ནཱ་ལེནྡྲའི་མཁན་པོ་པཎྜི་ཏ་མན་ཛ་གླིང་པ། (བལ་པོ།)

པཎྜི་ཏ་མན་ཛ་གླིང་པ།

 

༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་ཟབ་ལམ་བླ་མའི་རྣལ་འབྱོར་མ་དྲོས་ཆུ་ཀླུང་ལས[1]

རྗེ་བཙུན་སྒྲོལ་མ་སིངྷ་ནཱ་ད་དང་། །སློབ་དཔོན་ཙནྡྲ་གོ་མི་སློབ་མར་བཅས། །

ཨ་ཐུ་ལ་དྷ་མན་ཛ་གླིང་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཞེས་གསོལ་བ་འདེབས་ཡུལ་པཎ་ཆེན་མན་ཛ་[2]གླིང་པ་ནི། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྭ་ཆེན་རྡོ་རྗེ་གྲགས་ཀྱི་སློབ་དཔོན་གཙོ་བོ་སྟེ། རྭ་ཡེ་ཤེས་སེངྒེས་ (དུས་རབས་12པ།) མཛད་པའི་རྗེ་བཙུན་རྭ་ལོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་ལས[3]

བདག་རྭའི་བན་ཆུང་རྡོར་གྲགས་ངས། །ལྷོ་བལ་ཕྱོགས་སུ་ལན་གཉིས་བྱོན། །

རྗེ་ཕམ་ཐིང་པ་དང་ཕྱག་ན་སོགས། །སྤྱིར་ཆོས་འབྲེལ་ཐོབ་པའི་བླ་མ་མང་། །

སྒོས་ནཱ་ལེནྡྲའི་གཙུག་ལག་ཏུ། །དཔལ་མན་ཛ་གླིང་ལས་བསྙེན་པར་རྫོགས། །

སྔོན་བྱོན་མཁས་གྲུབ་རྣམས་ཀྱང་མཇལ། །ཆོས་མདོ་སྔགས་འདུལ་བ་སྣ་ཚོགས་ཞུས། །

ཞེས་གསུངས་ལ། དེ་བཞིན་རྣམ་ཐར་དེ་ཉིད་ལས་[4]ཀྱང་། དེ་ནས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་སྔ་དྲོ་དཔལ་ལྡན་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎ་ཆེན་མེན་ཛ་གླིང་པས་མཁན་པོ་དང་། མངའ་བདག་མཻ་ཏྲི་པས་སློབ་དཔོན་མཛད་དེ། པཎྜི་ཏ་བརྒྱད་ཅུ་རྩ་བཞིའི་དབུས་སུ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་བཞེས་ཏེ། མཚན་ཤྲཱི་བཛྲ་ཀིརྟི་སྟེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། དེའི་ཚེ་ས་ལན་གསུམ་དུ་གཡོས། རོལ་མོ་ཐམས་ཅད་མ་དཀྲོལ་བར་རང་འཁྲོལ། མེ་ཏོག་གི་ཆར་ཁ་བ་ལྟར་བབས་པས། ཕྱོགས་དེའི་རྒྱལ་པོ་དང་། པཎྜི་ཏ་དང༌། རྣལ་འབྱོར་པ་དང༌། ཁྱིམ་བདག་ཐམས་ཅད་ཆེས་ངོ་མཚར་དུ་གྱུར་ཏེ། མཧཱ་གུ་རུ་ཡོན་ཏན་ཕ་ལ་ཕ་ལ་ཟེར་ཞིང་དད་པར་གྱུར། མཁན་པོས་ཀྱང་ལེགས་སོ་དང་བསྔགས་པ་མཛད། དེར་རྭ་ལོ་ཆེན་པོས་མཁན་པོའི་དྲུང་དུ་ཚད་མ་སྡེ་བདུན་དང༌། བྱམས་པའི་ཆོས་ལྔ་དང་མདོ་སྡེ་དང་། མངོན་པའི་གཞུང་ལུགས་ལ་སོགས་པ་མང་དུ་གསན། སློབ་དཔོན་ཤནྟི་པ་ལ་འདུལ་བ་ལུང་སྡེ་བཞི་དང༌། ལུང་ཕྲན་ཚེགས་དང༌། གཞུང་བླ་མ་ལ་སོགས་པའི་འདུལ་བ་མཐའ་དག་གསན། རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་ལ་དབུ་མའི་སྐོར་མང་དུ་གསན་ཏེ་ཐམས་ཅད་ཀྱང་ལན་རེས་ཐུགས་སུ་ཆུད་པས་མཚན་ཤེས་རབ་ཟླ་མེད་ཅེས་བྱ་བར་ཐོགས། ཞེས་རྭ་ལོ་རྡོ་རྗེ་གྲགས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་པཎྜི་ཏ་མན་ཛ་གླིང་པའི་དྲུང་ནས་དགེ་ཚུལ་སློང་གི་བསླབ་སྡོམ་བཞེས་ཚུལ་གསལ་བས། རྭ་ལོའི་སྐུ་དུས་ཀྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་ནི་པཎ་ཆེན་མན་ཛ་གླིང་པ་ཡིན་པར་གསལ་ལོ།།

གཞན་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597–1659) ཀྱིས་མཛད་པའི་དཔལ་གཤིན་རྗེ་གཤེད་སྐོར་གྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་འཇམ་དཔལ་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[5]། ཡང་འཇིགས་བྱེད་ཀྱི་ལུགས་སྲོལ་རྣམས་ཀྱི་ནང་ནས་གྲགས་ཆེ་ཞིང་དར་རྒྱས་ཆེ་བར་བཞུགས་པའི་རྭ་ལུགས་ཞེས་གྲགས་པ་འདི་ནི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་རྒྱ་བལ་དུ་བྱོན་ཏེ། བལ་པོ་བྷ་རོ་ཕྱག་རྡུམ་དང་། བལ་ཡུལ་མན་ཛ་གླིང་པ་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང་གཉིས་ལ་སོ་སོར་གསན་ནས་དར་བ་ལ་རྭ་ལུགས་ཞེས་གྲགས་པ་འདི་ཡིན་ཏེ། ཞེས་གསལ་བ་ལྟར། ལ་ལར་བལ་པོ་ཐུགས་རྗེ་ཆེན་པོ་ནི་བྷ་རོ་ཕྱག་རྡུམ་གྱི་མཚན་གྱི་རྣམ་གྲངས་ཡིན་ཚུལ་དང་། འགའ་ཞིག་ཏུ་པཎྜི་ཏ་མན་ཛ་གླིང་པ་དང་ཐུགས་རྗེ་ཆེན་པོ་གཉིས་གང་ཟག་ཡིན་པར་གསལ་ནའང་། བྷ་རོ་ཕྱག་རྡུམ་དང་། མན་ཛ་གླིང་པ་གཉིས་མཚན་གྱི་རྣམ་གྲངས་དང་གང་ཟག་གཅིག་ཡིན་བཟོ་མི་སྣང་བས་དཔྱད་གཞི་ཆེ།

དེ་ཡང་བལ་པོ་ཐུགས་རྗེ་ཆེན་པོའི་རྣམ་ཐར་ནི། འཇིགས་བྱེད་ཆོས་འབྱུང་དེ་ཉིད་ལས[6]། དེ་ལྟར་མགོན་པོ་འཇམ་པའི་དབྱངས་ནས་སངས་རྒྱས་ཡེ་ཤེས་ཞབས་སོགས་ལ་བརྒྱུད་པ་ནཱ་རོ་ཏ་པ་ལ་བབས་པ་དང་། ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནས་ཏེ་ལོ་པ། དེས་གྲུབ་ཆེན་ནཱ་རོ་པ་ལ་བབས་པ་སྟེ། བརྒྱུད་པའི་ཆུ་བོ་གཉིས་འདུས་ཀྱི་གྲུབ་ཆེན་པྲཛྙཱ་རཀྵི་ཏས་རྗེས་སུ་བཟུང་བའི་བལ་པོ་ཐུགས་རྗེ་ཆེན་པོ་ཞེས་བྱ་བ་དེ་ཡང་འཁྲུངས་ཡུལ་བལ་པོ་མན་ཛ་གླིང་པ། ཡབ་སྒྲ་དང་ཚད་མ་ལ་མཁས་ཤིང་། ཁྱད་པར་གསོ་བ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་གི་སྲས། ཆུང་ངུ་ནས་སྒྲ་ཚད་ལ་བློ་སྦྱོང་དུ་བཅུག་པས་མཁས་པར་གྱུར་ནས་ལུང་གི་ཆོས་ཕ་ལ་མེད་པར། གསེར་སྲང་གཉིས་བསྐུར་ཏེ་འཕགས་ཡུལ་དུ་ལུང་སློབ་ཏུ་བཏང་བས་ལུང་ཆོས་ལ་མཁས་པར་དགོངས་ནས་བལ་ཡུལ་དུ་ལོག་སྙམ་ཙ་ན། ཇོ་བོ་པྲཛྙཱ་རཀྵི་ཏ་དང་མཇལ་ནས་གསང་སྔགས་ཀྱི་རྒྱུད་མན་ངག་དང་བཅས་པ་མ་ལུས་པ་གསན། ལོ་བཅུ་དྲུག་ཞབས་དྲུང་དུ་བཞུགས་ནས་ཡིད་ཆེས་པར་མཛད་དེ་བལ་ཡུལ་དུ་བྱོན་ནས་སྒྲུབ་པ་མཛད་པས་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས། གསང་འདུས། གཤིན་རྗེ་གཤེད་སོགས་ཀྱི་ཞལ་མངོན་སུམ་དུ་གཟིགས། སླར་ཡང་འཕགས་ཡུལ་དུ་བྱོན། ན་ལེནྡྲར་བླ་མ་པྲཛྙཱ་རཀྵི་ཏའི་དྲུང་དུ་མཇལ་ལོ་བདུན་བཞུགས། རྒྱུད་ཐམས་ཅད་རྩ་རྐྱང་དུ་བྱས་ཏེ་བཤད་པའི་ལུང་མཛད། ཁྱད་པར་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལ་ཉམས་ལེན་མངོན་རྟོགས་ཀྱི་རིམ་པའི་དབང་དུ་མཛད་པས་དཀྲུགས་ཏེ་འཆད་པའི་ལུགས་མཛད།

གཞན་ཡང་གསང་སྔགས་ལ་ལག་ལེན་གལ་ཆེ་བ་ཡིན་གསུངས་ནས་གདམས་ངག་དོན་དུ་དྲིལ་ནས་གསུངས་པ་གསན་ཏེ། པཎྜི་ཏ་འདི་ལ་བླ་མ་མང་དུ་ཡོད་ཀྱང་། པྲཛྙཱ་རཀྵི་ཏ་ཉིད་བླ་མའི་གཙོ་བོ་ལྟ་བུ་མཛད། འདི་དང་བལ་པོ་བྷ་རོ་ཕྱག་རྡུམ་གཉིས་ཇོ་གདན་ནམ་མཁའ་ལྷུན་བཟང་དང་། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་གཉིས་གཅིག་པར་གསུངས། རྭ་ཆེན་གྱི་དངོས་སློབ་འུ་ཡུག་པ་བན་ཤེས་ཆོས་སྐྱོང་གིས་ཐ་དད་དུ་བཤད། དེ་ལ་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་གསུང་གིས་ཐ་དད་པར་འཐད་ཀྱང་། རྭ་ཆེན་གྱིས་པཎྜི་ཏ་ཐུགས་རྗེ་ཆེན་པོ་ལ་དགྲ་གདོང་གསན་ཞིང་། བྷ་རོ་ལ་ཡེ་མ་གསན་པར་བཤད་པ་འདི་གསུང་བགྲོས་མ་ཟིན་པ་ཡིན་གསུངས་ནས་དོན་ལ་ཐ་དད་པར་བཞེད་ལ། ཡང་རང་ལུགས་ཀྱི་རྒྱུད་ཡིག་འགའ་ཞིག་ལས་དེ་གཉིས་གཅིག་པ་ལྟ་བུ་སོགས་རྣམ་གྲངས་མང་པོ་ཞིག་འདུག་ཀྱང་བདག་གི་ཡོངས་འཛིན་དམ་པས་བཞེད་པ་བཞིན་ཐུགས་རྗེ་ཆེན་པོ་དང་བྷ་རོ་གཉིས་ཐ་དད་པ་ཡིན་པ་འཐད་པར་སྣང་སྟེ། གསན་ཡིག་རྒྱ་མཚོ་སོགས་ལས། ས་ལུགས་ཀྱི་བརྒྱུད་པ་འདྲེན་པ་ན་བལ་པོ་ཐུགས་རྗེ་ཆེན་པོ་དང་། རྭ་ལུགས་ཀྱི་བརྒྱུད་པ་འདྲེན་པ་ན་བྷ་རོ་ཕྱག་རྡུམ་དྲངས་པ་འདིས་རྟོགས་ནུས་ལ། འོན་ཀྱང་།

རྭ་ལོའི་དཱི་པཾ་ཀ་རའི་སྦྱིན་སྲེག་ཡོད། །དེ་ཝ་ཨ་ཀར་ཤནྟི་ཡིས། །

མཛད་པའི་ཚོགས་ཀྱི་འཁོར་ལོ་ཡོད། །བྷ་རོའི་སྒྲུབ་ཐབས་རྣམ་གསུམ་ཡོད། །

ཅེས་དཱི་པཾ་ཀ་ར་དང་བྷ་རོ་ཐ་དད་པར་གསུངས་པ་དང་། འཕགས་པ་རིན་པོ་ཆེས།

དཱི་པཾ་ཀ་ར་རཀྵི་ཏ། །བྷ་རོར་ཡོངས་སུ་གྲགས་ལ་འདུད། །

ཅེས་པ་དང་། དེ་དང་མཐུན་པར་གསན་ཡིག་རྒྱ་མཚོ་དང་། ཕྱིས་ཀྱི་གསན་ཡིག་རྣམས་ལས་འཇིགས་བྱེད་རྭ་ལུགས་ཀྱི་བརྒྱུད་པ་འདྲེན་པའི་ཚེ། དཱི་པཾ་ཀ་ར། རྭ་ལོ་ཙཱ་བ་ཞེས་དྲངས། དཔེ་འགའ་ཞིག་ལས། བྷ་རོ་ཕྱག་རྡུམ། རྭ་ལོ་ཙཱ་བ་ཞེས་བྷ་རོ་དང་དཱི་པཾ་ཀ་ར་ཞེས་པ་ལྟ་བུ་ཞིག་གསུངས་པ་གཉིས་འགལ་བ་ལྟར་སྣང་བས་དཔྱད་དགོས་སོ།།

དེ་བས་ན་འཕགས་ཡུལ་དུ་སྤྱིར་གཤེད་སྐོར་དང་། བྱེ་བྲག་རྡོ་རྗེ་འཇིགས་བྱེད་ལ་ལམ་སྲོལ་མང་དུ་བྱུང་ཡང་ཆེས་དར་རྒྱས་ཡོད་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རོ་ལངས་མ་ནས། ལ་ལི་ཏ་སོགས་བརྒྱུད་དེ་བལ་པོ་བྷ་རོ་ལ་བཀའ་བབས་པ་འདི་དང་། མགོན་པོ་འཇམ་པའི་དབྱངས་ནས་སངས་རྒྱས་ཡེ་ཤེས་ཞབས་སོགས་བརྒྱུད་ནས་བལ་པོ་ཐུགས་རྗེ་ཆེན་པོ་ལ་བབས་པའི་ལུགས་སྲོལ་འདི་གཉིས་གཙོ་བོ་ལྟ་བུ་ཡིན་ནོ། །གཞན་གོང་དུ་བསྟན་པ་ལྟར་གྱི་གཤིན་རྗེ་གཤེད་ནག་པོའི་སྐོར་ལ་ལམ་སྲོལ་དུ་མ་ཞིག་བྱུང་བས། གཤེད་སྐོར་འདི་འཕགས་ཡུལ་བལ་པོ་དང་བཅས་པར་རྒྱ་བལ་གྱི་པཎ་གྲུབ་དེ་དག་གིས་ཆེས་དར་བར་མཛད་པ་ཡིན་ལ། དེ་ནས་བོད་འདིར་བསྟན་པ་ཕྱི་དར་གྱི་དུས་སུ་ལོ་པཎ་རྣམས་རིམ་པས་བརྒྱུད་ནས་དར་བ་ཡིན་ཏེ། དེ་དག་གི་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །ཞེས་བྱུང་བ་ལྟར་རོ།།

[1] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼༡༨༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༩༩

[2] མན་ཛ་དང་མེན་ཛ་ཞེས་འགྲེང་པོ་ཡོད་མེད་གཉིས་སྣང་ལ། མན་ཛ་གླིང་ཞེས་པ་ནི་བལ་པོ་ཐུགས་རྗེ་ཆེན་པོའམ་བླ་མ་བྷ་རོ་ཕྱག་རྡུམ་སྐུ་འཁྲུངས་ཡུལ་གྱི་བལ་ཡུལ་མན་ཛ་གླིང་དུ་སྐུ་འཁྲུངས་པས་འཁྲུངས་ཡུལ་གྱི་ཆ་ནས་མན་ཛ་གླིང་པ་ཞེས་མཚན་ཐོགས་པ་ཡིན་འདུག

[3] རྗེ་བཙུན་རྭ་ལོའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༨༥

[4] རྗེ་བཙུན་རྭ་ལོའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༧༢

[5] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼༡༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥༦ན༤

[6] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼༡༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤༨བ༢

Leave a Reply

Your email address will not be published. Required fields are marked *