ནཱ་ལེནྡྲའི་ངོ་སྤྲོད་སྙིང་བསྡུས།

 

ནཱ་ལེནྡྲའི་ངོ་སྤྲོད་སྙིང་བསྡུས།

 

ནཱ་ལེནྡྲའི་ལོ་རྒྱུས་ནི་ཕྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཞེས་སངས་རྒྱས་དང་མཧཱ་ཝིར་གྱི་དུས་སྐབས་སུ་ཕྱིར་ལོག་ཞུ་དགོས། གནས་དེ་ནི་སངས་རྒྱས་ཀྱི་སློབ་མ་གྲགས་ཆེ་བ་ཤཱ་རི་བུའི་འཁྲུངས་ཡུལ་དང་མྱ་ངན་འདས་ཡང་ཡུལ་ཡིན། དུས་རབས་ལྔ་པའི་སྐབས་གནས་དེ་བཞིན་གལ་འགངས་ཤིན་ཏུ་ཆེ་བའི་ཤར་ཕྱོགས་པའི་སྒྱུ་རྩལ་དང་། ནང་པའི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་གྱུར་ནས་རྒྱ་ནག་སོགས་ཐག་རིང་གང་ས་ནས་སློབ་གཉེར་བ་མང་པོ་འཛུལ་ཞུགས་བྱས་ཡོད།

ཉི་ཟླ་ལྟ་བུའི་མཁས་པའི་ཚོགས་ལས་སློབ་དཔོན་ཀླུ་སྒྲུབ་དང། འཕགས་པ་ལྷ། སློབ་དཔོན་དབྱིན་གཉེན། དཔལ་ལྡན་ཆོས་སྐྱོང། སཱུ་ཝི་ཤ་ནུ། སློབ་དཔོན་ཐོགས་མེེད། ཚུལ་ཁྲིམས་བཟང་པ། སློབ་དཔོན་ཆོས་གྲགས། སློབ་དཔོན་ཞི་བ་འཚོ། གཞན་ཡང་རྒྱའི་སྙན་གྲགས་ཅན་གྱི་གནས་སྐོར་བ་ཐང་ཟན་དང་། སྡེ་སྣོད་འཛིན་པ་ཡཱི་ཅེན་རྣམས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་དང། དགོན་པ། དགེ་འདུན་པའི་འཚོ་བའི་སྐོར་འགྲེལ་བཤད་ཧ་ཅང་རྒྱས་པོ་བྲིས་ཡོད།

ནཱ་ལེནྡྲར་ཆོས་ལུགས་ཀྱི་རྣམ་གཞག་དང། བརྡ་སྤྲོད། གཏན་ཚིགས་རིག་པ། གཟའ་སྐར་དཔྱད་རིག །དངོས་ཁམས་དཔྱད་རིག །གསོ་རིག་སྨན་གཞུང་། ཕྱི་ནང་གི་ལྟ་གྲུབ་བཅས་སློབ་ཁྲིད་བྱེད་ཀྱི་ཡོད། ལྟེ་གནས་དེ་བཞིན་གྲོང་གསེབ་ཁག་ནས་གཞུང་ཁྲལ་བསྡུས་ནས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་བརྐོས་རིས་ཁག་ལས་ར་ཕྲོད་ཐུབ་པ་བཞིན་ནོ།།

ནཱ་ལེནྡྲའི་གཙུག་ལག་ཁང་ནི་སྔ་རབས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེས་སྙན་གྲགས་ཆེ་ཤོས་ཤིག་ཡིན་པ་ཕྱི་ལོ་ (413-455) མཚམས་ཀྱི་གུཔྟའི་རྒྱལ་རབས་སྐབས་ཀུ་མ་རཱ་གུཔྟས་ཕྱག་བཏབ་པ་དང་། རྒྱལ་པོ་ཧཱར་ཤ་ཝར་དཱ་ན་ (606-647) དང་། རྒྱ་གར་ཤར་ཕྱོགས་ཀྱི་པཱ་ལའི་རྒྱལ་པོ་རྣམས་ (དུས་རབས་ 8-12) རྣམས་ཀྱི་རོགས་མགོན་འོག་ལྟེ་གནས་དེ་མུ་མཐུད་ནས་རྒྱ་སྐྱེད་ཕྱིན་ཡོད།

གཙུག་ལག་སློབ་གཉེར་ཁང་ཆེན་པོ་དེའི་ཉམས་གུད་ནི་པཱ་ལའི་ཕྱིས་ཀྱི་དུས་རབས་ནས་འགོ་འཛུགས་ཏེ་ཕྱི་ལོ་ ༡༢༠༠ ལོར་བྷག་ཏཱི་ཡ་ཁྱིལ་ཇཱིའི་བཙན་འཛུལ་སྐབས་མཐའ་མའི་གཏོར་བཤིག་བྱུང་ཡོད་པ་རེད།

ཕྱི་ལོ་ ༡༩༡༥ ནས་ ༡༩༣༧ བར་དང་། ཕྱི་ལོ་ ༡༩༧༤ ནས་ ༡༩༨༢ བར་རྒྱ་གར་གྱི་གནའ་རྫས་སྲུང་སྐྱོབ་ལྟ་ཞིབ་ཁང་ནས་སྔོག་འདོན་གནང་སྐབས་འཆར་བཀོད་ལྡན་པའི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་གཅིག་ལས་ལྷག་པའི་སོ་ཕག་གིས་བཞེངས་པའི་ལྷ་ཁང་དྲུག་དང་། དགོན་པ་བཅུ་གཅིག་དོན་ཡོད་ལ། དེ་ཡང་འགྲོ་ལམ་གྱི་ཁ་ཞེངས་ལ་མི་ཊར་སུམ་ཅུ་ཅན་བྱང་ནས་ལྷོ་ངོས་སུ་བསྲིངས་པའི་ལྷ་ཁང་རྣམས་གྲལ་བསྟར་ནུབ་ངོས་དང་། དགོན་པ་རྣམས་ཤར་ངོས་སུ་ཡོད་པ། དགོན་པའི་གྲྭ་ཤག་རྣམས་ཀྱི་ཆ་ཚད་དང་། དབྱིབས་བཀོད་ཚང་མ་ཧ་ལམ་གཅིག་མཚུངས་ཡིན་ལ། ལྷོ་མཐར་ཆགས་པའི་ལྷ་ཁང་ཨང་གསུམ་པ་ནི་ཆེས་བརྗིད་ཉམས་ལྡན་ཞིང་། རྩིག་པ་རིམ་པ་བདུན་དང་ལྡན་པ། དེའི་མཐའ་སྐོར་དུ་མཆོད་རྟེན་དང་མཆོད་ཁང་ཆུང་ཆུང་མང་པོས་བསྐོར་ནས་བཞེངས་ཡོད།

གནའ་རྫས་འཚོལ་ཞིབ་པས་ལྷ་ཁང་གི་བཟོ་བཀོད་ལས་གཞན་པའི་རྡོ་དང། ལི། འདམ་གྱིས་བཞེངས་པའི་སྐུ་བརྙན་མང་པོ་སྔོག་འདོན་ཐུབ་པའི་ཁྲོད་ནས་ནང་པའི་སྐུ་བརྙན་གལ་གནད་ཅན་སངས་རྒྱས་ཀྱི་སྐུ་བརྙན་འདྲ་མིན་དུ་མ་ཞིག་དང་། སྤྱན་རས་གཟིགས། འཇམ་དཔལ་དབྱངས། རྗེ་བཙུན་སྒྲོལ་མ་སོགས་ཀྱི་སྐུ་བརྙན་ཡང་སྔོག་འདོན་བྱུང་ཡོད། གཞན་ཡང་ཕྱི་རོལ་པའི་ལྷ་དབང་ཕྱུག་དང་། ཁྱབ་འཇུག།།ཚོགས་བདག་གླང་སྣ་སོགས་ཀྱི་སྐུ་བརྙན་ཡང་མང་པོ་རྙེད་སོན་བྱུང་ཡོད།

དེ་ལྟར་འཚོལ་ཞིབ་པར་རྙེད་པའི་ཁྲོད་ནས་རིན་ཐང་ཤིན་ཏུ་ཆེ་བའི་ལྡེབས་རིས་དང། ཟངས་ཀྱི་སྡེར་མ། རྡོ་དང་སོ་ཕག་གི་བརྐོས་ཡིག །མཛེས་རྒྱན་བྱང་བུ། དོང་ཙེ། རྫ་ཆས་སོགས་གནས་རྫས་མང་པོ་རྙེད་སོན་བྱུང་ཡོ། ལོ་རྒྱུས་ལྡན་པའི་གནའ་དངོས་རྣམས་ནཱ་ལེནྡྲའི་ཉེ་འགྲམ་གྱི་འགྲེམས་སྟོན་ཁང་དུ་མི་མང་གི་ཆེད་འགྲེམས་སྟོན་ཞུ་བཞིན་ཡོད། ཅེས་གསལ་འདུག

རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་སྐུ་གཞོན། སྐུ་ཞབས་ཀུན་དགའ་རྒྱ་མཚོ་ལགས་ཀྱིས་ཨིན་ཡིག་ནས་བོད་འགྱུར་གནང་།

Leave a Reply

Your email address will not be published. Required fields are marked *