ནཱ་ལེནྡྲའི་ཆོས་བརྒྱུད་དང་། ནུབ་ཕྱོགས་ཚན་རིག་པ།

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨེ་ཤི་ཡའི་དད་ལྡན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྨིན་སྩལ་ལས་ཟུར་འདོན་ཞུས་པའོ།།

 

སྐྱབས་དངོས་ཞེས་པ་ནི་རང་ཉིད་ཀྱིས་ཉམས་ལེན་བྱས་ནས་ཡོང་དགོས་པ་ལས། སངས་ལ་སྐྱབས་སུ་མཆིའོ། །ཞེས་པ་གཅིག་པུས་འདང་ཐབས་མེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ཡང་། ཐོག་མར་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་དང་། བྱང་ཕྱོགས་སོ་བདུན་ཏེ་དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་བཅས་བྱང་ཕྱོགས་སོ་བདུན་རྣམས་པཱ་ལིའི་གཞུང་དང་། ལེགས་སྦྱར་གྱི་གཞུང་གཉིས་ཀར་གཅིག་མཚུངས་སུ་ཡོད།

ལེགས་སྦྱར་གྱི་གཞུང་དུ་སྟོང་པ་ཉིད་ཀྱི་སྐོར་རྩལ་དུ་བཏོན་ནས་གསུངས་པ་ཞིག་དང་། མདོར་ན། པཱ་ལི་དང་ལེགས་སྦྱར་ཐུན་མོང་གི་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་གསུངས་པ་ལས། འགོག་ལམ་གཉིས་རིགས་པའི་ལམ་གྱི་ཐོག་ནས་སྤུས་དག་འཆད་རྒྱུ་ཡོད་པ་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་འདི་ཉིད་གཙོ་བོ་རེད་འདུག

པཱ་ལིའི་གཞུང་རྣམས་ཧ་ཅང་ཡག་པོ་རེད། པཱ་ལིའི་གཞུང་གཟིགས་མཁན་ངོ་ཤེས་མང་པོ་ཡོད་ཅིང་། དེ་དག་ལ་འདུལ་བའི་གཞུང་གི་ཐོག་ནས་ཉམས་བཞེས་གནང་རྒྱུ་ཧ་ལས་པ་ཞིག་ཡོད། ངོས་ཀྱིས་བཀའ་ཆོས་བྱེད་སྐབས་ཡོང་མཁན་མང་པོ་ཞིག་ཀྱང་ཡོོད། ང་ཚོ་ནང་ཚགས་ཡིན་སྟབས་ངོས་ཀྱིས་རྩེད་མོ་དང་བཅས་ཏེ་པཱ་ལིའི་གཞུང་ནང་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་གཙོ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཅེས་ལུང་གིས་བསྒྲུབས་པ་ལས། རིགས་པའི་སྒྲུབ་བྱེད་དེ་ཙམ་མི་འདུག །དེས་ན་ཁྱེད་རྣམས་ཀྱིས་པཱ་ལིའི་གཞུང་རྐྱང་པ་སྦྱངས་པ་ནི་མི་སོ་མེད་དང་གཅིག་མཚུངས་ཡིན་ཅིང་། དོན་དག་མཁྲེགས་པོ་ཞིག་དང་འཕྲད་ཚེ་མུར་ནས་སྡོད་རྒྱུ་ལས་ཞིབ་ཞིབ་བཟོ་ཐུབ་ཐབས་མེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནི་དཔྱད་པ་མང་དུ་བྱས་ཤིང་། དེ་ཡང་ཚད་མའི་གཞུང་ལ་བརྟེན་ནས་རིགས་པས་བརྟག་དཔྱད་བྱས་ཏེ། མདོར་ན། བཅོམ་ལྡན་འདས་ཀྱི་བཀའ་ལ་ཡང་། དཔྱད་པ་བྱས་ནས་འགྲོ་བ་དང་། གལ་སྲིད་བཅོམ་ལྡན་འདས་ཀྱི་བཀའ་ལ་རིགས་པས་དཔྱད་པ་བྱེད་སྐབས་མི་བདེ་བ་ཞིག་བྱུང་ཚེ་བཅོམ་ལྡན་འདས་ཀྱི་བཀའ་དེ་ཉིད་སྒྲ་ཇི་བཞིན་པར་ཁས་ལེན་མི་དགོས་པར་དེ་ནི་བཅོམ་ལྡན་འདས་ཀྱིས་དགོས་པའི་དབང་གིས་གསུངས་པ་ལས། དངོས་ཡོད་གནས་ཚུལ་མིན། དེ་ལྟར་དངོས་ཡོད་གནས་ཚུལ་མིན་པའི་སྒྲུབ་བྱེད་ལའང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱིས་གསུངས་པ་རྣམས་ལ་བསམ་བློ་བཏང་ན་ཡག་པོ་འདུག །པཱ་ལིའི་གཞུང་གི་དད་པ་ཁོ་ནའི་ཐོག་ཏུ་ཕྱིན་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཅེས་བརྗོད་པ་ཞིག་ལས། སོ་རྒྱག་རྒྱུ་མེད་པ་ལྟ་བུ་ཞིག་ཡིན། ཚད་མའི་གཞུང་སྦྱངས་པ་རྣམས་ནི་བརྗོད་བྱ་མཁྲེགས་པོ་ཇི་ལྟ་བུ་ཞིག་ཡོད་ཀྱང་། སོ་བརྒྱབ་ནས་ཟ་ཐུབ་པ་ལྟ་བུའི་ཁྱད་པར་ཏན་ཏན་འདུག

དེས་ན་ཁྱེད་རང་ཚོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་ལེགས་སྦྱར་རམ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། དེ་རིང་སྐབས་སུ་བབས་པ་ཁྱེད་རང་ཚོར་ནང་ཆོས་འགྲེལ་བཤད་བྱེད་མཁན་ངོས་རང་ལ་ཆ་མཚོན་ནའང་། མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པའི་ནང་བོད་དུ་གདན་ཞུ་གནང་ཞིང་། མཁན་ཆེན་ཞི་བ་འཚོ་རང་ཉིད་ཚད་མའི་གཞུང་ལ་སྦྱངས་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། དེང་སྐབས་ང་ཚོས་ལྟ་ཀློག་བྱེད་བཞིན་པའི་ཚད་ཆེན་ཡང་ཁོང་གིས་མཛད་པ་རེད། ལྷག་པར་བྱང་ཆུབ་ཀྱི་སེམས་ལ་ཉམས་བཞེས་དཔྱིས་ཕྱིན་པ་གནང་མཁན་ཞིག་ཀྱང་ཆགས་ཡོད། ཁོང་གིས་ང་ཚོར་ངོ་སྤྲོད་གནང་བའི་ནཱ་ལེནྡྲའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དེ་བཞིན་ང་ཚོ་བོད་པར་རྩིས་སྤྲོད་གནང་ནས་ཡོད་པ་འདི་ཉིད་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ང་ཚོ་བོད་པས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་མཇུག་སྐྱོང་དཔྱིས་ཕྱིན་པ་བྱས་འདུག །ངོས་ཀྱང་དེ་གྲས་ཀྱི་མི་གྲལ་དུ་ཚུད་ཙམ་ཞིག་ཡོད། གྲལ་མགོར་སྡོད་ཐུབ་པ་དཀའ་ཡང་གྲལ་མཇུག་ཏུ་སྡོད་མཁན་ཞིག་དང་། ཁྱད་པར་གཅིག་ནི། ངོས་རང་ཚན་རིག་ལ་དོ་སྣང་ཤུགས་ཆེ་ཡོད་སྟབས། ངོས་ཀྱི་མི་ཚེར་ཚན་རིག་པ་དང་མཉམ་དུ་འབྲེལ་བ་མང་དུ་བྱུང་ཡོད། མཁན་ཆེན་ཞི་བ་འཚོའི་རྗེས་སུ་འབྲང་མཁན་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་རྣམས་ཚན་རིག་གི་ཐོག་ཏུ་བཀའ་འདྲི་ཞུས་ཚེ་དབུ་འཕུར་ནས་བཞུགས་དགོས་པ་ཆགས་ངེས། སྐབས་དེར་ཚན་རིག་གི་སྐོར་དར་འཕེལ་བྱུང་མེད། ངོས་ཀྱི་མི་ཐོག་འདིར་ཚན་རིག་དར་སོ་ཆེ་ལ། ཚན་རིག་ཡར་རྒྱས་ཕྱིན་དང་འགྲོ་བཞིན་པ་རེད། ཚན་པའི་ཁྲོད་དུ་ངོས་ཀྱི་ངོ་ཤེས་ཧ་ཅང་མང་པོ་ཞིག་ཀྱང་ཡོད། དེས་ན་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དང་། ཚད་མ་རིག་པ། སེམས་ཁམས་རིག་པ་སོགས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུའི་གོ་སྐབས་ཤིག་ངོས་ལ་ཐོབ་པ་དང་། ངོས་རང་ཆུང་ངུའི་སྐབས་ནས་ཚན་རིག་ལ་དོ་སྣང་ཆེན་པོ་ཡོད། དེས་ན་ངོས་ཀྱིས་སངས་རྒྱས་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པ་སོགས་ཀྱི་སྐོར་ལ་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ཏེ་གོ་བསྡུར་བགྲོ་གླེང་བྱེད་བཞིན་པ་དང་། ངོས་ལའང་ཚན་རིག་པས་བཤད་པ་འགའ་ཞིག་ཕན་ཐོགས་ཡོད་པ་ཞིག་སྟེ། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་དེ་ཚན་རིག་གི་ཐོག་ནས་ཡོང་བཞིན་ཡོད། ངོས་ཀྱིས་དབུ་མའི་ལྟ་བར་བསམ་བློ་གཏོང་རྒྱུར་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་དག་གིས་ཕན་ཐོགས་ཧ་ཅང་ཆེན་པོ་འདུག །དེ་བཞིན་ཚན་རིག་པ་དག་ལ་སེམས་ཁམས་རིག་པའི་འགྲོ་སྟངས་ཀྱི་ཐོག་ལ་ཕན་ཐོགས་ཆེན་པོ་ཡོད། ཚན་རིག་ནི་ནུབ་ཕྱོགས་ནས་བྱུང་བ་ཞིག་སྟབས་སེམས་ཁམས་རིག་པའི་སྐོར་ལ་གང་ཡང་མེད། ང་ཚོ་ཕན་ཚུན་འབྲེལ་བ་བྱེད་སྐབས་ཚན་རིག་པ་མང་པོ་ཞིག་གིས་སེམས་ཁམས་རིག་པའི་ཐོག་ལ་དོ་སྣང་གསར་པ་སླེབས་པ་དང་། བྱམས་དང་བརྩེ་བ་སོགས་ལའང་དོ་སྣང་གསར་པ་ཞིག་སླེབས་པ་བཅས་གཉིས་ཕན་ལྟ་བུ་ཞིག་ཡོང་གི་འདུག །ངོས་ནས་ཚན་རིག་སྐོར་ཚུར་སློབ་སྦྱོང་བྱ་རྒྱུ་དང་། ཁོང་ཚོར་ཕར་སེམས་ཁམས་རིག་པའི་རྣམ་གཞག་འགྲེལ་བཤད་བྱ་རྒྱུ། རྒྱ་ཆེ་ས་ནས་བཤད་ན་དེང་སྐབས་འཛམ་གླིང་འདིའི་ཐོག་སེམས་ཀྱི་ཞི་བདེ་མེད་པར་རྙོག་དྲ་ཡོང་གི་ཡོད། སེམས་ཀྱི་ཞི་བདེ་ནི་ཚོང་ཁང་ལ་ཕྱིན་ནས་ཉོ་རྒྱུ་མེད་ལ། ཚན་རིག་པས་སེམས་ཀྱི་ཞི་བདེ་འཕྲུལ་འཁོར་གྱི་ཐོག་ནས་བཟོ་ཐབས་དང་། སྨན་བཟས་ནས་སེམས་ཀྱི་ཞི་བདེ་ཡོང་ཐབས་མེད། སེམས་ཀྱི་ཞི་བདེ་ཡོང་ཐབས་ནི། སེམས་དཀྲུག་མཁན་གང་ཞིག་ཡིན་པ་དང་། དེའི་ལྡོག་ཕྱོགས་གཉེན་པོའི་ཕྱོགས་ལ་བསམ་བློ་ཇི་ལྟར་གཏོང་དགོས་མིན་སོགས་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་རྣམ་གཞག་གསུངས་པ་རྣམས་ནི་ཧ་ལས་དགོས་པ་ཞིག་རེད་འདུག །ངོས་ཀྱི་མི་རབས་འདིར་མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་དེ་དག་གིས་དེང་གི་དུས་སུ་དངོས་ཡོད་གནས་ཚུལ་ལ་ཚན་རིག་དང་ནཱ་ལེནྡྲའི་ཆོས་བརྒྱུད་གཉིས་དཔུང་པ་མཉམ་གཤིབ་བྱས་ནས་གཉིས་ཕན་གྱི་ལེགས་བཤད་དང་། རྣམ་དཔྱོད་ཀྱི་བློ་གྲོས་གསར་པ་ལེན་རྒྱུ་བཅས་ནི་ངོས་ཀྱི་སྐབས་སུ་བབས་པའི་ལས་འགན་ལྟ་བུ་ཞིག་ལ་ངོས་ནས་བརྩི་བཞིན་ཡོད། ཅེས་བཀའ་སྩལ་ཏོ།།  །།

 

Leave a Reply

Your email address will not be published. Required fields are marked *