་ཤིང་། ལྷག་པར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་སྟོན་པ་ལ་མཁས་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱ་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་བསྟན་པའི་ལུང་གིས་བསྟན་པ་ལྟར། གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་དང་། ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་བཤད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྟེ་རྣམ་རིག་སེམས་ཙམ་དུ་སྨྲ་བའི་ཤིང་རྟའི་སྲོལ་ཐོག་མར་གསར་དུ་འབྱེད་པར་མཛད་པའི་ཤིང་རྟ་བ་ཆེན་པོ། སངས་རྒྱས་ཀྱི་བསྟན་པ་ལ་སྐུ་དྲིན་ལྷག་པར་ཆེ་བའི་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཅེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

 

༡༡༽ བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ་བཅས་ཀྱི་གྲུབ་མཐའི་གནད་དག་མ་འདྲེས་པར་ཆེས་གསལ་བར་མཛད་པའི་སྒོ་ནས་སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་འདེབས་པ་ནི།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། ཆོས་མངོན་པ་སྡེ་བདུན་གྱི་རིང་ལུགས་དང་། གཉིས་སྟོང་གི་ལྟ་བ་སྟེ་གཟུང་འཛིན་གཉིས་རྫས་གཞན་གྱིས་སྟོང་པའི་དེ་ཁོ་ན་ཉིད་མཐར་ཐུག་པའི་ལྟ་བ་སྨྲ་བའི་སེམས་ཙམ་རྣམ་རིག་པའི་སྲོལ་རང་ལུགས་སུ་བཟུང་ནས། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། རྣམ་རིག་པའི་གྲུབ་མཐའ་བཅས་ཀྱི་བཞེད་པའི་དགོངས་མཐིལ་དང་། བར་ཁྱད། གསང་གནད་སོགས་ཉི་མ་ལྟར་ཆེས་ཤིན་ཏུ་གསལ་བར་མཛད་པས། འཛམ་བུ་གླིང་འདིར་ཀུན་མཁྱེན་གཉིས་པར་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྐུ་དྲིན་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པ་སྟེ། ཆོས་མངོན་པའི་སྡེ་བདུན་ནི། ཇི་སྐད་དུ། ཡེ་ཤེས་ལ་འཇུག་ཀ་ཏའི་བུས། རབ་ཏུ་བྱེད་པའི་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུམ་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་བོས་བྱས། །ཞེས་གསུངས་པ་ལྟར་རོ། །

 

༡༢༽ ནང་པའི་ཚད་མ་རིག་པའི་སྒོ་བརྒྱ་ལེགས་པར་ཕྱེས་པའི་ཚུལ་ལས་བརྩམས་ཏེ་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་གླང་པོ་ལ་གསོལ་བ་འདེབས་པ་ནི།

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཐུབ་པ་བཅོམ་ལྡན་འདས་ཀྱི་སྤོབས་པ་བཞི་ལྡན་གྱི་བཀའ་ཡི་གཞུང་ལུགས་རྣམས་ནི་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་དངོས་སྟོབས་རིགས་པས་ཕྲ་ཞིབ་ཀྱི་ལམ་ནས་སྟོན་པའི་ཕྱིར་དུ། ཐོག་མར་ཚད་མའི་རྣམ་བཞག་བརྒྱ་ཕྲག་ཅིག་བརྩམས། ཕྱིས་སུ་དེ་དག་གི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་དྲིལ་བར་བྱས་པའི་ཚད་མ་ཀུན་ལས་བཏུས་པ་མཛད་ནས། ནང་པའི་ཚད་མ་རིག་པའི་སྒོ་མོ་བརྒྱ་ཕྲག་ལེགས་པར་ཕྱེས་ཏེ་སྙིང་ནས་རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལ་ཐར་ལམ་གྱི་གནས་ལུགས་དངོས་རིགས་ལམ་ནས་གསལ་བར་མཐོང་བའི་རྣམ་དཔྱོད་ཀྱི་བློ་མིག་བརྩེ་བས་སྦྱིན་པར་མཛད་པའི་ཚད་མ་སྟེ། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༣༽ མདོ་སྡེ་བ་དང་སེམས་ཙམ་པའི་ཟབ་རྒྱས་ཀྱི་ལམ་ཀུན་ཚད་མའི་རིགས་ལམ་ནས་དྲངས་ཏེ་ཚུལ་བཞིན་འདོམས་པའི་སྒོ་ནས་རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས་པ་ནི།

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། གྲངས་ཅན་པའི་སློབ་དཔོན་གཞོན་ནུ་མ་ལེན་ལས་ཕྱི་རོལ་པའི་རྟོག་གེ་རིག་པ་དང་། ཕྱོགས་ཀྱི་གླང་པོའི་དངོས་སློབ་སློབ་དཔོན་དབང་ཕྱུག་སྡེ་ལས་ནང་པའི་ཚད་མའི་སྐོར་གསན་པས་ཕྱི་ནང་གི་གཏན་ཚིགས་རིག་པའི་གཞུང་ལུགས་ཀྱི་ཤིན་ཏུ་ཕྲ་བའི་རིགས་པའི་གསང་གནད་ཀུན་ལེགས་པར་དགོངས་པ་སྟེ་ལྷག་ལུས་མེད་པར་ཐུགས་སུ་ཆུད་པར་མཛད་ཅིང་། ཕྱོགས་ཀྱི་གླང་པོའི་ཚད་མ་མདོའི་ཕྲ་ཞིབ་ཀྱི་དགོངས་དོན་ཁག་ཆེས་ཤིན་ཏུ་གསལ་བར་དགྲོལ་ཕྱིར་ཚད་མ་སྡེ་བདུན་སོགས་མཛད་ནས་མདོ་སྡེ་བ་དང་སེམས་ཙམ་པ་གཉིས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཀུན་ཚད་མའི་རིགས་ལམ་ནས་དྲངས་ཏེ་རྣམ་དཔྱོད་ཅན་ལ་ངེས་ཤེས་སྟེར་བར་མཛད་པར་མ་ཟད། དེས་མཚོན་པའི་རྨད་དུ་བྱུང་བའི་ཆོས་ཚུལ་མཐའ་དག་ཚུལ་བཞིན་འདོམས་པ་ལ་ལྷག་པར་མཁས་པ་སྟེ། རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་ཀྱི་གྲགས་པ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༤༽ ཐོགས་མེད་སྐུ་མཆེད་ལས་འོངས་པའི་ཤེར་ཕྱིན་གྱི་དོན་ནི་མཐའ་བྲལ་དབུ་མ་བའི་སྲོལ་བཞིན་དུ་རྒྱན་གྱི་དགོངས་པ་འགྲེལ་བར་མཛད་པའི་འཕགས་པ་གྲོལ་སྡེ་ཞབས་ལ་གསོལ་བ་འདེབས་པ་ནི།

ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །

ཡོད་མེད་མཐའ༌བྲལ་དབུ་མའི་སྲོལ་བཞིན་དུ། །

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། སེམས་ཙམ་རྣམ་རིག་པའི་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིན་གཉེན་གཉིས་ལས་བརྒྱུད་ཅིང་འོངས་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་དགོངས་དོན་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་གསར་གཏོད་མཛད་པའི་ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་སྲོལ་ཏེ་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་ཀྱང་། འཇིག་རྟེན་ཐ་སྙད་ཙམ་དུ་གྲུབ་པའི་སྲོལ་ཀ་བཞིན་དུ། ཉིས་ཁྲི་སྣང་བ་སོགས་མཛད་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་དོན་གསལ་འགྲེལ་གྱི་སྣང་བའི་སྒྲོན་མེ་སྦར་བར་མཛད་པ་སྟེ། འཕགས་པ་གྲོལ་སྡེ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༥༽ ཡུམ་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དགོངས་དོན་འབྱེད་པ་ལ་རྒྱལ་བ་མི་ཕམ་མགོན་པོའི་ལུང་བསྟན་ཐོབ་པའི་སྒོ་ནས་སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས་པ་ནི།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། མདོ་ལས། རབ་དང་། ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་ལྟ་བུར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ཉིད་དེ། ཞེས་བསྔགས་པ་ལྟར། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དགོངས་དོན་འབྱེད་པ་ལ། རྒྱལ་བ་མི་ཕམ་མགོན་པོའི་ལུང་བསྟན་ཐོབ་པ་བཞིན་དུ། རྗེ་བཙུན་མི་ཕམ་མགོན་པོའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་ཇི་ལྟ་བ་བཞིན་དུ་ཡུམ་གསུམ་སྟེ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཞུང་མཆོག་དེ་ཡི་དགོངས་མཐིལ་ཤིན་ཏུ་གསལ་བར་མཛད་པའི་(འགྲེལ་བ་དོན་གསལ་དང་། བརྒྱད་སྟོང་འགྲེལ་ཆེན། ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ། ཤེར་ཕྱིན་སྒོམ་པ། སྡུད་པའི་འགྲེལ་བ་རྟོགས་སླ།)མཁས་པའི་དབང་པོ་སྟེ། སློབ་དཔོན་སེང་གེ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༦༽ འདུལ་བ་འབུམ་སྡེ་དགེ་གི་དགོངས་བཅུད་ལེགས་པར་བསྡུས་ནས་འདོམས་པར་མཛད་པའི་སྒོ་ནས་སློབ་དཔོན་ཡོན་ཏན་འོད་ལ་གསོལ་བ་འདེབས་པ་ནི།

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆེད་དུ་བྱ་བ་རབ་ཏུ་བྱུང་བ་རྣམས་ལ་ཁྲིམས་སུ་བཅའ་བའི་སླད་དུ་སྔ་རྗེས་སུ་བཀའ་བསྩལ་བའི་འདུལ་བ་འབུམ་སྡེ་དག་པའི་དགོངས་བཅུད་ཀྱི་སྙིང་དོན་རྣམས་ལེགས་པར་བསྡུས་ནས། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་གསེས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་བཞིན་སོ་སོ་ཐར་བའི་མདོ་སོགས་མཛད་དེ། གནང་བཀག་དང་། སྤྱིར་བཏང་དམིགས་བསལ་གྱི་བར་ཁྱད་སོགས་ཕྲ་ཞིབ་ཀྱི་ལམ་ནས་མ་འདྲེས་མ་ནོར་བར་ལེགས་པར་འདོམས་པ་ལ་མཁས་ཤིང་། འདུལ་བ་ནས་བཤད་པའི་བརྟན་པ་དང་མཁས་པའི་ཡོན་ཏན་མཆོག་དང་ལྡན་པས་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་སྟེ། སློབ་དཔོན་ཡོན་ཏན་འོད་ཅེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༧༽ རྒྱལ་བའི་བསྟན་པ་རིང་དུ་སྤེལ་བའི་སླད་དུ་རྒྱ་ཆེན་འདུལ་བའི་གཞུང་དོན་ལེགས་པར་བཀྲལ་བའི་སྒོ་ནས་སློབ་དཔོན་ཤཱཀྱ་འོད་ལ་གསོལ་བ་འདེབས་པ་ནི།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་གྱི་ཡོན་ཏན་ནོར་བུའི་བང་མཛོད་ལ་མངའ་དབང་བསྒྱུར་ཞིང་། དེ་ལས་ཀྱང་སོ་ཐར་འདུལ་བའི་བསྟན་པ་ལ་ནི་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མ་སོགས་མེད་པར་འཇིག་རྟེན་གྱི་ཁམས་འདིར་མི་ནུབ་མི་ཉམས་པར་རིང་དུ་སྤེལ་བའི་སླད་དུ། རྒྱ་ཆེན་འདུལ་བ་འབུམ་སྡེ་དག་གི་གཞུང་ལུགས་ཀྱི་དགོངས་དོན་མཐའ་དག་སྟོན་པ་རང་ཉིད་ཀྱི་དགོངས་པ་བཞིན་དུ་ལེགས་པར་བཀྲལ་བའི་མཁས་པའི་དབང་པོ། སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གསེར་རིའི་ཕྲེང་བའི་དབུས་སུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་འདུལ་བ་འཛིན་པ་མཆོག་སྟེ། སློབ་དཔོན་ཤཱཀྱ་འོད་ཅེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༨༽ ཐེག་པ་ཆེ་ཆུང་གི་བཀའ་སྲོལ་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་གངས་ལྗོངས་ཐུབ་པའི་བསྟན་པ་རྒྱས་པར་མཛད་པའི་སྒོ་ནས་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་འདེབས་པ་ནི།

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཞེས་གསུངས་ཏེ། དོན་ནི། འོ་སྐོལ་གྱི་རྣམ་འདྲེན་དམ་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུང་བའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་བཀའ་སྲོལ་མ་ལུས་པ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ལེགས་པར་འདོམས་པར་མཛད་པའི་སྒོ་ནས། ཤིན་ཏུ་ཉམས་དམས་སུ་གྱུར་པའི་གངས་ལྗོངས་ཐུབ་པའི་བསྟན་པ་དར་ཞིང་སྤེལ་བར་མཛད་པའི་བཀའ་དྲིན་ལྷག་པར་ཆེ་བའི་རྗེ་བཙུན་བླ་མ་སྟེ། དཔལ་ལྡན་ཇོ་བོ་ཨ་ཏི་ཤེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་སྐུ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་ཕྱག་འཚལ་ལོ་ཞེས་པའོ། །

 

༡༩༽ དེ་ལྟར་འཛམ་གླིང་ཐུབ་བསྟན་མཛེས་པའི་རྒྱན་གྱུར་མཁས་མཆོག་དེ་རྣམས་ལ་མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བ་བཏབ་པའི་མཐུས་རྗེ་ཉིད་ལྟོས་བཅས་ཀྱི་ཤེས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབས་པར་བསྐུལ་ཞིང་སྨོན་པ་ནི།

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། དོན་ནི། དེ་ལྟར་འཛམ་གླིང་ཐུབ་པའི་བསྟན་པ་མཛེས་བྱེད་ཀྱི་རྒྱན་དུ་གྱུར་ཅིང་མཁས་པའི་ཕུལ་དུ་བྱུང་བ། ཤིན་ཏུ་ངོ་མཚར་ཞིང་རྨད་དུ་བྱུང་བའི་ལེགས་པར་བཤད་པའི་གཏམ་གྱི་འབྱུང་གནས་སུ་གྱུར་པའི་དམ་པའི་སྐྱེས་བུ་མཆོག་དེ་རྣམས་ལ། རྗེ་ཉིད་ཀྱིས་མི་ཕྱེད་དང་བའི་དད་པའི་ཡིད་ཀྱིས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་ཡི་མཐུས། རྗེ་ཉིད་ཀྱིས་མཚོན་པའི་ལྟོས་བཅས་འགྲོ་བ་ཡོངས་ཀྱི་ཤེས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །

 

༢༠༽ ཚད་མས་དྲངས་པའི་སྐྱབས་ཡུལ་རྣམ་པ་གསུམ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་པའི་སྒོ་ནས་ཐར་ལམ་གྱི་རྩ་བ་ཚུགས་པར་བྱིན་གྱིས་བརླབ་པར་བསྐུལ་ཞིང་སྨོན་པ་ནི།

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། དོན་ནི། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང་། སེམས་འགྲེལ་དུ། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །ཞེས་སོགས་གསུངས་པ་ལྟར། ཤེས་བྱ་གཞི་ཡི་གནས་ཚུལ་ལ་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་སྟེ། བདེན་པ་གཉིས་སུ་ཇི་ལྟར་དབྱེ་བའི་དོན་སོགས་ལེགས་པར་ཤེས་པས། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པ་བདེན་པ། ལམ་གྱི་བདེན་པ་སྟེ་བདེན་པ་བཞི་ལས་བརྩམས་པའི་ཀུན་འབྱུང་འཁོར་བའི་འཇུག་ལྡོག་གི་རིམ་པ་རྣམས་ཀྱང་ཇི་བཞིན་དུ་ངེས་པ་རྙེད་པར་འགྱུར་བ་དང་། རྐྱེན་དེ་ལས་དངོས་སྟོབས་ཀྱི་ཚད་མས་དྲངས་པའི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་སྟེ་སྐྱབས་ཡུལ་རྣམ་པ་གསུམ་ལ་སུས་ཀྱང་བསྒྱུར་དུ་མེད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་པའི་སྒོ་ནས་རྣམ་བྱང་ཐར་པར་བགྲོད་པའི་ལམ་གྱི་རྩ་བ་ཚུགས་པར་བྱིན་གྱིས་རློགས་ཤིག་ཅེས་པའོ། །

 

༢༡༽ ངེས་པར་འབྱུང་བའི་བློ་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མྱུར་བར་འབྱོངས་པར་བྱིན་གྱིས་བརླབ་པར་བསྐུལ་ཞིང་སྨོན་པ་ནི།

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། དོན་ནི། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་སྟེ་སྡུག་ཀུན་གཉིས་ཉེ་བར་ཞི་བའི་ཐར་པ་དོན་དུ་གཉེར་བའི་ངེས་པར་འབྱུང་བའི་བློ་དང་། མ་རྒན་འགྲོ་བ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གཅིག་ཏུ་སྐྱོབ་པར་འདོད་པའི་ཕྱོགས་མཐས་གཏུགས་པ་སྟེ་ཕྱོགས་མཐས་ཁྱབ་གར་ཁྱབ་ཀྱི་རིས་སུ་མ་ཆད་པའི་སྐྱེ་འགྲོ་སེམས་ཅན་མཐའ་དག་ལ་ཁྱབ་པའི་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ཆེན་པོའི་རྩ་བ་ལ་བརྟེན་པ་ཅན་ཏེ། བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མྱུར་བ་མྱུར་དུ་འབྱོངས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །

 

༢༢༽ གོང་དུ་སྨོས་པའི་དཔོན་སློབ་དེ་དག་གི་གཞུང་ལ་ཐོས་བསམ་སྒོམ་པས་ཕ་རོལ་དུ་ཕྱིན་པ་དང་། ལྷག་པར་རྡོ་རྗེ་ཐེག་པའི་ཟབ་གནད་ཀུན་ལ་ངེས་པ་བདེ་བླག་ཏུ་རྙེད་པར་བྱིན་གྱིས་བརླབ་པར་བསྐུལ་ཞིང་སྨོན་པ་ནི།

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

ཞེས་གསུངས་ཏེ། དོན་ནི། ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱིས་གཙོ་བའི་རྗེས་འབྲང་གི་སློབ་དཔོན་དམ་པ་དེ་རྣམས་ཀྱིས་མཛད་པའི་གཞུང་ལུགས་ཀྱི་དགོངས་དོན་རྒྱ་མཚོ་རྣམས་ལ། གུས་རྟག་གི་སྦྱོར་བས་རྩེ་གཅིག་ཏུ་ཐོས་པ་དང་། བསམ་པ་དང་། སྒོམ་པས་ཕ་རོལ་དུ་ཕྱིན་པ་དང་། ལྷག་པར་དུའང་། ཇི་སྐད་དུ། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །ཅེས་གསུངས་པ་ལྟར། གསུང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་། སྒོས་སུ་སྔགས་བླ་ན་མེད་པའི་ཟབ་གནད་ཀྱི་ལམ་ཀུན་ལ་ངེས་པ་བདེ་བླག་ཏུ་རྙེད་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །

 

༢༣༽ ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་རྣམས་དང་མཚུངས་པར་རྒྱལ་བའི་བསྟན་པ་ལ་རྒྱ་ཆེ་བའི་བྱ་བ་བྱེད་ནུས་པར་སྨོན་པ་ནི།

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང༌། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

ཞེས་གསུངས་ཏེ། དོན་ནི། དུས་འདི་ནས་བཟུང་སྟེ་སླར་ཡང་འཁོར་བར་སྐྱེ་ཞིང་སྐྱེ་བའི་བར་དུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་གྱིས་ཡོངས་སུ་མཛེས་པའི་རྟེན་བཟང་ལེས་པར་ཐོབ་ཅིང་། བཤད་པ་དང་སྒྲུབ་པས་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་ཅིང་སྤེལ་བ་ལ། གོང་དུ་སྨོས་པའི་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་མཚོན་པའི་ཤིང་རྟ་ཆེན་པོ་རྣམས་དང་ཡོངས་སུ་མཚུངས་པར་ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་ལ་རླབས་ཆེ་བྱ་བ་བྱེད་པར་ཤོག་ཅིག་ཅེས་པའོ། །

 

༢༤༽ གྲྭ་བཙུན་འདུས་པའི་སྡེ་རྣམས་སུ་ཐོས་བསམ་བཤད་སྒྲུབ་ཀྱིས་དུས་འདའ་ཞིང་། ལོག་འཚོ་ཡོངས་སུ་སྤངས་པའི་མཁས་གྲུབ་དམ་པ་རབ་ཏུ་འཕེལ་བས་ས་ཆེན་འདི་ཡོངས་སུ་མཛེས་པར་སྨོན་པ་ནི།

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

ཞེས་གསུངས་ཏེ། དོན་ནི། ཇི་སྐད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བཤད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་དགོས་པར་གསུངས་པ་ལྟར། རབ་བྱུང་བཙུན་པ་རྣམས་འདུས་པའི་སྡེ་རྣམས་སུ་རྒྱལ་བའི་ལུང་གི་བསྟན་པར་རྣམ་པ་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ཀྱི་བྱ་བའི་སྒོ་ནས་དུས་འདའ་ཞིང་། ཚུལ་འཆོས་དང་། ཁ་གསག གཞོགས་སློང་། ཐོབ་ཀྱིས་འཇལ་བ། རྙེད་པས་རྙེད་པ་འདོད་པ་སྟེ་ལོག་པའི་འཚོ་བ་མཐའ་དག་ཡོངས་སུ་སྤངས་པའི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རབ་ཏུ་འཕེལ་ཞིང་རྒྱས་པས། ཡངས་ཤིང་རྒྱ་ཆེ་བའི་འཛམ་གླི་གི་ས་ཆེན་པོ་འདི་ཉིད་དུས་རྟག་ཏུ་མཛེས་གྱུར་ཅིག་ཅེས་པའོ། །

 

༢༥༽ འདི་ལྟར་སྨོས་པའི་མཐུས་མདོ་སྔགས་ཀྱི་ས་ལམ་རིམ་པར་བགྲོད་དེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་ནས་ནམ་མཁའ་གནས་པ་དེ་སྲིད་དུ་འགྲོ་བའི་དོན་བྱེད་པར་སྨོན་པ་དང་བཅས་མཇུག་བསྡུས་པ་ནི།

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

ཞེས་གསུངས་ཏེ། དོན་ནི། འདི་ལྟར་སྨོས་པ་དེའི་མཐུ་ཡིས་ནི་སྡེ་སྣོད་གསུམ་དང་གསུང་ཆེན་རྒྱུད་སྡེ་བཞི་སོགས་མདོ་སྔགས་གཉིས་ཡོངས་སུ་རྫོགས་པ་ས་ལམ་གྱི་རིམ་པ་དག་མཐར་གྱི་བགྲོད་དེ། རང་དོན་དང་གཞན་དོན་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་ཐོབ་པར་གྱུར་ནས། སྤྱོད་འཇུག་ལས། ནམ་མཁའ་ཇི་སྲིད་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ཏེ། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པ་ལྟར། ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ་རྗེ་ཉིད་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་གནས་པར་གྱུར་ཏེ་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བཟང་བྱེད་པར་ཤོག་ཅིག་ཅེས་པའོ། །

 

བཀའ་རྩོམ་འདི་མཛད་དགོས་པའི་དགོས་པ་རྒྱུ་མཚན་སོགས་གསུངས་པའི་སྒོ་ནས་མཇུག་བསྡུས་པ་ནི།

ཅེས་པ་འདི་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས་དང་། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང༌བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེཎྜའི་པཎ་གྲུབ་བཅུ་བདུན་གྱི༌བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་བསྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོངས་ཁོངས། རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག་ཅེས་གསུངས་པ་ལྟར་གོ་སླའོ། །

 

སྨྲས་པ།

འཆད་རྩོད་རྩོམ་དང་མཁས་བཙུན་བཟང་གསུམ་གྱིས། །

ཕན་བདེ་འབྱུང་གནས་རྒྱལ་བསྟན་ནོར་བུའི་གདུགས། །

ལྷོ་གླིང་འཛིན་མའི་མཁའ་རུ་འདེགས་མཁས་པ། །

འཕགས་ཡུལ་པཎ་གྲུབ་སྐུ་དྲིན་དེང་འདིར་དྲན། །

 

རླབས་ཆེའི་བཀའ་དྲིན་ལྷུན་པོ་ལས་ལྕིང་ཞིང་། །

མཛད་འཕྲིན་ཕ་མཐའ་བྲལ་བ་དེ་དག་གི །

མངོན་བསྟོད་རྗེས་དྲན་གསོལ་འདེབས་གཡས་འཁྱིལ་དུང་། །

བུས་པའི་གདངས་དབྱངས་ཤིན་ཏུ་དོན་ཡོད་ཉིད། །

 

རྒྱལ་བསྟན་རིན་ཆེན་གསེར་གྱི་ཁྲི་སྟེགས་ངོས། །

རབ་འཁྱུད་ཟླ་ཤེལ་འཛུམ་པའི་རྐང་རིས་ནི། །

དུས་སྙིགས་རྒུད་པའི་རླུང་གིས་མ་བསུབས་པར། །

དཔྱོད་ལྡན་མིག་སྟོང་ཅན་གྱིས་ལྟད་མོར་སྦྲུམ། །

 

མཁས་ཤིང་གྲུབ་བརྙེས་པཎ་གྲུབ་འདི་རྣམས་ལས། །

ལྷག་པའི་བསྟན་འཛིན་དམ་པ་གཞན་མེད་ཅེས། །

གནམ་ས་རལ་བའི་འབྲུག་སྒྲའི་ཟོལ་གྱིས་ནི། །

གངས་ལྗོངས་ར་བའི་ཁོང་ན་ཅི་ཡང་ལྡིར། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༢ ཚེས་ ༡༠ ཉིན་མཇུག་རྫོགས།

 

 

Leave a Reply

Your email address will not be published. Required fields are marked *