དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཡི་ཆ་ལུགས།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཡི་ཆ་ལུགས།

 

༡༽ མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ལས[1]

ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །

དབུ་མ་ཆེན་པོ་འགྲོ་ལ་གསལ་མཛད་པ། །

དབང་ཕྱུག་བརྒྱད་ལྡན་ཀླུ་སྒྲུབ་སྙིང་པོ་ཞེས། །

སྙན་གྲགས་འཇིག་རྟེན་གསུམ་ན་གསལ་དེར་འདུད། །

ཅེས་བསྟོད་ཕྱག་མཛད་ཡུལ་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་ཡི་ཆ་ལུགས་ནི། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས[2]། འཕགས་པ་ཀླུ་སྒྲུབ་ནི་ཡོངས་སུ་གྲགས་པ་བཞིན་ནམ། ཡང་ན་འདི་ལའང་སྐུ་ཤ་སྔོ་སངས་ཤིན་ཏུ་མཚར་བ། དབུ་ལ་གཙུག་ཏོར་མེད་པ། དགེ་སློང་གི་ཆ་བྱད་སྦྲུལ་མགོའི་གདེངས་ཀ་ཅན་དུ་བྱས་པ་དོན་དང་མཐུན་ཞིང༌། ཅི་སྟེ་མཚན་དཔེ་ཅན་གྱི་སྐུ་ལ་མོས་ན་ནི་དེ་འཇའ་ལུས་ཀྱི་སྐུ་ཡིན་པས་འཁོར་ལོས་བསྒྱུར་བའི་ཆ་བྱད་དུ་བྱས་ཀྱང་ལེགས་པར་མངོན་ནོ། །ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་འདི་དང་མཐུན་པར་གསུངས་[3]པ་ལྟར། སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་པ་ལས[4]

མཐའ་གཉིས་སྤངས་པའི་ཆུ་གཏེར་འཇིང་ལ་གནས། །

བྱང་ཆུབ་ཡན་ལག་བདུན་[5]གྱི་གདེངས་ཀས་བརྗིད། །

གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །

ཀླུ་སྒྲུབ་ཀླུའི་དབང་པོས་བདག་སྐྱོངས་ཤིག །

ཅེས་གསུངས་པ་ལྟར། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་པ་སྟེ། ཆོས་རྣམ་ཀུན་བཏུས་ལས་[6]ཀྱང་། མཆོད་པའི་བྱེ་བྲག་མཐའ་ཡས་པའི་དབུས་ཀྱི་རིན་པོ་ཆེའི་ཁྲི་དང་སྟན་བཟང་པོ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུ་རིན་པོ་ཆེ་རྒྱལ་པོའི་མདོག་ལྟ་བུ། དྭངས་ཤིང་དྲི་མ་མེད་པ་ཤིན་ཏུ་ངོ་མཚར་བ། མཚན་དཔེས་བརྒྱན་ཅིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་འཛིན་ཅིང་། ན་བཟའ་ཆོས་གོས་རྣམ་གསུམ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ་བའམ་སྦྲུལ་གྱི་རྣམ་པས་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་སྦྲུལ་གྱི་གདེངས་ཀའི་གྲིབ་མ་ལ་སྐུ་རྒྱབ་བརྟེན་པའོ། །ཞེས་གསལ་ལ། དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[7]། ཀླུ་སྒྲུབ་ཞབས་གུར་གུམ་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པའོ། །ཞེས་གསུངས་སོ།།

སྤྱིར་བོད་ལུགས་ཀྱི་བྲིས་ཆར་སྐུ་མདོག་ཅུང་ཙམ་སྨུག་ལ་དབུ་ཅུང་ཟད་གཡོན་དུ་ཕྱོགས་ཤིང་། ཐབས་ཤེས་གཉིས་ལས་ཤེས་རབ་གཙོ་བོ་དང་། ཟབ་རྒྱས་གཉིས་ལས་ཟབ་པའི་ཆ་གཙོ་བོར་མཛད་དེ་སྟོང་དང་རྟེན་འབྱུང་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བའི་ཟབ་ཆོས་སྟོན་ཅིང་། ཤེར་ཕྱིན་འབུམ་ལ་སོགས་པ་ཀླུ་ཡུལ་ནས་གདན་དྲངས་ཕྱིར་ཀླུའི་རྒྱལ་པོ་ཆོས་སྟོན་པས་ན་ཀླུའི་གདོན་གྱིས་གནོད་པ་སྲུང་བྱེད་དུ་ཀླུའི་རྒྱལ་པོ་འཇོག་པོས་སྦྲུལ་གྱི་གདེངས་ཀ་ཕུལ་བ་བཅས་ཀྱི་མཚོན་བྱེད་དུ་དབུའི་སྟེང་དུ་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་ཞིང་། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཞབས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་པད་ཟླའི་གདན་སྟེང་དུ་བཞུགས་པའི་རྣམ་པ་ཅན་ནོ།།

 

༢༽ སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས།

 

སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[8]། སློབ་དཔོན་ཀ་ན་རི་པའི་ (ཨཱརྱ་དེ་ཝ།) ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་རྫུས་སྐྱེས་ཡིན། རྟེན་དགེ་སློང་། བླ་མ་འཕགས་པ་ཀླུ་སྒྲུབ་བོ། །ཞེས་གསུངས་པ་ལྟར། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་དང་། དཔལ་ནཱ་ལེནྡྲའི་པཎ་ཆེན་གྱི་གྲས་ཡིན་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་གསོལ་ཞིང་། ཞལ་གྱི་རྣམ་འགྱུར་ཅུང་ཟད་གཏུམ་པོའམ་ཁྲོས་པའི་ཚུལ་དང་། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ས་གནོན་གྱི་ཕྱག་རྒྱའམ། ལ་ལར་རྩོད་པའི་ཚུལ་གྱི་ཕྱག་རྒྱ་དང་བཅས་ཕྱག་ཕྲེང་བསྣམས་པ་སྟེ། མུ་སྟེགས་པའི་པཎྜི་ཏ་རྟ་དབྱངས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕྱི་ནང་གི་རྩོད་པ་ལ་བྱོན་པའི་ཚེ་སློབ་དཔོན་ཨརྱ་དེ་ཝས་ལྷོ་ཕྱོགས་དཔལ་གྱི་རི་ནས་ཕེབས་ཏེ་རྩོད་པ་དང་། རྫུ་འཕྲུལ་གཉིས་ཀས་ཕམ་པར་མཛད་པའི་མཚོན་དོན་དུ་རྩོད་པའི་རྣམ་འགྱུར་གྱིས་བཞུགས་པ་དང་། རྒྱལ་སྲས་ཡིན་པའི་མཚོན་དོན་དུ་རྔུལ་ལེན་སྔོ་བསངས་བཞེས་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པ། ཞིབ་འབྲི་གནང་བ་འགའ་ཞིག་ཏུ་སློབ་དཔོན་རྟ་དབྱངས་དང་རྩོད་པའི་སྐབས་ཀྱི་རྣམ་ཐར་གྱི་མཚོན་དོན་ལྟར་སློབ་དཔོན་གྱི་དྲུང་དུ་བྲམ་ཟེའི་ཆ་ལུགས་ཅན་དང་། བུད་མེད་ཅིག་དང་། ནེ་ཙོ་དང་། མེ་ལོང་གི་དངོས་པོ་བཞི་འགོད་ལ། ཟུར་དུ་བྱི་ལ་དང་། བུམ་པ་དང་། བུ་ཆུང་བརྟུལ་ཞུགས་ཅན་འགོད་པའི་རྣམ་པའོ།།

ཡང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས[9]། ཨརྱ་དེ་བ་ནི། དགེ་སློང་ཤིང་ཀརྞ་རའི་ལོ་མ་སྟེ་ཤིང་ལོ་ཆེན་པོ་ཞིག་ཕྱག་ན་བསྣམས་པ། ཞེས་ཀྱང་བྱུང་ལ། དེ་བཞིན་ནོར་བྲང་ཨོ་རྒྱན་ལགས་ཀྱིས་བསྒྲིགས་པའི་ཆོས་རྣམ་ཀུན་བཏུས་ལས[10]། འཕགས་པ་ལྷ་ནི། སྣ་ཚོགས་མཆོད་པའི་སྤྲིན་གྱི་དབུས་སུ། དགེ་སློང་གི་ཡོ་བྱད་གདིང་བའི་སྟན་ལ་སློབ་དཔོན་ཀརྣ་རི་པའམ་ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ། སྐུ་སྔོ་སངས། དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་གསུམ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཀརྣ་རི་ཞེས་པའི་ཤིང་ཆེན་པོ་ཕྱག་ན་བསྣམས་པའོ། །ཞེས་གསུངས་པ་ལྟར། སློབ་དཔོན་ཀ་ན་རི་པའམ་ཀརྣ་རི་པ་ཞེས་པའི་མཚན་ཡང་འདི་དང་འབྲེལ་ནས་བྱུང་བ་མིན་ནམ་སྙམ་པས་དཔྱད་པར་འཚལ་ལ། འཇིགས་བྱེད་ཆོས་ཀྱི་རྡོ་རྗེས་སྒྲིག་རྩོམ་བྱས་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[11]། འདི་ལ་སློབ་དཔོན་ཨཱརྱ་དེ་བའམ། གུ་རུ་ཀརྞ་རུ་པ་སྟེ་མཚན་གཉིས་དང་ལྡན་ནོ། །ཞེས་བྱུང་ཞིང་། དེ་བཞིན་ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[12]། དེ་ཡང་སློབ་དཔོན་ཨཱརྱ་དེ་ཝ་ནི། སིཾ་གྷ་ལིའི་རྒྱལ་པོའི་སྲས་རྒྱལ་སྲིད་སྤངས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་རྒྱུ་ཞིང་། སློབ་དཔོན་འཕགས་པའི་དྲུང་དུ་འོངས་ཏེ། རབ་ཏུ་བྱུང་ནས་དབང་བསྐུར་ཏེ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལོབས་པར་བྱས་ནས་ཕྱིས་དངོས་གྲུབ་བརྙེས་ནས་སྤྱོད་པ་མཛད་པའི་ཚེ་ཀ་ན་རིའི་ལོ་མ་ཞིག་ཐོགས་ཤིང་། རྩེད་མོ་མཛད་པས་སློབ་དཔོན་ཀ་ན་རི་པ་ཞེས་ཀྱང་གྲགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཞིབ་ཕྲ་སྐུ་ཚེ་སྨད་ཀྱི་རྣམ་ཐར་གྱི་སྐབས་སུ་བཀོད་པར་གཟིགས་འཚལ།།

གཞན་ཡང་སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས་དང་། ཞལ་གྱི་དཀྱིལ་འཁོར་ཐོག་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི། ཨཱརྱ་དེ་ཝ་སྤྱན་གཅིག་པ་ཞེས་པ་ལྟར་སྤྱན་གཅིག་སྦྱིན་པ་བཏང་བས་སྤྱན་གཅིག་ལས་མེད་སྟབས་སྤྱན་གཅིག་འབྲི་བཞེངས་གནང་ཚེ་མི་མཛེས་པའི་ཆ་ནས་པཎ་གྲུབ་གཞན་དང་གཅིག་མཚུངས་ལྟ་བུར་སྤྱན་གཉིས་འབྲི་བཞེངས་གནང་བ་ལས་མཛད་རྣམ་དང་འབྲེལ་ནས་སྤྱན་གཅིག་འབྲི་བཞེངས་གནང་ལམ་མེད་པ་བཅས་སོ།།

 

༣༽ སངས་རྒྱས་བསྐྱངས་ཀྱི་སྐུ་ཡི་ཆ་ལུགས།

 

བསྟན་པའི་གཞུང་ལུགས་སྤེལ་བའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྐུའི་ཆ་ལུགས་ནི། གནས་ལྔ་རིག་པར་ནང་བྱན་ཆུད་པའི་པཎྜི་ཏ་ཡིན་པས་དབུ་ལ་པཎ་ཞྭ་དམར་པོ་དང་། སྡེ་སྣོད་གསུམ་ལ་མཁས་པའི་མཚོན་དོན་དུ་སྐེད་འཆིང་གསུམ་ལྡན་གསོལ་ཞིང་། བོད་ལུགས་བྲིས་ཆར་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རྟེན་དགེ་སློང་དང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། མཁས་པའི་བྱ་བ་རྣམ་གསུམ་ལ་ཆགས་ཐོགས་མི་མངའ་བས་ཕྱག་གཡས་ཆོས་འཆད་ཀྱིས་འཆད་པའི་མཛད་པ་དང་། ཕྱག་གཡོན་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པས་རྩོམ་པའི་མཛད་པ། རྟོགས་པ་མཐར་ཕྱིན་པས་བཞུགས་གདན་འབོལ་རྩེག་གི་སྟེང་དུ་གདིང་བའི་སྟན་ལ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ནོ།།

 

༤༽ སློབ་དཔོན་ལེགས་ལྡན་གྱི་སྐུ་ཡི་ཆ་ལུགས།

 

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སྐུའི་ཆ་ལུགས་ནི། པཎ་གྲུབ་གསོལ་འདེབས་ལས་ཡོངས་རྫོགས་པཎྜི་ཏ་ཞེས་གསུངས་པ་ལྟར་གནས་ལྔ་རིག་པར་ནང་བྱན་ཆུད་པའི་པཎྜི་ཏའི་ཆ་བྱད་ཅན་ཏེ་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་མནབས་ཤིང་། སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་ལ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། རྒྱལ་རིགས་སུ་སྐུ་འཁྲུངས་པའི་མཚོན་རྟགས་སུ་རྔུལ་ལེན་སྔོ་སྐྱ་བཞེས་ཤིང་། ཕྱག་གཡས་བྱང་ཆུབ་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། བཞུགས་གདན་འབོལ་རྩེག་སྟེང་གདིང་བའི་སྟན་ལ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པའོ།།

གཞན་ཡང་སློབ་དཔོན་འདི་ཉིད་དང་། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་པཎ་གྲུབ་གཞན་རྣམས་ཀྱི་བྲིས་ཆ་ལ་ལར་སྐུའི་ཉེ་འཁྲིས་གཡས་གཡོན་གང་རུང་དུ་ཟ་མ་ཏོག་རེ་འབྲི་བཞེངས་གནང་སྲོལ་ཡོད་ཅིང་། དེ་ཡང་ཟ་མ་ཏོག་ཅེས་པ་ནི། ཆོས་གོས་དང་། རིན་པོ་ཆེ་དང་། མངར་ཆ། ནོར་རྫས་སོགས་ཡོ་བྱད་འཇུག་སྣོད་ཅིག་གི་མིང་སྟེ། དག་ཡིག་གི་འགྲེལ་པ་ལས། ཟ་མ་ཏོག་རིན་ཆེན་གྱི་སྣོད་དམ་མངར་ཆའི་སྣོད་དམ་གའུ། ཞེས་གསལ་བ་ལྟར། རྒྱལ་རོང་ཚུལ་ཁྲིམས་ཉི་མས་ (དུས་རབས་༡༩པ།) བརྩམས་པའི་ས་རྒྱན་ལམ་བསྒྲིགས་ལས་ཀྱང་། སྐྱེས་རིན་ཐང་མེད་པའི་ནོར་བུ་དུ་མས་གང་བའི་ཟ་མ་ཏོག་གཅིག་ལག་ཏུ་འོང་བའི་སྔ་ལྟས་སུ། ཞེས་དང་། རྙིང་རྒྱུད་ཁ་པ་ལས[13]

སངས་རྒྱས་རིན་ཆེན་དེ་ཡི་དབྱིག །ཁ་སྦྱོར་སྙིང་པོ་ཟ་མ་ཏོག །

སྐུ་གསུང་ཐུགས་ཀྱི་ཕོ་བྲང་ལས། །མ་ལུས་ཐིག་ལེ་གནས་པར་མཛད། །

ཞེས་གསུངས་པ་ལྟར་རྗེའི་གསུང་ལས་ཀྱང་། སངས་རྒྱས་རིན་ཆེན་ཞེས་སོགས་ལ། རྡོ་རྗེ་དང་པདྨ་ཨེ་ཝཾ་གྱི་དོན་ལ་འཆད་པ་ནི། ཟ་མ་ཏོག་གི་མིང་ཅན་གྱི་སྣོད་དང་། དེའི་ནང་གི་རིན་ཆེན་ཁྱད་མེད་དུ་འགྱུར་བས། སྟོང་གཟུགས་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་གསང་བའི་རྡོ་རྗེ་པདྨ་ལ་བྱའོ། །ཞེས་གསུངས་སོ།།

དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ (1927-1997) མཛད་པའི་དུང་དཀར་ཚིག་མཛོད་ལས་[14]ཀྱང་། རིན་པོ་ཆེའི་རིགས་ལས་གྲུབ་པའི་སྣོད་ཁྱད་པར་ཅན་དག་ལ་ཟེར་ཞེས་གསལ་ལ། དབྱངས་ཅན་དགའ་བློས་ཀྱང་སྒམ་ཁ་སྦྱར་གྱི་མིང་དུ་གསུངས་ཤིང་། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཟ་མ་ཏོག་ནི་སྒམ་ཁ་སྦྱར་ཞིག །ཅེས་གསུངས། དཔེར་ན། འདུལ་བའི་གླེང་འབུམ་ལས། རས་བལ་ཉོས་ཏེ་དོག་པ་བཀལ་ནས་ཐ་ཀ་པ་མཁས་པ་ལ་རས་ཟུང་བཟང་པོ་འཐག་ཏུ་བཅུག་ནས་རས་དེ་སྤོས་སྣ་ཚོགས་ཀྱིས་བསྒོས་ཏེ་གོས་ཀྱི་ཟ་མ་ཏོག་ཏུ་བཅུག་ནས་བཞག་གོ །ཞེས་གསལ་བ་ལྟར། སློབ་དཔོན་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པའི་འདུལ་བ་ལུང་བླ་མའི་བྱེ་བྲག་ལུང་ཞུ་བའི་འགྲེལ་པ་ལས[15]། ཆོས་གོས་ཀྱི་ཟ་མ་ཏོག་ནི། ཆོས་གོས་ཀྱི་གཞག་ཏུ་རུང་བའི་སྣོད་ཀྱི་ཁྱད་པར་འདམ་བུའི་རྩེ་མོའི་སྡོང་བུ་ཕྲ་ཞིང་མཉན་པ་ལ་སོགས་པས་བྱས་པ་ཟླུམ་པོ་ཞིག་གོ །ཞེས་གསུངས་པ་ལྟར་རོ།།

 

༥༽ དཔལ་ལྡན་ཟླ་བ་གྲགས་པའི་སྐུ་ཡི་ཆ་ལུགས།

 

སློབ་དཔོན་འདིའི་སྐུ་ཡི་ཆ་ལུགས་ནི། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པར་མ་ཟད། ལྷག་པར་སྐུ་ཚེ་འདི་ཉིད་དུ་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་གསོལ་ཞིང་། བོད་ལུགས་བྲིས་ཐང་དུ་སྐུ་མདོག་མདངས་དང་ལྡན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། མུ་སྟེགས་པའི་རྒོལ་བ་གྲངས་མེད་རྩོད་པས་ཕམ་པར་མཛད་པའི་བརྡར་ཕྱག་གཡས་ནམ་མཁར་ཕྱར་ཞིང་། ཕྱག་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱའམ། བརྒལ་བརྟག་རྩོད་པའི་ཕྱག་རྒྱ་ཅན་བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་དང་། ཞིབ་འབྲི་གནང་བའི་བྲིས་སྐུ་ལ་ལར་སློབ་དཔོན་འདི་ཉིད་ཀྱི་ངོ་མཚར་གྱི་མཛད་པ་ཁག་མཚོན་སླད་སྟེང་དབུས་ནམ་མཁའི་དབྱིངས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་། སྐུའི་རྒྱབ་ཏུ་ལྗོན་ཤིང་རྒྱས་པའི་ཡལ་ག་འབྲས་བུ་སྣ་ཚོགས་པས་རྣམ་པར་བཀྲ་བ་དང་། གྱང་ངོས་སུ་རི་མོར་བྲིས་པའི་བ་དང་། རྡོའི་སེངྒེ་འགྱིང་བའི་རྣམ་པ་ཅན་བཀོད་པ་བཅས་སོ།།

 

༦༽ རྒྱལ་སྲས་ཞི་བ་ལྷའི་སྐུ་ཡི་ཆ་ལུགས།

 

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[16]། དེའི་ཡོན་ཏན་མདོར་བསྡུས་ཏེ་རང་གིས་ཆེད་དུ་དང་བའི་ངོར་བསྔགས་པ་ནི།

བཅོམ་ལྡན་འཇམ་དཔལ་རྡོ་རྗེས་བྱིན་གྱིས་བརླབས། །

རྡོ་རྗེ་རྣལ་འབྱོར་མ་ཡིས་རྗེས་སུ་བཟུང་། །

ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན། །

མངོན་གྱུར་གཟིགས་པ་ཞི་བའི་ལྷ་ལ་འདུད། །

ཅེས་གསུངས་པ་ལྟར་རྒྱལ་སྲས་ཞི་བ་ལྷའི་སྐུ་ཡི་ཆ་ལུགས་ནི། ཆོས་རྣམ་ཀུན་བཏུས་ལས[17]། མཆོད་རྫས་ཕུན་སུམ་ཚོགས་པའི་དབུས་སུ། སེངྒེས་བཏེགས་པའི་ཁྲི་བཟང་པོར་འབོལ་སྟན་གདིང་བས་བཀབ་པའི་སྟེང་དུ། གྲུབ་པའི་སློབ་དཔོན་ཆེན་པོ་བྷུ་སུ་ཀུ་པའམ། ཤཱནྟ་དེ་ཝའམ་སློབ་དཔོན་ཞི་བ་ལྷ་ནི། སྐུ་མདོག་དཀར་དམར་ཤ་ཉམས་རྒྱས་པ། དགེ་སློང་གི་ཆ་བྱད་ཆོས་གོས་གསོལ་བ། ཞབས་སྐྱིལ་མོ་ཀྲུང་བཅས་ཏེ་དགེ་སློང་གི་དགེ་འདུན་ཆེན་པོའི་དབུས་སུ། འཇིགས་པ་མེད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུང་བཞིན་དུ་སྐུ་ལུས་ནམ་མཁའ་ལ་ཇེ་མཐོར་འཕགས་པའི་ཚུལ་ཅན་ནོ། །ཞེས་གསལ་ལོ།།

གཞན་ཡང་སློབ་དཔོན་དཔའ་བོ་འོད་གསལ་གྱི་བཞེད་པ་ལྟར་མདོ་ཁམས་དབུས་འགྱུར་འབྲི་རྒྱུད་རེ་ཁེའི་ལྗོངས་སུ་འཁྲུངས་པའི་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས[18]། བྷུ་སུ་ཀུ་པ་ནི། ཞི་བ་ལྷ་སྟེ། མཐའ་དགེ་འདུན་གྱིས་བསྐོར་བའི་ཁྲི་སྟེང་ནས་ནམ་མཁའ་ལ་ཅུང་ཟད་འཕགས་པ། དགེ་སློང་གི་ཆ་བྱད་ཅན་ཆོས་འཆད་མཛད་པ། མདོག་དཀར་ལ་དམར་བ་ཤ་ཉམས་རྒྱས་པའོ། །ཞེས་བྱུང་བ་ལྟར་རྒྱལ་སྲས་ཞི་བ་ལྷའི་སྐུའི་ཆ་ལུགས་ནི། བཅུ་ཕྲག་རིག་པར་ནང་བྱན་ཆུད་པའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་ཞིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། ཕྱག་གཉིས་མཉམ་བཞག་དང་། ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་གདན་འབོལ་རྩེག་ཏུ་གདིང་བའི་སྟེང་དུ་བཞུགས་པའི་རྣམ་པའོ། །བྲིས་ཆ་ལ་ལར་སྤྱོད་འཇུག་ལས།

གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །

ཞེས་པའི་མཚམས་ནས་མཁའ་ལ་གཤེགས་པའི་རྣམ་ཐར་མཚོན་སླད་སྐུ་ཁྲི་སྟན་ལས་ཁྲུ་གང་ཙམ་མ་རེག་པའི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ཡང་མཆིས་ལ། གཞན་ཡང་དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[19]། ཟ་ཉལ་འཆག་མདོག་སྔོ་ལྗང་དགེ་སློང་གི་གཟུགས་སྐྱེས་པ་དང་ལྷན་ཅིག་པ། །ཞེས་ཀྱང་བྱུང་ངོ་།།

 

༧༽ མཁན་ཆེན་ཞི་འཚོའི་སྐུ་ཡི་ཆ་ལུགས།

 

དེ་ཡང་ལས་རབ་གླིང་པའི་དཔལ་མཁན་སློབ་ཆོས་གསུམ་གྱི་སྒྲུབ་ཐབས་ཟབ་ཏིག་ས་ཡ་མ་ལས[20]

གཡས་སུ་གསང་བདག་ཞི་བ་འཚོ། །རབ་དཀར་གཟི་བྱིན་མཚུངས་པ་མེདཿ

གཡས་གཡོན་ཆོས་འཆད་གླེགས་བམ་འཛིནཿ རབ་བྱུང་ཆས་རྫོགས་པཎ་ཞུ་གསོལཿ

ཞེས་དང་། དེ་བཞིན་གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས་[21]ཀྱང་།

རྣམ་པ་མཐའ་འཁོབ་བོད་ཀྱི་ཡུལ་འདི་རུ། །

རྒྱལ་བསྟན་ཐོག་མར་འཛུགས་པའི་བཀའ་དྲིན་ཅན། །

རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟ་ཆེ། །

མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞི་བ་འཚོ། །

དགེ་སློང་རྣམ་ཅན་ཕྱག་གཡས་ཆོས་འཆད་དང་། །

གཡོན་པ་མཉམ་བཞག་སྟེང་ན་གླེགས་བམ་བསྣམས། །

དབུ་ལ་སྡེ་སྣོད་གསུམ་མཚོན་པཎ་ཞུ་དང་། །

སྐུ་ལ་ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ། །

ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །

ཞེས་གསུངས་པ་ལྟར་སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། སྐུ་མདོག་དཀར་ལ་རྟེན་དགེ་སློང་གི་རྣམ་ཅན་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། དབུ་ཚད་སོགས་གཞུང་ལུགས་མང་དུ་མཛད་པའི་མཚོན་དོན་དུ་ཕྱག་གཡོན་མཉམ་བཞག་མཛད་པའི་སྟེང་དུ་གླེགས་བམ་བསྣམས་པ། སྡེ་སྣོད་གསུམ་གར་མཁས་པའི་ཕུལ་དུ་བྱུང་བའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་བཞེས་ཤིང་། དགུང་ལོ་ཤིན་ཏུ་མཐོ་བའི་བར་བསྟན་འགྲོའི་མཛད་བཟང་བསྐྱངས་ནས་བཞུགས་པས་སྨ་ར་དང་སྨིན་མ་དཀར་བ། ལ་ལར་ཚེམས་དཀར་གཅིག་ཅན་ཡང་འབྲི་བཞེངས་གནང་སྲོལ་ཡོད་ལ། དབུ་ཐོད་ལ་རི་མོ་གོང་འོག་གསུམ་མམ་ཞལ་རས་ཤིན་ཏུ་བགྲེས་ཉམས་ཀྱི་ཚུལ་དུ་སྐུ་ཚེ་སྟོད་ཀྱི་གདན་ས་དཔལ་ནཱ་ལེནྡྲ་དང་། སྐུ་ཚེ་སྨད་ཀྱི་གདན་ས་བསམ་ཡས་གཙུག་ལག་ཁང་དུ་གཞལ་དཀའི་མཛད་བཟང་བསྐྱངས་པའི་མཚོན་དོན་དུ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཁོ་ར་འཁོར་ཡུག་གི་རྣམ་པ་སྐུའི་རྒྱབ་ལྗོངས་སུ་བཀོད་དེ་བཞུགས་གདན་འབོལ་རྩེག་སྟེང་དུ་སྟན་གདིང་བར་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་ཅན་ནོ།།

 

༨༽  སློབ་དཔོན་ཀ་མ་ལ་ཤཱི་ལའི་སྐུ་ཡི་ཆ་ལུགས།

 

དེ་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ཞབས་ཀྱི་སྐུ་ཡི་ཆ་ལུགས་ནི། གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས[22]

གཡོན་གྱི་སེང་ཁྲིར་བོད་ཀྱི་རྒྱལ་ཚབ་ཆེ། །

དབུ་ཚད་བཀའ་བབས་པདྨའི་ངང་ཚུལ་མཆོག །

རྩོད་པའི་ཉམས་ཅན་དབུ་ལ་པཎ་ཞུ་དང་། །

སྐུ་ལ་ཆོས་གོས་གསུམ་གསོལ་ཕྱེད་སྐྱིལ་བཞུགས། །

ཞེས་གསུངས་པ་ལྟར་བོད་ལུགས་ཀྱི་འབྲི་སྲོལ་ལ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་ཞིང་། རྟེན་དགེ་སློང་གི་རྣམ་ཅན་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་བ། རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ལུང་རིགས་ཀྱི་རྩོད་པས་ཚར་བཅད་པའི་མཚོན་དོན་དུ་ཕྱག་གཡས་ནམ་མཁར་འཕྱར་ལ། ཕྱག་ཕྲེང་དབུ་ཐོད་དུ་སྐོར་ཏེ་རྩོད་པའི་ཉམས་དང་ལྡན་པ་སྟེ། དེ་ཡང་ཆོས་འབྱུང་གི་ཡི་གེ་ཞིབ་མོ་ལས[23]། ཀ་མ་ལ་ཤཱི་ལ་རླུང་ཚུགས་སུ་བྱོན་ཞེས་ཕོ་ཉ་བ་བྱུང་བ་དང་། རྗེ་བློན་ཡོངས་ཆབ་ཁར་བསུ་བ་ལ་ཕྱིན་པ་དང་། ཧྭ་ཤང་འཁོར་དང་བཅས་པ་ཡང་ཆབ་ཁར་བྱོན། ཀ་མ་ལ་ཤཱི་ལས་ཆབ་ཕར་ཁ་ནས་རྒྱའི་པཎྜི་ཏ་ལ་སྒྲ་ཚད་དྲི་གསུང་ནས་ཆགས་ཤིང་དབུ་ལ་ལན་གསུམ་བསྐོར་བས། ཧྭ་ཤང་ཆབ་ཚུ་ཁ་ནས་བེར་གྱི་ཐུ་བ་ནས་བཟུང་ནས་སྤྲུག །དེས་ལན་བཏབ། འཇིགས་པོ་ཞིག་འདུག་གོ་གསུངས་ནས་བྱང་ཆུབ་གླིང་དུ་སེངྒེའི་ཁྲི་བཅས་ཏེ་བཙན་པོ་གུང་ལ་བཞུགས་ནས་སྟོན་རྩེན་གཉིས་ཤགས་གདབ་པར་བྱས། ཞེས་པའི་མཛད་པའི་མཚོན་དོན་དུ་ཕྱག་ཕྲེང་དབུ་ཐོད་དུ་བསྐོར་བའི་རྣམ་པ་དང་། གནས་ལྔ་རིག་པ་སྤྱི་དང་ལྷག་པར་སྡེ་སྣོད་གསུམ་ལ་མཁས་པའི་མཆོག་ཏུ་གྱུར་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་མཛེས་པར་མནབས་པ། མཛད་པའི་མཆོག་གྱུར་གསུང་གི་མཛད་པ་ལས་དབུ་མ་སྣང་བ་དང་། སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་གསུང་རྩོམ་བཅུ་ཕྲག་གཉིས་ལྗགས་རྩོམ་མཛད་པའི་བརྡར་ཕྱག་གཡོན་དུ་ཆོས་ཀྱི་གླེགས་བམ་བསྣམས་ཤིང་། ཞབས་གཉིས་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་མཛད་པའི་ཚུལ་དུ་བཞུགས་གདན་འབོལ་རྩེག་གི་གདིང་བའི་སྟན་ལ་བཞུགས་པའི་རྣམ་པ་ཅན་ནོ།།

 

༩༽ འཕགས་པ་ཐོགས་མེད་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་ཕྱག་འཚལ་བ་ལས[24]

རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །

རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །

རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །

ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་རྒྱ་ཆེར་མཛད་ཡུལ་གྱི་འཕགས་པ་ཐོགས་མེད་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་ཚན་ཡིན་ཞིང་། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་གཏོད་གནང་མཁན་ཡིན་པས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་གཅིག་ཏུ་བགྲངས་སྲོལ་ཡོད་པའི་སློབ་དཔོན་འདི་ཉིད་ཀྱི་སྐུའི་བཞུགས་སྟངས་དང་ཆ་ལུགས་ནི། བོད་ལུགས་ཀྱི་བྲིས་ཐང་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏའི་མཚོན་དོན་དུ་པཎ་ཞྭ་དམར་པོ་གསོལ་ཞིང་། དེ་ཡང་སྡེ་སྣོད་གསུམ་ལ་མཁས་པའི་མཚོན་བྱེད་དུ་སྐེད་ཆིངས་གསུམ་དང་ལྡན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པའི་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་མཉམ་བཞག་གི་ཕྱག་རྒྱས་གསུང་གི་མཛད་པ་མཚོན་པའི་བརྡར་གླེགས་བམ་བསྣམས་པ། རྒྱལ་བ་མི་ཕམ་པ་ཞལ་གཟིགས་བྱུང་བའི་མཚོན་དོན་དུ་སྟེང་གི་ནམ་མཁར་རྒྱལ་ཚབ་བྱམས་པ་མགོན་པོ་སྤྲིན་གསེབ་ནས་ཞལ་གཟིགས་པའི་རྣམ་པ་དང་། བཞུགས་གདན་འབོལ་རྩེག་གི་སྟེང་དུ་གདིང་བའི་སྟན་ལ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ནམ། བྲིས་ཆ་ལ་ལར་ཞབས་གཉིས་པད་ཟླའི་སྟེང་དུ་བཞུགས་པའི་རྣམ་པ་ཅན་ནོ།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[25]། སློབ་དཔོན་བདག་ཉིད་ཆེན་པོ་འདིའི་སྐུ་ལ་མཚན་དཔེ་རྗེས་མཐུན་པ་ཡོད་པ་དང༌། དགུང་ལོ་བརྒྱ་ཕྲག་བརྒལ་བའི་ཚེ་ནའང་སྐུ་ལ་སྐྲ་དཀར་དང་གཉེར་མ་མེད་ཅིང་། གཞོན་ནུའི་ཉམས་ལྟར་སྐུ་བལྟ་བས་ཆོག་མི་ཤེས་ཤིང་གཞོན་ཤ་ཆགས་པ་ཞིག་ཡོད་པར་བཤད། ཅེས་གསུངས་པ་ལྟར་རོ།།

 

༡༠༽ སློབ་དཔོན་དབྱིག་གཉེན་གྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་མཆོག་བརྒྱད་ཀྱི་བསྟོད་པ་ལས[26]

མང་དུ་སྦྱངས་པས་མཁྱེན་པའི་དཀྱིལ་འཁོར་རྒྱས། །

སྤོབས་པས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །

རིགས་པའི་ཟེར་གྱིས་གཞན་གཞུང་ཚང་ཚིང་བསྲེག །

དབྱིག་གཉེན་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་གྱི་སྐུ་ཡི་ཆ་ལུགས་ནི། དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[27]། དབྱིག་གཉེན་རྫ་གསར་པའི་མདོག་ཅན་དགེ་སློང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་སྐྱེས་པ་དང་ལྷན་ཅིག་པ་ཞེས་གསུངས་པ་ལྟར་རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། ལྷག་པར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས[28]

སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་འདིར། །

གཅེན་གྱི་དྲིན་ལས་ཕྱིར་མི་ལྡོག་ཐོབ་པ། །

གཞུང་ལུགས་འབུམ་སྡེ་གོ་དགུའི་གླེགས་བམ་ཆེ། །

དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུད། །

ཅེས་གསུངས་པ་ལྟར་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པར་མ་ཟད། སྐུ་ཚེ་འདིར་ཡང་གནས་ལྔ་རིག་པ་སྤྱི་དང་། བྱེ་བྲག་སྡེ་སྣོད་གསུམ་གར་མཁས་པའི་མཆོག་ཏུ་གྱུར་པའི་མཚོན་དོན་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་མནབས་ཤིང་། མདོ་སྡེ་དགུ་བཅུ་གོ་དགུ་ཞལ་འདོན་ཆད་མེད་ཀྱིས་ཐེག་པ་ཆེན་པོའི་མདོའི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་པ་དང་། བསྟན་པ་ཉམས་པར་མི་བཟོད་པའི་ཐུགས་ཁྲལ་ཤིན་ཏུ་ཆེ་བའི་མཚོན་བྱེད་དུ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཕྱག་གཡོན་དུ་གླེགས་བམ་འཛིན་པ། སྐུ་ཤིན་ཏུ་བགྲེས་པའི་རྣམ་པ་ཅན་དུ་བཞུགས་པའམ། བོད་ལུགས་ཀྱི་བྲིས་ཆ་ལ་ལར་ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ས་གནོན་ཕྱག་རྒྱའི་ཚུལ་དུ་བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་ཅན་ནོ།།

 

༡༡༽ སློབ་དཔོན་ཕྱོགས་གླང་གི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[29]

གུར་གུམ་ལང་ཚོ་རབ་རྒྱས་མཁྱེན་པའི་གཏེར། །

རྟག་ཏུ་ཁྱོད་ཀྱི་བཤེས་སུ་ང་འགྱུར་ཞིང་། །

ཆོས་འདི་མ་འོངས་སྐྱེ་རྒུའི་མིག་འགྱུར་ཞེས། །

མངོན་སུམ་དབུགས་དབྱུང་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། གནས་ལྔ་རིག་པ་སྤྱི་དང་། ལྷག་པར་སྡེ་སྣོད་གསུམ། ཡང་སྒོས་ཚད་མ་རིག་པའི་གཞུང་ལ་མཁས་པའི་ཕུལ་དུ་བྱུང་བའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་གསོལ་ཞིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་ལེགས་པར་བརྒྱན་པ། མུ་སྟེགས་ནག་པོ་ཐུབ་རྒྱལ་སོགས་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་དྲག་ཏུ་མཛད་པའི་མཚོན་བྱེད་དུ་ཞལ་ཅུང་ཙམ་གཏུམ་པོའི་ཚུལ་དུ་ཕྱག་གཉིས་བརྒལ་བརྟག་གི་རྣམ་པ་ཅན་ལ་ཕྱག་གཡོན་དུ་ཕྲེང་བ་བཞེས་པའམ། འགའ་ཞིག་ཏུ་བརྒལ་བརྟག་གི་ཕྱག་རྒྱ་ལས་ཕྱག་ཕྲེང་མ་བསྣམས་པའང་མཆིས། བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་ཅུང་ཟད་བརྐྱངས་པའི་ཚུལ་དུ་བཞུགས་ཤིང་། རྒྱབ་ལྗོངས་སུ་སྒྲུབ་པ་མཛད་ཡུལ་གྱི་ཨོ་ཌི་བི་ཤའི་[30]བྲག་ཕུག་གི་རྣམ་པ་ཅན་ནོ།།

ཞིབ་འབྲི་མཛད་པའི་བྲིས་ཐང་ལ་ལར་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་རྗེས་སུ་བཟུང་བའི་མཛད་པ་མཚོན་བྱེད་སྟེང་དུ་རྗེ་བཙུན་འཇམ་དཔལ་དབྱངས་སྤྲིན་གསེབ་ནས་ཞལ་གཟིགས་བྱུང་བའི་རྣམ་པ་དང་། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་མཛད་པ་ཙམ་གྱིས་ས་གཡོས་ཤིང་། སྒྲ་ཆེན་གྲགས་པ་དང་། མུ་སྟེགས་པའི་སྟོན་པ་ཐམས་ཅད་བྱིན་པ་ཤིང་ལྟར་རེངས་པ་སོགས་ཀྱི་མཛད་བཟང་མཚོན་སླད་མདུན་དུ་མུ་སྟེགས་བྲམ་ཟེའི་ཆ་བྱད་ཅན་ཞིག་དངངས་ཤིང་འཁོད་པ་དང་། དེ་བཞིན་ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དང་བརྩམ་པར་དམ་བཅའ་མཛད་པའི་སྐབས་མུ་སྟེགས་ནག་པོ་ཐུབ་རྒྱལ་གྱི་ཁ་ནས་མེ་ཕྱུང་སྟེ་སློབ་དཔོན་གྱི་ན་བཟའ་སོགས་ཚིག་པའི་རྣམ་ཐར་མཚོན་བྱེད་མདུན་ཟུར་དུ་མུ་སྟེགས་པ་ཁ་ནས་མེ་འབྱིན་བཞིན་པ་བཅས་ཀྱི་རྣམ་པ་ཅན་འབྲི་བཞེངས་གནང་སྲོལ་ཡོད་ལ། དེ་བཞིན་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[31]

རྨད་བྱུང་སྤོབས་པའི་ཚིག་གཅིག་གིས། །ས་ཆེན་རྣམ་པ་དྲུག་གཡོས་ནས། །

རྒོལ་ངན་སྤོབས་པ་རྒྱུད་བཅད་ནས། །ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །

ཅེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་རྩོམ་པར་བཞེད་ནས་རྡོ་ཐལ་གྱིས་མཆོད་བརྗོད་བྲག་ལྡེབས་སུ་བྲིས་པ་སློབ་དཔོན་བསོད་སྙོམས་སུ་གཤེགས་ཤུལ་དུ་ལན་གཉིས་བར་བསུབས། གསུམ་པར་མཆོད་བརྗོད་དང་མཉམ་དུ་རྩོད་པར་འདོད་ན་གཟུགས་སྟོན་ཞེས་བྲིས་པ་དེས་མཐོང་སྟེ་བསྡད། སློབ་དཔོན་དང་བརྩད་པས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པ་ན། ཁོ་འཁྲུག་སྟེ་ཁ་ནས་མེ་བཏང་ནས་སློབ་དཔོན་གྱི་ཡོ་བྱད་ཚིག་པར་བྱས་པས་སློབ་དཔོན་ཐུགས་སྐྱོ་སྟེ་སེམས་བསྐྱེད་གཏོང་བར་བརྩམས་པས། རྗེ་བཙུན་གྱིས་ཞལ་བསྟན་ནས་བཀག་པར་མ་ཟད། ད་དུང་ཚད་མ་ཀུན་བཏུས་མུ་མཐུད་རྩོམ་དགོས་པར་སྐུལ་བ་བཅས་ཀྱི་མཚོན་བྱེད་དུ་སློབ་དཔོན་རྩོད་པའི་རྣམ་པ་ལ་ཐུབ་རྒྱལ་ནག་པོའི་མེ་ལྕེ་འབར་བ། མདུན་གྱི་ནམ་མཁའི་སྤྲིན་གསེབ་ཏུ་རྗེ་བཙུན་འཇམ་དཔལ་དབྱངས་བཞུགས་པའི་རྣམ་པ་ཅན་ནོ། །དེས་ན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས་[32]ཀྱང་།

འཇམ་པའི་དབྱངས་ཀྱིས་རྗེས་གཟུང་དྲི་མེད་བློ། །

ཀུན་བཏུས་རལ་གྲི་རེངས་པ་སྣར་བཅངས་ནས། །

རྩོད་པའི་མདུན་སར་མུ་སྟེགས་བཀར་བཏགས་ཤིང་། །

རྒྱལ་བསྟན་བཏེགས་པའི་ཕྱོགས་ཀྱི་གླང་པོར་འདུད། །

ཅེས་གསུངས་པ་ལྟར་རོ།།

 

༡༢༽ དཔལ་ལྡན་ཆོས་གྲགས་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[33]

བློ་གྲོས་ལུས་བརྗིད་ཚུལ་ཁྲིམས་རལ་པས་མཛེས། །

རྣམ་དཔྱོད་མིག་ལྡན་རིགས་པའི་མཆེ་སྡེར་གྱིས། །

ཕྱིར་རྒོལ་དྲེགས་པ་གླང་པོའི་ཀླད་འགེམས་པ། །

ཆོས་ཀྱི་གྲགས་པ་འཇིགས་མེད་སེང་གེ་རྒྱལ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་ཚད་མའི་རྒྱན་གྱུར་དཔལ་ལྡན་ཆོས་གྲགས་ཀྱི་སྐུ་ཡི་ཆ་ལུགས་ནི། ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས[34]

རྒྱུ་རྐྱེན་རྟེན་འབྲེལ་དུ་མས་འཇིམ་བཟང་ནི། །

བཟོ་རིག་མཁས་པའི་ལག་པའི་འཕྲུལ་འཁོར་ལས། །

གང་གི་སྣང་བརྙན་རྒྱ་གར་པཎ་ཆེན་དབྱིབས། །

ཆོས་དབྱིངས་མེ་ལོང་མདངས་ཅན་དེ་ལ་འདུད། །

 

ཕྱག་གཡས་ཤེས་རབ་རལ་གྲིས་གཏི་མུག་གཅོད། །

ཕྱག་གཡོན་བདག་མེད་སྒྲ་སྒྲོགས་རྣམ་འགྲེལ་གཞུང་། །

འགྲོ་ལ་མི་འཇིགས་སྐྱབས་སྦྱིན་སྩོལ་བའི་ཕྱག །

མཐའ་གཉིས་གནོན་པའི་ཕྱེད་ཀྲུང་ཅན་ལ་འདུད། །

 

ཀུན་རྨོངས་རྒོལ་གཟུགས་ཀུན་དཀྲིས་ཀུན་འཁྲུགས་མདངས། །

ཡང་དག་བསྟན་ལ་ལྷུར་ལེན་འདུད་པའི་དབྱིབས། །

འགྲོ་རྣམས་དེ་ལྟའི་དཔལ་ལ་འགོད་དོ་ཞེས། །

དགེ་སློང་ཆ་ལུགས་མཛེས་པས་སྤྲས་ལ་འདུད། །

 

དོན་དམ་རིགས་བདག་པཎ་ཞྭ་རྩེ་རིང་ནི། །

དཀོན་མཆོག་དབུ་འཕང་མཐོ་ཕྱིར་གྱེན་དུ་བསྒྲེངས། །

སྤོབས་པའི་གདེངས་ལྡན་ཞྭ་ལག་རླུང་བསྐྱོད་ཚུལ། །

རྣམ་པར་བརྗིད་པའི་དཔལ་འཛིན་དེ་ལ་འདུད། །

ཅེས་གསུངས་པ་ལྟར་དང་། གཞན་ཡང་དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[35]། ཆོས་ཀྱི་གྲགས་པ་གུར་གུམ་གྱི་མདོག་ཅན་དགེ་སློང་གི་དགྱེས་པ་སྐྱེས་པ་དང་ལྷན་ཅིག་པ། ཞེས་གསུངས་པ་ལྟར་རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་རྩེ་མོར་སོན་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་མནབས་པ། གཞུང་ཆེན་བཀའ་པོད་ལྔ་ལས་ཚད་མའི་རྒྱན་དང་། མུ་སྟེགས་པའི་རྒོལ་བ་རྣམས་རིགས་པའི་ལམ་ནས་ཚར་བཅད་པའི་རྨད་བྱུང་གི་མཛད་བཟང་མཚོན་སླད་ཕྱག་གཉིས་བརྒལ་རྟགས་ཀྱི་རྣམ་པར་རོལ་བ་སྟེ། སྡེ་སྣོད་གསུམ་དང་རིག་བྱེད་ཀྱི་གཞུང་ལུགས་མཐའ་དག་ལ་དབང་བསྒྱུར་ཏེ་མུ་སྟེགས་འབུམ་ཕྲག་ཙམ་རྩོད་པས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པར་བཅུག་པའི་མཚོན་བྱེད་དུ། རྩོད་པའི་རྣམ་འགྱུར་དང་ཕྱོགས་ལས་རྣམ་པར་རྒྱལ་བའི་སེངྒེའི་སྒྲ་དབྱངས་སྒྲོག་ཅིང་། ཕྱག་གཡོན་དུ་ཕྱག་ཕྲེང་བཞེས་ཐོག་བཞུགས་གདན་འབོལ་བརྩེག་གི་སྟེང་དུ་གདིང་བའི་སྟན་ལ་ཞབས་གཉིས་བརྐྱངས་པའི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ནོ།།

 

༡༣༽ འཕགས་པ་གྲོལ་སྡེའི་སྐུ་ཡི་ཆ་ལུགས།

 

འཕགས་པ་རྣམ་གྲོལ་སྡེའི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན། སྐུ་མདོག་དཀར་ལ་དམར་མདངས་ཆགས་ཤིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་བ། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་ཡ་གྱལ་དང་། ལྷག་པར་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་པའི་མཚོན་རྟགས་སུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་བ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། ཕྱག་གཡོན་དུ་ཆོས་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའམ་བྲིས་ཆ་ལ་ལར་ཕྱག་གཡས་ས་གནོན་དང་། ཕྱག་གཡོན་མཉམ་བཞག་མཛད་པའི་སྟེང་དུ་ཟབ་རྒྱས་ཀྱི་གཞུང་ལུགས་ཕུལ་དུ་ཕྱིན་པ་ལྗགས་རྩོམ་མཛད་པའི་གསུང་གི་མཛད་པ་མཚོན་བྱེད་ཤེར་ཕྱིན་གྱི་གླེགས་བམ་བསྣམས་ཤིང་། སྐུའི་གཡོན་དུ་ཟ་མ་ཏོག་དང་། པཎ་ཞྭ་དངོས་སུ་མ་བཞེས་པར་དབུ་ཐོག་ཏུ་ལེབ་མོར་འཇོག་གནང་མཛད་པའི་རྣམ་པ་ཅན་ནོ།།

 

༡༤༽ སློབ་དཔོན་སེངྒེ་བཟང་པོའི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཚིག་དོན་གཉིས་ལ་མཁས་པའི་སློབ་དཔོན་སེངྒེ་བཟང་པོའི་སྐུ་ཡི་ཆ་ལུགས་ནི། གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས[36]

ཤེར་ཕྱིན་བཀའ་བབས་སེངྒེ་བཟང་པོའི་ཞབས། །

ཕྱག་གཉིས་ཆོས་འཁོར་དབུ་ལ་པཎ་ཞུ་དང་། །

སྐུ་ལ་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །

ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་ནི། སྐུ་མདོག་དཀར་ལ་དམར་མདངས་ཆགས་ཤིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་ཞིང་། གནས་ལྔ་རིག་པ་སྤྱི་དང་། ལྷག་པར་སྡེ་སྣོད་གསུམ་གར་མཁྱེན་པ་ཕུལ་དུ་བྱུང་བས་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་མནབས་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། མཛད་པ་ཀུན་ལས་མཆོག་ཏུ་གྱུར་པའི་གསུང་གི་མཛད་པའི་མཚོན་དོན་དུ་ཕྱག་གཡོན་མཉམ་བཞག་གི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པའམ་ཕྱག་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་ཅན་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས[37]

ཤཱཀྱ་སེངྒེའི་བསྟན་པ་ཡི། །སྙིང་པོ་མཐར་ཐུག་ཤེར་ཕྱིན་དོན། །

འབྱེད་ལ་སྨོན་ལམ་མཐུ་གྲུབ་པ། །རྒྱལ་སྲས་བཟང་པོའི་མཚན་ཅན་རྒྱལ། །

ཞེས་གསུངས་པ་ལྟར་རིགས་རྒྱལ་རིགས་སུ་སྐུ་འཁྲུངས་པའི་མཚོན་དོན་དུ་རྔུལ་ལེན་སྔོ་སྐྱ་བཞེས་ཤིང་། བཞུགས་གདན་འབོལ་རྩེག་གི་སྟེང་དུ་གདིང་བའི་སྟན་ལ་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་ཆ་ལུགས་ཅན་ནོ།།

གཞན་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར་ལས[38]། བདག་ཉིད་ཆེན་པོ་འདི་དགུང་ལོ་བཅུ་པ་ཙམ་གྱི་དུས་སུ། ཕར་ཕྱིན་ལ་སློབ་གཉེར་ཤིན་ཏུ་འགྲུས་པར་མཛད་པའི་སྐབས་རྣམས་སུ། མནལ་ལམ་དུ་རྒྱ་གར་གྱི་པཎྜི་ཏ་མང་པོ་གཟིགས་ཤིང་། ཁྱད་པར་སློབ་དཔོན་སེང་གེ་བཟང་པོ་ཡིན་ཟེར་བའི་པཎྜི་ཏ་སྐུ་གཟུགས་རིང་པོ་ན་བཟའ་ངུར་སེར་བཞེས་པ་ཞིག་གིས་ལས་འབྲས་དང་བསམ་གཏན་སྒོམ་པའི་མན་ངག་ལ་སོགས་པའི་ཆོས་མང་དུ་བསྟན་པར་རྨི་བ། ཞེས་གསལ་བ་ལྟར་སློབ་དཔོན་སེངྒེ་བཟང་པོའི་སྐུ་གཟུགས་ཀྱི་རིང་ཚད་དང་། ན་བཟའི་ཁ་དོག་གང་ཞིག་བཞེས་མིན་སོགས་གསལ་བ་འདི་ཡང་དཔྱད་གཞི་གལ་ཆེན་ཞིག་གོ།

 

༡༥༽ སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས།

 

སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས་ནི། ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (154-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[39]

ལུགས་བཟང་གསེར་གྱི་རི་བོ་ལ། །ཐུབ་པའི་བརྟུལ་ཞུགས་ཉི་མ་ཤར། །

ངུར་སྨྲིག་འཛིན་པའི་པད་ཚལ་རྒྱས། །ཡོན་ཏན་འོད་ཀྱི་ཞབས་ལ་འདུད། །

ཅེས་གསུངས་པ་ལྟར། སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན། སྐུ་མདོག་ཅུང་ཟད་དཀར་ལ་དམར་མདངས་ཆགས་ཤིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། སྡེ་སྣོད་གསུམ་དང་ལྷག་པར་དུ་ལྷག་པ་ཚུལ་ཁྲིམས་ཀྱི་གཞུང་ལམ་དམ་ཆོས་འདུལ་བའི་གནས་ལ་མཁས་པའི་མཆོག་ཏུ་གྱུར་ཏེ། གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཞལ་འདོན་དུ་མཛད་ནུས་པའི་སྐྱེས་མཆོག་ཁྱད་དུ་འཕགས་ཤིང་། པཎྜི་ཏའི་མཚོན་དོན་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་བཞེས་པ། འདུལ་བའི་ལུང་དང་དགོངས་འགྲེལ་མཐའ་དག་ལ་དབང་བསྒྱུར་ནས་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་མདོ་རྩ་འགྲེལ་དང་བཅས་པ་མཛད་པའི་མཚོན་བྱེད་དུ་ཕྱག་རིས་འབྲི་བཞིན་པར་བཞུགས་པའི་རྣམ་པའམ། ཕྱག་གཡས་ཆོས་འཆད་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དང་། བྲིས་ཆ་ལ་ལར་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་ཞུགས་པའི་རྣམ་པའི་རྣམ་ཅན་ནོ།།

 

༡༦༽ སློབ་དཔོན་ཤཱཀྱ་འོད་ཀྱི་སྐུ་ཡི་ཆ་ལུགས།

 

འདུལ་འཛིན་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱི་སྐུའི་ཆ་ལུགས་ནི། རྟེན་རབ་བྱུང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། གནས་ལྔ་རིག་པ་སྤྱི་དང་། བྱེ་བྲག་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་མཁས་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་མནབས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་དུ་འདུལ་བའི་གླེགས་བམ་བསྣམས་པའམ། བྲིས་ཆ་ལ་ལར་ཕྱག་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་སྐུ་རྒྱབ་ཏུ་འདུལ་བ་ལུང་སྡེ་བཞིའི་གླེགས་བམ་བརྩེགས་པ། སྐུ་ཚེའི་རིང་ལ་འདུལ་བའི་བཅས་ཁྲིམས་ཕྲ་ཞིབ་རྣམས་རང་གིས་ཕྱག་ལེན་དུ་བསྟར་ཞིང་། གཞན་ལའང་སྤེལ་བར་མཛད་པའི་མཚོན་དོན་དུ་སྤྱོད་ལམ་ཞི་དུལ་གྱི་རྣམ་པ་དང་། དམ་ཆོས་འདུལ་བའི་གཞུང་ནས་གསུངས་པའི་དགེ་སློང་གི་འཚོ་བའི་ཡོ་བྱད་ལས་ཆུ་ཚགས་དང་། གཞན་ཡང་འཁར་གསིལ་དང་། གསོལ་ལྷུང་། དེ་མིན་ཟ་མ་ཏོག་སོགས་བཅངས་བཞིན་བཞུགས་པའམ་བཀོད་པའི་རྣམ་རོལ་དུ་བཞུགས་པའོ།།

 

༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཇོ་བོ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཡི་ཆ་ལུགས་ནི། སྐུ་མདོག་མདངས་དང་ལྡན་ཞིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། གནས་ལྔ་རིག་པར་མཁས་པའི་ཕུལ་དུ་ཕྱིན་པས་དབུ་ལ་ཆ་པཎ་ཞྭ་དམར་པོ་སྐེད་ཆིངས་གསུམ་ལྡན་གསོལ་ཏེ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གདན་པདྨའི་སྟེང་དུ་ཞབས་སྐྱིལ་མོ་ཀྲུང་དང་། སྐུ་རྒྱབ་ཏུ་རིན་ཆེན་ཟ་མ་ཏོག་བཀོད་པའི་རྣམ་པ་དང་། ཇོ་བོའི་རྣམ་ཐར་ལྟར་ན། པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེས་ནམ་མཁའི་མཐོངས་སྙེག་པ། ཇོ་བོའི་ན་བཟའ་དེ་རྡོ་ཚོས་མ་སྣུམ་ན་དྲི་ཞིམ་ལ་མདངས་ཆགས་པ། སྐུ་ཤ་ཆེ་བ་ལྟ་བུ་ལ་བརྗིད་ཆགས་པ། སྐུ་ལུས་དྲང་ཞིང་མཛེས་ལ་སྐབས་ཐམས་ཅད་ཕྱེད་པ། ཕྱག་དང་སོར་མོ་ཐམས་ཅད་ཟླུམ་ཞིང་རྒྱས་པ། བྱིན་གྱིས་ཕྲ་བ། དབུ་སྐྲ་གནག་ཅིང་སྣུམ་ལ་མཚམས་ཕྱེད་པ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ཀྱང་འཛུམ་ཆགས་པ། སྨིན་མ་བཟང་ལ་མདངས་འབྲེལ་བ། སྣའི་གཟེངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མཆུའི་ཆག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ། ཟིལ་ཆེ་བ། ཡང་དང་ཡང་དུ་མཇལ་བར་འདོད་པའི་རྣམ་པ་ཅན་ཞིག་ཡོད་པར་གསུངས་སོ།།

 

པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་། གསུང་གི་དཀར་ཆག །པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་རྒྱས་པ། པཎ་གྲུབ་བསྟོད་ཚོགས་སོགས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༡༨ ཟླ་བ་ ༦ ཚེས་ ༢༣ ལ་ཟུར་འདོན་ཕྱོགས་བསྒྲིགས་ཞུས་པའོ།།

[1] ཨ་མེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨ན༦

[2] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༩༠

[3] ཏཱ་ར་ནཱ་ཐའི་གསུང་ཐོར་བུ། ༼༣༨༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༨ ལོ། ཤོག་ ༢༧༤

[4] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་ ༦ན༤ ནས་ ༧བ༣ བར་གསལ།

[5] དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ནོ། །བྱང་ཆུབ་ཀྱི་རྒྱུ་བྱེད་པའི་འཕགས་པའི་མཁྱེན་པ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་ལ། སྦྲུལ་མགོའི་གདེངས་ཀ་བདུན་གྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་མཚོན་པར་གསུངས་སོ།།

[6] ཆོས་རྣམ་ཀུན་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༦༤༤

[7] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༢༦

[8] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག ༣༡

[9] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག ༩༠

[10] ཆོས་རྣམ་ཀུན་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག ༣༦༤༤

[11] ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག ༨༦༨

[12] ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ དཔེ་རིང་། ཤོག ༥ན༥

[13] སྡེ་དགེ་བཀའ་འགྱུར། རྙིང་རྒྱུད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༡༦༠ན༤

[14] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༨༠༡

[15] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཛུ༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༦༢༨

[16] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣

[17] ཆོས་རྣམ་ཀུན་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༦༤༤

[18] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༩༢

[19] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས་ ༩༢༦

[20] ལས་རབས་གླིང་པའི་གཏེར་ཆོས། ༼ཁ༽ སྒྲུབ་ཐབས། དཔེ་རིང་། ཤོག་ ༣བ༥

[21] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༨

[22] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༨༠

[23] རྦ་ཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༠༧

[24] རྗེ་ཙོང་ཁ་པའི་གསུང་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༦ ནས་ ༧ བར།

[25] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༨

[26]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། ༼༡༽ ཤོག་གྲངས་ ༥༣ ནས་ ༥༤ བར་གསལ།

[27] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས། ༩༢༧

[28] འདོན་ཆ་ཉེར་མཁོ་ཕན་བདེའི་བུམ་བཟང་། ཆོད་བརྗོད། དཔེ་གཟུགས། ཤོག་ ༡༤ན༢ ནས་ ༡༥ན༦ བར།

[29] ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་ ༡༩བ༡

[30] ཀ་ལི་ཀ་ཏ་ནས་མེ་རྡི་ར་ས་ལ་འགྲོ་བའི་རེལ་ལི་ལ་ཞུགས་ཏེ་ཕྱིན་པས་ཐོག་མར་ཨོ་རི་ས་ལ་སླེབས། དེ་ནི་ཨོ་ཌི་བི་ཤའམ། ཀ་ལིང་ཀའི་ཡུལ་དེ་སྔོན་གསང་སྔགས་དར་བའི་གནས་ཡིན་ཅིང་། ད་དུང་ཡང་དེར་ནང་པའི་སྔགས་ཉམས་སུ་ལེན་པ་ཡོད་ཅེས་ཟེར། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གྱི་གནས་ཡིག་བསྡུས་པར་གསལ། (གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༣༦༥)

[31] བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༦༢

[32] འདོན་ཆ་ཉེར་མཁོ་ཕན་བདེའི་བུམ་བཟང་། ཆོད་བརྗོད། དཔེ་གཟུགས། ཤོག་ ༡༤ན༢ ནས་ ༡༥ན༦ བར།

[33] ས་སྐྱ་བཀའ་འབུམ། ཆོས་འཕགས་དང་པོ། ༼པ༽ དཔེ་གཟུགས། ཤོག་གྲངས་ ༢༡ན༢

[34] ཀུན་བློའི་གསུང་འབུམ། ༼ཤྲཱི༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༢༠༠༨ ལོ། དཔེ་རིང་ཤོག་ ༧ན༣

[35] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པའི་ཤོག་གྲངས། ༩༢༧

[36] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༩

[37] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༢ན༢

[38] སྟག་ཚང་ལོ་ཙཱ་བའི་གསུང་འབུམ། གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༧༠

[39] བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༦༢

 

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ལས་སྐུ་ཡི་ཆ་ལུགས་སྐོར་རྣམས་ཟུར་འདོན་ཞུས་པའོ།།

Leave a Reply

Your email address will not be published. Required fields are marked *