གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་རགས་ཙམ་གླེང་བ།

གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་རགས་ཙམ་གླེང་བ།

 

དང་པོ། དཔྱད་བྱའི་བསྟན་བཅོས་ངོ་སྤྲོད།

 

སྣར་ཐང་བསྟན་འགྱུར་ལས་རྒྱུད་ཕྱོགས་ཀྱི་པོད་ ༼ལུ༽ པའི་ཆོས་ཚན་དང་པོར། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་ཅིང་། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཞེས་པའི་བསྟན་བཅོས་ཤིག་བཞུགས། འདི་ལ་ལྡེབ་ ༦༤ ཤོག་ངོས་ ༡༢༨ ཙམ་དང་། ད་ལྟའི་མགོ་བཙེམ་ལྟར་ན་ཤོག་ངོས་ ༢༥༨ བཞུགས། སྣར་ཐང་བསྟན་འགྱུར་ནི་ཕྱི་ལོ་ ༡༧༡ ནས་ ༡༧༤༢ བར་དུ་པར་བཞེངས་པ་ཡིན་ཞིང་།

ཁུངས་ནི་སྡེ་སྲིད་སངས་རྒྱམ་པས་བཞེངས་པའི་བསྟན་འགྱུར་བྲིས་མ་དང་། རྒྱལ་རྩེའི་བསྟན་འགྱུར་བྲིས་མ་གཉིས་ཡིན། དེ་བཞིན་པེ་ཅིང་བསྟན་འགྱུར་ ༼ཕྱི་ལོ་ ༡༧༢༤ ལོ་ནས་ ༡༧༣༨ ལོའི་བར་༽ ལས་ཀྱང་རྒྱུད་འགྲེལ་པོད་ ༼ལུ༽ པའི་ཆོས་ཚན་དང་པོར་ཡང་བཞུགས། མདོར་ན། ཡིག་ཚང་ཚད་ལྡན་ལ་གཏོགས་ཤིང་། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དང་། རྒྱལ་ཕྲན་ཁག་གི་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། རྣམ་ཐར་དང་། དོ་ཧའི་རྩོམ་རིག་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ།

 

གཉིས་པ། ནང་བསྟན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆེས་མཐའ་མཇུག་གི་རྒྱལ་རབས།

པཱ་ལའི་རྒྱལ་རབས།

ཆབ་སྲིད།

 

རྒྱ་གར་ཤར་ཕྱོགས་བྷངྒ་ལ་དང་གངྒཱའི་སྨད་རྒྱུད་མ་ག་དྷ་ས་ཁུལ་ལ་མཚོན་ན། ཕྱི་ལོའི་དུས་རབས་ ༨ པ་ནས་ ༡༢ པའི་བར་ནི། བྷང་ག་ལའི་མི་རྒྱུད་ཀྱིས་བཙུགས་པའི་པཱ་ལའི་རྒྱལ་རབས་ (ཕྱི་ལོ་ ༧༥༠ ལོ་ནས་ ༡༡༧༤ འམ་ ༡༡༩༠ ལོའི་བར་) ཀྱིས་དབང་བསྒྱུར་བའི་དུས་སྐབས་ཡིན། དུས་སྐབས་དེར་རྒྱ་གར་གྱི་ལོ་རྒྱུས་ལས་གཅིག་གྱུར་ཆེན་མོ་གཉིས་པ་སྟེ་གུཔྟའི་རྒྱལ་རབས་ (སྔ་མ་ནི་ཕྱི་ལོ་ ༣༢༠ ནས་ ༥༣༤ ལོའི་བར་དང་། ཕྱི་མ་ནི་ཕྱི་ལོ་ ༥༣༤ ནས་ ༧༣༠ ལོའི་བར་) ཀྱི་གཅིག་གྱུར་རྣམ་པ་ཡོངས་སུ་མཇུག་གྲིལ་ནས། ཐོག་མར་རྒྱ་གར་ལྷོ་བྱང་གཉིས་སུ་གྱེས་ཤིང་། དེ་ནས་ལྷོ་བྱང་གཉིས་ཀ་རྒྱལ་ཕྲན་དུ་མས་ཡུལ་གྲུ་བཅད་བཟུང་བྱས་པའི་སྐབས་ཡིན་ལ། པཱ་ལའི་རྒྱལ་ཁབ་ནི་དེའི་ཁྲོད་ཀྱི་ནང་བསྟན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཕྲན་གཅིག་པུ་ཡིན། དུས་རབས་ ༡༢ པའི་དུས་མཇུག་ཏུ་རུ་ཀའི་དམག་གི་འཇིགས་པ་བྱུང་ནས་པཱ་ལའི་རྒྱལ་རབས་ཀྱང་མཇུག་རྫོགས།

 

གསུམ་པ། ནང་པའི་གསང་སྔགས་ཀྱི་རྫོགས་ལྡན་དུས་སྐབས། པཱ་ལའི་རྒྱལ་རབས།

ཆོས་ལུགས་རིག་གནས།

གཅིག སྤྱིར་རྒྱ་གར་དུ་ཤེས་རིག་དར་བའི་དུས་སྐབས་ཆེན་པོ་ལྔ་དང་འབྲེལ་ནས་དཔྱད་ན།

༡ ཧ་ལ་ཕའི་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༢༥༠༠ ནས་ཕྱི་ལོའི་སྔོན་གྱི་ལོ་ ༡༥༠༠ ཙམ་) དང་། ༢ ཡ་ལི་ཨན་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༡༥༠༠ ནས་ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ཙམ་) དང་། ༣ ནང་བསྟན་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ནས་ཕྱི་ལོའི་རྗེས་ཀྱི་ལོ་ ༤༠༠ ཙམ་) དང་། ༤ ཧིན་དྷུའི་ཆོས་ལུགས་ཀྱི་ཤེས་རིག་གི་དུས་སྐབས་ (ཕྱི་ལོ་ ༣༢༠ ནས་ཕྱི་ལོ་ ༡༢༠༠ ཙམ་) དང་། ༥ ཧིན་དྷུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཀྱི་ཤེས་རིག་གཉིས་མཉམ་འདྲེས་ཀྱི་དུས་སྐབས་ (ཕྱི་ལོ་ ༡༢༠༦ ནས་ཕྱི་ལོ་ ༡༨༨༧ ཙམ་) བར་བཅས། མདོར་ན། རྒྱ་གར་དུ་ཤེས་རིག་དར་བའི་དུས་རིམ་གཙོ་བོ་ལྔ་ལས་པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་ནི་ཧིན་དྷུའི་ཆོས་ལུགས་ཀྱི་ཤེས་རིག་རྒྱ་ཆེར་དར་བའི་དུས་མཇུག་དང་། རྒྱ་གར་བྱང་ཕྱོགས་སུ་ཁ་ཆེའི་ཆོས་ལུགས་ཀྱི་མྱུ་གུ་འབུས་བཞིན་པའི་དུས་སྐབས་སུ་ཁེལ་ཡོད།

གཉིས། བྱེ་བྲག་ཏུ་རྒྱ་གར་ལ་སངས་རྒྱས་ཆོས་ལུགས་དར་བའི་དུས་རིམ་གཙོ་བོ་བཞི་དང་འབྲེལ་ནས་དཔྱད་ན།

༡ པཱ་ལའི་རྒྱལ་རབས་ཀྱི་དུས་འགོ་ཙམ་ལ་སླེབས་དུས། ནཱ་ལེནྡྲ་དགོན་པ་སོགས་ནང་པའི་སྔོན་གྱི་གནས་གཞི་མང་པོ་ཅུང་ཟད་ཉམས་པ་ལ་ཕྱོགས་པས། པཱ་ལའི་རྒྱལ་རབས་ཀྱི་ཆོས་རྒྱལ་པཱ་ལ་རྣམ་བདུན་གྱི་སྐུ་རིང་ལ་བི་ཀྲ་མ་ཤཱི་ལ་དང་། ཨོ་ཏནྟ་པུ་རི། སོ་མ་པུ་རི་ལ་སོགས་པའི་ནང་པའི་དགོན་སྡེ་ཆེ་ཁག་འགའ་ཞིག་གསར་དུ་བཏབ། དེ་དག་རྒྱུད་སྡེའི་ལུགས་ཀྱི་དཀྱིལ་འཁོར་བཞེངས་ཚུལ་ལྟར་བཏབ་ཅིང་། གཙོ་བོ་གསང་སྔགས་རྒྱུད་སྡེ་བཞི་ལ་འཆད་ཉན་བྱ་སར་གྱུར་པ་དང་གཅིག

༢ གསར་དུ་བཏབ་པའི་གནས་གཞི་དག་ལས་བི་ཀྲ་མ་ཤཱི་ལ་ནི་རིམ་གྱིས་སྙན་གྲགས་ཆེ་ཤོས་སུ་གྱུར་ཏེ། དེར་བི་ཀྲ་མ་ཤི་ལའི་སྔགས་ཀྱི་སློབ་དཔོན་བཅུ་གཉིས་དང་། མཁས་པ་སྒོ་དྲུག་སོགས་པཎ་གྲུབ་སྙན་གྲགས་ཅན་ཤིན་ཏུ་མང་པོ་སྐྱེད་སྲིང་བྱས། བི་ཀྲ་མ་ཤཱི་ལའི་མཁན་པོར་བཞུགས་པ་དག་གིས་ནཱ་ལེནྡྲ་དང་རྡོ་རྗེ་གདན་སོགས་སྔོན་གྱི་གདན་ས་རྙིང་པ་རྣམས་ཀྱང་བསྐྱང་དགོས་པའི་སྲོལ་བཙུགས་པ་དང་གཉིས།

༣ པཱ་ལའི་རྒྱལ་རབས་ཀྱིས་ལོ་ངོ་ ༤༠༠ ལྷག་ལ་ཆབ་སྲིད་བསྐྱངས་པའི་རིང་ལ། བསྡོམས་པས་རྒྱལ་རབས་བཅུ་དགུ་བྱོན་པ་ཐམས་ཅད་ནང་པའི་ཐེག་པ་ཆེ་ཆུང་སྤྱི་ལ་ཞབས་ཏོག་ལེགས་ཤིང་། ཁྱད་པར་དུ་ཆོས་རྒྱལ་པཱ་ལ་རྣམ་བདུན་གྱི་རིང་ལ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་ཤུགས་ཆེན་པོས་སྤེལ་བས། དགོངས་འགྲེལ་བསྟན་བཅོས་མང་པོ་བྱུང་ཞིང་སྔགས་ཀྱི་ཆོས་རྒྱུན་སྣ་ཚོགས་དར་བ་དང་གསུམ།

མདོར་ན། པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་དེ་ལ་གསང་སྔགས་ཀྱི་ཆོས་སྡེ་མང་པོ་དར་ཞིང་རྒྱས་པ་དང་། གསང་སྔགས་ལ་བརྟེན་པའི་གྲུབ་ཐོབ་པ་ཤིན་ཏུ་མང་པོ་བྱོན་པ་དང་། གསང་སྔགས་ཀྱི་དགོངས་འགྲེལ་མང་པོ་མཛད་པ་བཅས་གསུམ་ལས་དཔྱད་ན། པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་ནི། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དར་བའི་དུས་རིམ་བཞི་ལས་གསང་སྔགས་དར་བའི་དུས་སྐབས་སམ། ཡང་ན་ནང་པའི་གསང་སྔགས་ཀྱི་རྫོགས་ལྡན་དུས་སྐབས་ཞེས་བརྗོད་ཆོག

 

བཞི་པ། གསང་སྔགས་རྫོགས་ལྡན་དུས་སྐབས་ཀྱི་སྔགས་ཀྱི་བསྟན་པའི་བདག་པོ།

རྒྱ་གར་གྲུབ་ཆེན་གྱ་བཞི།

པཱ་ལའི་རྒྱལ་རབས་ཀྱི་ལོ་ངོ་ ༤༠༠ ཡི་རིང་ལ་ནང་པའི་གསང་སྔགས་ལ་བརྟེན་ནས་གྲུབ་པ་ཐོབ་པ་བགྲང་གིས་མི་ལང་བ་བྱོན་པ་ལ། བསྟན་འགྱུར་གཙོ་བྱས་པའི་སྔོན་གྱི་ཡིག་ཚང་ལ་མཇལ་ཚེ། ཡུལ་དུས་དང་ཆོས་རྒྱུན་བཅས་མི་འདྲ་བའི་ཁྱད་པར་གྱིས་དེ་དག་ལ་ཕྱོགས་སྡོམ་བྱེད་ལུགས་ཀྱང་ ༩ ཙམ་བྱུང་འདུག གྲུབ་ཆེན་ ༨ དང་། ༡༥ ༤༣ ༥༡ ༧༩ ༨༤ ༨༧ ༡༢༦ ༣༨༡ བཅས་སོ།།

ཕྱིས་སུ་དེ་དག་ལས་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ཞེས་པ་གྲགས་ཆེ་བར་གྱུར་འདུག་སྟེ། རྒྱུ་མཚན་ནི། ༡ ཕྱག་རྒྱ་ཆེན་པོའི་ཆོས་རྒྱུན་གྱི་ཁུངས་བཙུན་པ་སྟོན་ཕྱིར་སྔོན་གྱི་གྲུབ་ཆེན་འགའ་ཞིག་བགྲང་བ་མ་གཏོགས། ཕལ་མོ་ཆེ་ནི་པཱ་ལའི་རྒྱལ་རབས་སུ་བྱོན་པ་ཐམས་ཅད་ལས་རྩོད་མེད་ཡོངས་གྲགས་སུ་གྱུར་པ།

༢ རང་གིས་རྒྱུད་སྡེ་བཞི་ལ་ཐོས་བསམ་སྒོམ་གསུམ་ཚད་ལྡན་དང་། གཞན་ལ་ཟབ་མོ་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་རྣམ་དག་སྟོན་པའི་བསྟན་བཅོས་མང་པོ་མཛད་པས་གསང་སྔགས་ཀྱི་བསྟན་པ་དར་བར་ཕྱག་རྗེས་ཁྱད་པར་དུ་ཆེ་བ།

༣ བདེ་གསང་དགྱེས་གསུམ་སོགས་ཡི་དམ་སྒྲུབ་སྐོར་དང་བཀའ་བབ་བདུན་ལྡན་སོགས་སྔགས་ཀྱི་ཆོས་རྒྱུན་གལ་ཆེན་དག་སྤེལ་མཁན་དུ་གྱུར་པ་སོགས་ལ་དམིགས་ནས། པཱ་ལའི་རྒྱལ་རབས་ནི་ནང་པའི་གསང་སྔགས་ཀྱི་རྫོགས་ལྡན་དུས་སྐབས་སུ་གྱུར་ཡོད་ན། གྲུབ་ཆེན་གྱ་བཞི་ནི་རྫོགས་ལྡན་དུས་སྐབས་ཀྱི་གསང་བ་སྔགས་ཀྱི་བསྟན་པའི་བདག་པོ་རུ་བགྲང་ཆོག་སྟེ། སྔགས་ཀྱི་ཆོས་སྐོར་དང་གདམས་ངག་ཕལ་ཆེར་གྱི་ཁུངས་གཏུགས་སར་གྱུར་ཡོད། གྲུབ་ཆེན་གྱི་གྲངས་ལ་བརྒྱད་ཅུ་རྩ་བཞི་གྲངས་ངེས་པར་བྱེད་དོན་ནི། གསང་བདེ་དགྱེས་གསུམ་སོགས་ཡི་དམ་རེ་རེའི་ལྷ་ཚོགས་གཙོ་བོ་བགྲང་ཚུལ་གྱི་གྲངས་ལ་སྒོ་བསྟུན་པ་ཡིན་ངེས་ཏེ། དེ་ལ་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་མང་པོ་ཡོད་པ་ལ་དགོངས་པ་ཡིན་སྙམ།

ལྔ་པ། རྒྱ་བོད་བལ་གསུམ་དུ་རྒྱ་གར་གྲུབ་ཆེན་གྱ་བཞི་ངོས་འཛིན་ལུགས་ལ་

བཞེད་པ་མི་མཐུན་པ་ལྔ་བྱུང་ཡོད།

རྒྱ་གར་གྲུབ་ཆེན་གྱ་བཞི་ཞེས་རྒྱ་བོད་ཀུན་ཏུ་ཡོངས་སུ་གྲགས་པར་གྱུར་མོད། སྔོན་གྱི་ཡིག་ཚང་ལས་དཔྱད་ན། ཡུལ་དུས་དང་ཆོས་རྒྱུན་བཅས་མི་འདྲ་བའི་ཁྱད་པར་ལས། གྲུབ་ཆེན་གྱ་བཞི་ལ་གྲུབ་ཐོབ་པ་སུ་སུ་བགྲང་དགོས་པའི་ཐད་རྒྱ་བོད་བལ་གསུམ་དུ་བཞེད་ལུགས་མི་མཐུན་པ་གཙོ་བོ་ལྔ་ཙམ་བྱུང་། གྲུབ་ཆེན་གང་དག་བགྲང་བ་དང་། མཚན་འབྲི་ཚུལ། གོ་རིམ་སྒྲིག་སྟངས་སོགས་ཀྱི་ཐད་བཞེད་ལུགས་ལྔ་པོ་ཁྱད་པར་ཤིན་ཏུ་ཆེ། བཞེད་ལུགས་ལྔ་བྱུང་བ་རྣམས་ས་དགེ་བཀའ་རྙིང་ཇོ་ནང་བཅས་བོད་ཀྱི་གྲུབ་མཐའ་ལྔའི་སྟེང་དུ་མངོན་གསལ་ཡིན་ཏེ། རང་རང་ལུགས་ཀྱི་གྲུབ་ཆེན་གྱ་བཞི་རེ་འདྲེན་ཞིང་། གྲུབ་ཆེན་གྱ་བཞིའི་དབང་རྗེས་གནང་དང་བྱིན་རླབས་བྱ་ཚུལ་ཡང་སོ་སོར་བྱུང་། ༡ རྒྱ་གར་རྡོ་རྗེ་གདན་པའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། རྙིང་མ་པ་དང་དགེ་ལྡན་པའི་ལུགས་ལ་ཤན་ཞུགས། ༢ བལ་པོ་དཔལ་སྡེའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། དགེ་ལྡན་པར་དར་ཆེ། ༣ ཙ་མིའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། བཀའ་བརྒྱུད་པ་དང་ཇོ་ནང་པར་དར་ཆེ། ༤ པ་ཚབ་ལུགས་ཀྱི་གྲུབ་ཆེན་གྱ་བཞི། ས་སྐྱ་པར་དར་ཆེ། ༥ ཀུན་མཁྱེན་འཇིགས་མེད་གླིང་པའི་ལུགས་ཀྱི་གྲུབ་ཆེན་གྱ་བཞི། རྙིང་མ་པར་དར་ཆེ།

 

དྲུག་པ། གྲུབ་ཆེན་གྱ་བཞིས་རྒྱ་བོད་ཀྱི་ནང་བསྟན་ལ་བཞག་པའི་མཛད་རྗེས།

རྒྱ་གར་དུ་ནང་བསྟན་དར་བའི་དུས་རིམ་ཆེན་པོ་བཞི།

༡ རྒྱལ་ཕྲན་སིལ་མ་བཅུ་དྲུག །གདོད་མའི་ནང་བསྟན་གྱི་དུས་སྐབས།

༢ མཽརྱཱའི་རྒྱལ་རབས། ཐེག་དམན་ཉན་ཐོས་སྡེ་པ་དར་བའི་དུས་སྐབས།

༣ ཀུ་ཤ་ཎ་དང་གུཔྟའི་རྒྱལ་རབས། ཐེག་ཆེན་དབུ་སེམས་གཙོ་བོར་དར་བའི་དུས་སྐབས།

༤ རྒྱལ་པོ་ཧར་ཤ་དང་པཱ་ལའི་རྒྱལ་རབས། ཐེག་ཆེན་གསང་སྔགས་གཙོ་བོར་དར་བའི་དུས་སྐབས།

རྒྱུ་མཚན་ཉིད་ཐེག་པའི་ཟབ་རྒྱས་ཀྱི་ལམ་རིམ་གསལ་བར་བྱེད་པ་ལ་གཙོ་བོ་རྒྱན་དྲུག་མཆོག་གཉིས་འཕྲིན་ལས་ཆེ་བ་ཇི་ལྟར་དུ། འབྲས་བུ་རྡོ་རྗེའི་ཐེག་པའི་ཟབ་རྒྱས་ཀྱི་ལམ་རིམ་གསལ་བར་བྱེད་པ་ལ་གཙོ་བོ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་རྣམས་མཛད་པ་རླབས་ཆེ།

སྔགས་ཕྱོགས་སུ། ཆོས་རྒྱུན་སྣ་ཚོགས་སྤེལ། རྒྱུད་འགྲེལ་མང་པོ་མཛད། བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར། (སྡེ་དགེའི་བསྟན་འགྱུར་དཔེར་དྲངས་ན། ཁྱོན་ཆོས་ཚན་ ༣༤༦༨ བཞུགས་པར། སྔགས་ཕྱོགས་ཀྱི་ཆོས་ཚན་ ༢༦༨༥ ཡོད་ (77.5%) ལ། དེ་ལས་ཆོས་ཚན་ ༧༨༨ ཙམ་ནི་གྲུབ་ཆེན་གྱ་བཞི་ཡིས་མཛད་པའམ་བོད་སྐད་དུ་བསྒྱུར།

མདོ་ཕྱོགས་སུ། གྲུབ་ཆེན་ནཱ་གརྫུ་ན་(སློབ་དཔོན་ཀླུ་སྒྲུབ་)དང་། གྲུབ་ཆེན་ཀཎ་རི་པ་(འཕགས་པ་ལྷ་)གཉིས་ཀྱིས་ཟབ་མོ་ལྟ་བརྒྱུད་ཀྱི་ལམ་རིམ་གསལ་བར་བྱས་པ་དང༌། གྲུབ་ཆེན་བྷུ་སུ་ཀུ་(རྒྱལ་སྲས་ཞི་བ་ལྷ་)ཡིས་རླབས་ཆེན་སྤྱོད་བརྒྱུད་དམ་བྱིན་རླབས་ཉེ་བརྒྱུད་ཀྱི་ལམ་རིམ་གསལ་བར་བྱས། མདོར་ན། གནའ་བོའི་རྒྱ་བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ལ་མདོ་སྔགས་གཉིས་ཆར་གྲུབ་ཆེན་གྱ་བཞི་རྣམས་འཕྲིན་ལས་ནམ་མཁའ་དང་མཉམ།

 

ཆོས་རྒྱུན་སྣ་ཚོགས་སྤེལ་བར་གྲུབ་ཆེན་གྱ་བཞི་སྐུ་དྲིན་ཆེ་ཚུལ་ནི།

 

མདོ་ཕྱོགས་ལ་དཔེར་མཚོན་ན། གྲུབ་ཆེན་གྱ་བཞིའི་ཡ་གྱལ་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་འཕགས་པ་ལྷ་གཉིས་ནས་བརྒྱུད་པའི་ཟབ་མོ་དབུ་མའི་ལྟ་བ་དང་། གྲུབ་ཆེན་གྱ་བཞིའི་ཡ་གྱལ་རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པའི་རླབས་ཆེན་སྤྱོད་རྒྱུད་དམ་བྱིན་རླབས་ཉེ་བརྒྱུད་དེ། མདོ་ཕྱོགས་ཀྱི་ཟབ་རྒྱས་ལམ་རིམ་གཉིས་ཀ་དང་། དེ་བཞིན་དུ་སྔགས་ཕྱོགས་སུ་ཡང་དཔེར་ན། གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་ལས་བརྒྱུད་པའི་ཕུར་པའི་ཆོས་སྐོར་དང༌། གྲུབ་ཆེན་ལཱུ་ཨི་པ་དང་ནག་པོ་སྤྱོད་པ་དང་དྲིལ་བུ་པ་སོགས་ལས་བརྒྱུད་པའི་བདེ་མཆོག་གི་ཆོས་སྐོར་དང་། གྲུབ་ཆེན་བི་རཱུ་པ་དང་ལཉྩི་ཀ་ར་སོགས་ལས་བརྒྱུད་པའི་རྡོ་རྗེ་ཕག་མོའི་ཆོས་སྐོར་དང་། གྲུབ་ཆེན་ལི་ལ་པ་དང་ཌོམྦྷི་པ་དང་ཝཱི་ན་པ་སོགས་ལས་བརྒྱུད་པའི་དགྱེས་རྡོར་གྱི་ཆོས་སྐོར་དང༌། གྲུབ་ཆེན་ཀརྣ་རི་པ་དང་བནྡྷེ་པ་དང་ན་ལི་ན་སོགས་ལས་བརྒྱུད་པའི་གསང་འདུས་ཀྱི་ཆོས་སྐོར་དང་། གྲུབ་ཆེན་ནཱ་རོ་པ་ལས་བརྒྱུད་པའི་ནཱ་རོ་ཆོས་དྲུག་གི་ཆོས་སྐོར་སོགས་ཡི་དམ་སྒྲུབ་ཐབས་དང༌། གྲུབ་ཆེན་གྱ་བཞི་སྤྱི་ལས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་དང༌། གཞན་ཡང་། ས་ར་ཧའི་སློབ་མ་བྷཾ་ག་ལའི་དགེ་སློང་ཧ་ཡ་བ་ལ་ཞེས་པས་ཨོ་ཊི་ཡ་ན་རྡོ་རྗེའི་གནས་ནས་སྒྲོལ་མའི་རྒྱུད་སོགས་ཡུལ་དབུས་སུ་གདན་དྲངས་པ་དང༌། ཕྱིས་སུ་ཙནྡྲའི་རྒྱལ་ཕྲན་རབ་གསལ་ཟླ་བས་དེ་ཉིད་བསྡུས་པ་སོགས་རྣལ་འབྱོར་རྒྱུད་དང་། སྔར་ས་ར་ཧས་སངས་རྒྱས་ཐོད་པ་དང་། ཀླུ་སྒྲུབ་སློབ་མ་དང་བཅས་པས་གསང་བ་འདུས་པ་སོགས་དར་བར་མཛད་ཅིང༌། ཨོ་ཊི་ཡ་ནའི་ཡུལ་སོགས་ནས་ལྭ་བ་པ་དང་མཚོ་སྐྱེས་སོགས་ཀྱིས་ཀྱེ་རྡོར་སོགས་རྣལ་འབྱོར་མའི་རྒྱུད་དང་། ཤམྦྷ་ལ་ནས་ཙི་ལུ་པ་དང་པོ་ཊོ་པ། དུས་ཞབས་ཆེ་བ་ཅི་རིགས་ཀྱིས་དུས་འཁོར་དང༌། ལཱ་ལི་ཏས་ཨུ་རྒྱན་ནས་གཤེད་སྐོར་དང་། བི་རཱུ་པས་དམར་པོའི་རྒྱུད། ཌོཾ་བི་ཧེ་རུ་ཀ་སོགས་ཀྱིས་ཀུ་རུ་ཀུ་ལླེ་དང་ཨ་ར་ལི། ལཱུ་ཡི་པས་རྣལ་འབྱོར་མ་ཀུན་སྤྱོད་དང༌། ནག་པོ་སྤྱོད་པས་ཁ་སྦྱོར་དང་། ཀུ་ཀུ་རི་བས་མ་ཧཱ་མ་ཡ་སོགས་སྤྱན་དྲངས་ཏེ་དར་བར་མཛད་པ་ལྟ་བུའོ།།

ཡང་ཇོ་ནང་པའི་གྲུབ་མཐའ་སོགས་ལ་དར་བའི་ངོ་མཚར་བཀའ་བབས་བདུན་ལྡན་གྱི་བརྒྱུད་པ་ལ་དཔེར་མཚོན་ན་ཡང༌། བཀའ་བབས་དང་པོ་ཕྱག་རྒྱ་ཆེན་པོའི་གདམས་ངག་ནི། གྲུབ་ཆེན་བྲམ་ཟེ་སྒྲ་གཅན་འཛིན་ (ས་ར་ཧ་ཆེ་བ་ཡང་ཟེར་) ལས་འཕེལ་ཞིང༌། དེས་གྲུབ་ཆེན་ཀླུ་སྒྲུབ། དེས་གྲུབ་ཆེན་ཤ་བ་རི་ (ས་ར་ཧ་ཆུང་བ་ཡང་ཟེར་) དེས་གྲུབ་ཆེན་ལཱུ་ཡི་པ། དེས་གྲུབ་ཆེན་ཌེཾ་གི་པ། དེས་གྲུབ་ཆེན་ཏིལ་ལོ་པ། དེས་གྲུབ་ཆེན་ནཱ་རོ་པ། དེས་གྲུབ་ཆེན་ཌོཾ་བྷི་པ་ཆུང་བ་སོགས་ལ་བརྒྱུད་ཚུལ་དང་། བཀའ་བབས་གཉིས་པ་གཏུམ་མོའི་གདམས་པ་ནི། རྡོ་རྗེ་རྣལ་འབྱོར་མས་གྲུབ་ཆེན་བི་རཱུ་པ། དེས་ནག་པོ་བི་རཱུ་པ།(བི་རཱུ་པ་ཆུང་བ་ཡང་ཟེར་) དེས་གྲུབ་ཐོབ་བྱ་དཱ་ལི་པ། (གྲུབ་ཆེན་བྱ་རྔོན་ཞབས་) སོགས་ལ་བརྒྱུད་པས་མཚོན་བཀའ་བབས་བདུན་བརྒྱུད་ཐམས་ཅད་གྲུབ་ཆེན་གྱ་བཞིའི་ཡ་གྱལ་ལ་བརྟེན་ནས་རྒྱ་བོད་དུ་འཕེལ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་མཛད་པའི་དགོངས་འགྲེལ་བསྟན་བཅོས་དག་བོད་སྐད་དུ་བསྒྱུར་བ་དང་། གྲུབ་ཆེན་གྱ་བཞི་ལས་བརྒྱུད་པའི་ཆོས་རྒྱུན་མང་པོ་བོད་ཡུལ་དུ་དར་བའི་གོ་རིམ་ཁྲོད་དུ། ཆོས་ཁུངས་བཙུན་པར་སྟོན་ཕྱིར་རམ། གསང་སྔགས་ཉམས་ལེན་པ་ཚད་ལྡན་གྱི་མིག་དཔེ་སྟོན་པའམ། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་ཚུལ་སྟོན་ཕྱིར་སོགས་ཀྱི་དགོས་དབང་གིས་རྒྱ་གར་གྲུབ་ཆེན་གྱ་བཞིའི་རྣམ་ཐར་དང་། གྲུབ་ཆེན་གྱ་བཞིའི་རྟོགས་པའི་སྙིང་པོའམ་རྡོ་རྗེའི་གླུ། གྲུབ་ཆེན་གྱ་བཞི་ལ་བརྟེན་ནས་བྱིན་རླབས་བྱ་ཚུལ། གྲུབ་ཆེན་གྱ་བཞི་ཡི་དབང་དང་རྗེས་གནང་། གྲུབ་ཆེན་གྱ་བཞིའི་སྒྲུབ་ཐབས། གྲུབ་ཆེན་གྱ་བཞི་ལ་བརྟེན་ནས་བླ་མའི་རྣལ་འབྱོར་སྒོམ་ཚུལ། གྲུབ་ཆེན་གྱ་བཞིའི་སྐུ་བརྙན་བཞེངས་ཚུལ་སོགས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་བོད་ཀྱི་གྲུབ་མཐའ་སོ་སོར་རྒྱ་ཆེར་དར་ཞིང་། བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རྒྱ་གར་གྲུབ་ཆེན་གྱ་བཞིས་མཛད་པའི་བསྟན་བཅོས་མང་པོ་བསྒྱུར་ཅིང་། དེ་དག་ལ་དགོངས་འགྲེལ་བགྲང་གིས་མི་ལང་བ་བརྩམས་འདུག །མདོར་ན་མདོ་སྔགས་གཉིས་ཀའི་ཆོས་རྒྱུན་སྣ་ཚོགས་བོད་དུ་སྤེལ་བའི་གོ་རིམ་ཁྲོད་དུ། རྒྱ་བོད་ཀྱི་ལོ་པཎ་མང་པོས་གྲུབ་ཆེན་གྱ་བཞིས་མཛད་པའི་མདོ་རྒྱུད་ཀྱི་བསྟན་བཅོས་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར་ཡོད།

 

བདུན་པ། པཱ་ལའི་རྒྱལ་རབས། བོད་དུ་ནང་བསྟན་སྤེལ་བའི་མིག་དཔེ།

 

བོད་དུ་བསྟན་པ་སྔ་དར་བྱུང་བ་ནས་ཕྱི་དར་དབུ་ཚུགས་པའི་དུས་འགོའི་བར་ནི། (ཧ་ལམ་ཕྱི་ལོའི་དུས་རབས་༧ ལོའི་དུས་དཀྱིལ་ནས་དུས་རབས་ ༡༢ པའི་བར་) རྒྱ་གར་དུ་ཏག་ཏག་པཱ་ལའི་རྒྱལ་རབས་ཀྱིས་སྲིད་སྐྱོང་བཞིན་པའི་དུས་སྐབས་སུ་ཁེལ་ཡོད་པས། པཱ་ལའི་རྒྱལ་རབས་ཀྱིས་བོད་དུ་ནང་བསྟན་སྤེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེ་མཚོན་ནི།

༡ དུས་ཀྱི་ཆ་ནས། པཱ་ལའི་རྒྱལ་རབས་ནི་ཏག་ཏག་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོར་ཁེལ་ཡོད། ༢ ཡུལ་གྱི་ཆ་ནས། རྒྱ་གར་ལྷོ་བྱང་གི་རྒྱལ་ཕྲན་ཁྲོད་པཱ་ལའི་རྒྱལ་རབས་མ་གཏོགས་པ་ཚང་མས་ཧིན་རྡུའི་ཆོས་ལ་རྒྱབ་སྐྱོར་བྱེད་པ། ༣ ཆོས་ཁུངས་ཀྱི་ཆ་ནས། ཏུ་རུ་ཀས་པཱ་ལའི་རྒྱལ་རབས་བསྣུབས་རྗེས་ནང་པའི་ལྕགས་རི་བི་ཀྲ་མ་སོགས་ཀྱང་འཇིག་སྟེ་བོད་ལ་རྒྱ་གར་གྱི་ཆོས་ཁུངས་མེད་པར་གྱུར། ༤ བསྟན་པའི་གནས་གཞིའི་ཆ་ནས། ཨོ་ཏནྟ་པུ་རི་གཙུག་ལག་ཁང་ལ་དཔེ་བྱས་བསམ་ཡས་གཙུག་ལག་ཁང་སོགས་བཞེངས། ༥ བསྟན་པའི་སྦྱིན་བདག་གི་ཆ་ནས། ཆོས་རྒྱལ་པཱ་ལ་རྣམ་བདུན་ལ་དཔེ་བྱས་ཆོས་རྒྱལ་མེས་དབོན་རྣམ་གསུམ་བགྲང་། ༦ བསྟན་འཛིན་སྐྱེས་ཆེན་གྱི་ཆ་ནས། བི་ཀྲ་མ་ཤཱི་ལའི་སྔགས་ཀྱི་སློབ་དཔོན་ ༡༢ ལ་དཔེ་བྱས་རྗེ་འབངས་ ༢༥ རྒྱ་གར་གྲུབ་ཆེན་ ༨༠ ལ་དཔེ་བྱས་ཡེར་པའི་གྲུབ་ཐོབ་ ༨༠། ༧ བསྟན་པ་སྤེལ་ཚུལ་གྱི་ཆ་ནས། པཱ་ལའི་རྒྱལ་རབས་སུ་ཐེག་ཆེན་དང་གཙོ་བོ་གསང་སྔགས་སྤེལ་བ་བཞིན་བོད་དུའང་དེ་དང་འདྲ། ༨ བསྟན་པའི་ཞབས་འདེགས་ཀྱི་ཆ་ནས། པཱ་ལ་རྣམ་བདུན་གྱིས་བི་ཀྲ་མ་སོགས་ལ་མཐུན་རྐྱེན་སྦྱར་བ། མེས་དབོན་གསུམ་གྱིས་པཎ་ཆེན་གདན་འདྲེན་དང་ལོ་ཙཱ་བ་སྐྱེད་སྲིང་དང་ཆོས་གཞུང་བསྒྱུར་བ་སོགས་ལ་མཐུན་རྐྱེན་ཡོད་ཚད་བླ་ནས་སྦྱར། ༩ འདུལ་བསྟན་སྤེལ་མཁན་མི་རྒྱུད་ཀྱི་ཆ་ནས། བསྟན་པའི་རྩ་བ་འདུལ་བསྟན་ཐོག་མར་སྤེལ་མཁན་ལ་བྷང་ག་ལའི་རྒྱལ་རྒྱུད་དུ་གྱུར་པ་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། ཕྱི་དར་བསྟན་པར་དག་ཐེར་བྱེད་མཁན་ལ་ཡང་ངེས་ཅན་དུ་བྷང་ག་ལའི་རྒྱལ་རྒྱུད་དུ་གྱུར་པ་ཇོ་བོ་རྗེ་གདན་དྲངས་པ།

མདོར་ན། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོ་གཉིས་ཀར་བོད་ཡུལ་གྱིས་མིག་དཔེར་བལྟ་ས་གཙོ་བོ་ནི་བྷང་ག་ལའི་རྒྱལ་བརྒྱུད་དང་པཱ་ལའི་རྒྱལ་ཁབ་ཡིན། ལོ་རྒྱུས་དོན་དངོས་ལས་དཔྱད་ན། བོད་བརྒྱུད་ནང་བསྟན་ལ་ཐད་ཀར་བཀའ་དྲིན་ཆེ་བ་ནི། ཡུལ་གྱི་ཆ་ནས་རྒྱ་གར་གྱི་རྒྱལ་ཁམས་ཐམས་ཅད་ལས་ཀྱང་གཙོ་བོ་པཱ་ལའི་རྒྱལ་རབས་ཀྱི་མངའ་ཁོངས་ (རྒྱ་གར་ཡུལ་དབུས་དང་ཤར་ཕྱོགས་གཙོ་བོ་ཡིན་) ཡིན་ཞིང་། (ནང་པའི་དགོན་པ་གཉིས་ལས་ཀྱང་གཙོ་བོ་ནི་བི་ཀྲ་མ་ཤཱི་ལ་ཡིན་) དུས་ཀྱི་ཆ་ནས་རྒྱ་གར་གྱི་རྒྱལ་རབས་ཐམས་ཅད་ལས་ཀྱང་གཙོ་བོ་པཱ་ལའི་རྒྱལ་རབས་ཀྱིས་དབང་བསྒྱུར་བའི་དུས་ཡུན་ (ཕྱི་ལོ་ ༧༥༠ ལོ་ནས་ ༡༡༧༤ ལོའི་བར་) ཡིན། (པཱ་ལ་བཅུ་དགུ་ལས་ཀྱང་གཙོ་བོ་པཱ་ལ་རྣམ་བདུན་སྐབས།)

 

བརྒྱད་པ། གྲུབ་ཆེན་གྱ་བཞིའི་རྣམ་ཐར་མཛད་དུས་ཀྱི་

རྒྱ་གར་སྤྱི་ཚོགས་དང་ནང་བསྟན་གནས་བབ།

 

སྤྱིར་པཱ་ལའི་རྒྱལ་རབས་ཀྱི་ལོ་ངོ་ ༤༠༠ ལྷག་གི་དུས་ཡུན་ནི། རྒྱ་གར་གྱི་མངའ་ཁོངས་གཅིག་གྱུར་ནས་ལྷོ་བྱང་སོ་སོར་རྒྱལ་ཕྲན་དུ་མར་གྱུར་ཏེ། ནང་དུ་ཆོས་སྲིད་གཉིས་ཐད་དམག་འཁྲུག་རྒྱུན་མ་ཆད་པར་བྱུང་བ་དང་། ཕྱི་ནས་དུ་རུ་ཀའི་བཙན་འཛུལ་བྱུང་ནས་རྒྱ་གར་བྱང་ཕྱོགས་ཡོངས་རྫོགས་ཤོར་བའི་དུས་རིམ་ཡིན། དུས་སྐབས་དེའི་ནང་བསྟན་གྱི་གནས་བབ་ནི། ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་གྱིས་ནང་བསྟན་ཉམས་པ་ནས་ནུབ་པར་གྱུར་ཚུལ། ནང་གི་རྐྱེན་བཞི། ༡ ཡུལ་གྱི་ཆ་ནས་རྒྱ་གར་ཤར་ཕྱོགས་དང་ཡུལ་དབུས་ཙམ་ལས་སྤེལ་མ་ནུས། ༢ དུས་ཀྱི་ཆ་ནས་ནང་བསྟན་འཕེལ་རིམ་བཞི་ལས་སྔགས་ཀྱི་དུས་རིམ་ལ་སླེབས་པས་བསྟན་པ་སྤྱིའི་ཆ་ནས་ཉམས་པར་གྱུར། ༣ གྲུབ་མཐའི་ཆ་ནས་ཐེག་པ་ཆེ་ཆུང་གི་བར་འགལ་བ་ཤིན་ཏུ་ཆེ། ༤ ལྟ་སྤྱོད་ཀྱི་ཆ་ནས་ནང་པས་འཚེ་བ་ཆོས་སུ་མི་སྨྲ་བ་ཡིན་པས་རང་སྲུང་གི་ནུས་པ་ཤོར། ཕྱིའི་རྒྱུ་གསུམ། ༡ ཕྱི་ལོའི་དུས་རབས་ ༡༡ པ་ནས་ ༡༢ པའི་ནང་དུ་པཱ་ལའི་རྒྱལ་རབས་ཀྱང་ཕྱོགས་མང་པོ་ནས་ཉམས་པས་རྒྱབ་རྟེན་ཞན། ༢ ཧིན་རྡུའི་ཆོས་ལུགས་བསྐྱར་དར་བྱུང་སྟེ་ལྷོ་བྱང་ཀུན་ཏུ་རྒྱ་ཆེར་དར་བའི་སྐབས་ལ་ཁེལ་བས་ནང་བསྟན་ཉམས་པར་གྱུར། ༣ ཏུ་རུ་ཀའི་དམག་གིས་མུའུ་སུ་ལན་ཆོས་ལུགས་ལ་བཙན་སྒྱུར་བྱས་པས་ནང་བསྟན་ནུབ་པར་གྱུར།

 

དགུ་པ། གྲུབ་ཆེན་གྱ་བཞིའི་རྣམ་ཐར་བསྒྱུར་དུས་ཀྱི་

བོད་ཀྱི་སྤྱི་ཚོགས་དང་ནང་བསྟན་གནས་བབ།

 

བོད་ལ་མཚོན་ན། ཕྱི་ལོའི་དུས་རབས་ ༡༡ པ་ནས་ ༡༢ པའི་བར་ནི་ཏག་ཏག་བསྟན་པ་ཕྱི་དར་གྱི་དུས་འགོར་ཁེལ་ཡོད། ཆབ་སྲིད་ནི་གཅིག་གྱུར་ནས་སིལ་བུར་ཐོར་ཀྱང་། ཤེས་རིག་ནི་གཅིག་གྱུར་གྱི་སྐབས་ལས་ཀྱང་བླ་ལྷག་ཏུ་དར་བའི་དུས་ཡིན།

༡ ཐོག་མར་འདུལ་བསྟན་སླར་གསོ་ནས་རིམ་གྱིས་འཆད་ཉན་ཚུགས་པ་དང་།

༢ དང་ཐོག་ལྷ་ཁང་བཞེངས་པ་ནས་ཕྱིས་སུ་དགོན་སྡེ་གསར་འདེབས་དང་།

༣ དང་ཐོག་ལོ་ཙཱ་སློབ་པ་ནས་ཕྱིས་སུ་སློབ་ཚོགས་སྐྱོང་བ་དང་།

༤ དང་ཐོག་ཆོས་རྒྱུན་སྤེལ་བ་ནས་རིམ་གྱིས་གྲུབ་མཐའ་འཛུགས་པ་དང་།

༥ དང་ཐོག་དགོན་པ་སྐྱོང་བ་ནས་རིམ་གྱིས་ཆོས་སྲིད་ཟུང་འབྲེལ་ལ་ཕྱོགས་པར་གྱུར་པ་ལྟ་བུས་མཚོན།

མདོར་ན། ༡ བོད་ཀྱི་ལོ་རྒྱུས་ལས་ཤེས་རིག་བསྐྱར་སྐྲུན་གྱི་དུས་རིམ་ཡིན། བན་བོན་གཉིས་ཀྱིས་གནས་གཞི་གསར་འདེབས་དང་། མི་སྣ་གསོ་སྐྱོང་། གཞུང་ལུགས་འཐུས་ཚང་དུ་བཏང་སྟེ་བསྟན་པ་སླར་གསོ་བྱས། ༢ གཉིས་ནས་བོད་བརྒྱུད་ནང་བསྟན་གྱི་མ་ལག་འགྲུབ་པའི་དུས་རིམ་ཡིན། (དགེ་ལུགས་མ་གཏོགས་པའི་གྲུབ་མཐའ་གཞན་རྣམས་བྱུང་) ༣ གསུམ་ནས་སྤྱི་ཚོགས་ལམ་ལུགས་ཀྱི་ཁ་ཕྱོགས་འགྱུར་བའི་དུས་རིམ་ཡིན། (བཙན་པོའི་སྐབས་སུ་སྤྱི་ཚོགས་ཧྲིལ་པོ་གཙོ་བོ་ཆབ་སྲིད་ལ་བློ་ཕྱོགས་པ་ནས་ཕྱི་དར་གྱི་སྐབས་སུ་གཙོ་བོ་ཆོས་ལུགས་ལ་བློ་ཕྱོགས་པར་གྱུར་པ་སྟེ། བཙན་པོའི་དམག་དོན་རྒྱལ་ཁབ་ཅེས་པ་ནས་བོད་གངས་ཅན་ཆོས་ལྡན་ཞིང་ཁམས་ཞེས་པར་གྱུར་ཅིང་། ཆོས་སྲིད་ཟུང་འབྲེལ་གྱི་མྱུ་གུ་ཡང་དུས་འདི་ནས་འབུས་ཏེ་ཕྱིས་མི་ལོ་ ༧༠༠ ཙམ་གྱི་རིང་དུ་གནས་པར་གྱུར་) དེ་གསུམ་ལས་ཀྱང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་མཚོན་ནུས་པ་ནི་ཕྱི་མ་གཉིས་ཡིན།

 

བཅུ་པ། བསྟན་པ་ཕྱི་དར་གྱི་དུས་འགོར་བོད་བརྒྱུད་

ནང་བསྟན་གྱི་མ་ལག་གྲུབ་པའི་ནང་རྐྱེན་དང་ཕྱི་རྐྱེན།

དུས་སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་མ་ལག་འགྲུབ་པར་བོད་རང་སྟེང་གི་ནང་རྐྱེན་འཛོམས་ཚུལ་ནི། མངའ་རིས་ལྟེ་བ་བྱས་པའི་དབུས་གཙང་ཡོངས་སུ་ཚ་ཚ་འུར་འུར་གྱིས་བསྟན་པ་སླར་གསོ་ (བན་བོན་གཉིས་ཀྱི་བསྟན་པ་) ལ་ཕྱོགས་པའི་སྤྱི་ཚོགས་ཁོར་ཡུག་ཆགས་ཤིང་། ཕྱི་ཡི་མཐུན་རྐྱེན་འཛོམས་ཚུལ་ནི། རྒྱ་གར་བྱང་ཕྱོགས་ཡོངས་ལ་ཏུ་རུ་ཀའི་དམག་གི་འཇིགས་པ་ཆེན་པོ་རིམ་གྱིས་བྱུང་བས་བོད་ཀྱི་ཡུལ་ཁམས་ནི་ཆོས་ལུགས་ཉེན་ཡོལ་ས་ཁུལ་ལྟ་བུར་གྱུར་ཏེ། བསྟན་པ་ཕྱི་དར་གྱི་དུས་འགོར་ནང་པའི་པཎྜི་ཏ་ ༨༣ ཙམ་བོད་དུ་ཕེབས་ (བསྟན་པ་སྔ་དར་གྱི་སྐབས་པཎྜི་ཏ་ ༢༡ ཙམ་བོད་དུ་བྱོན་) ཤིང༌། བོད་ཕྲུག་རྣམས་རྒྱ་བལ་དུ་ལོ་ཙཱ་སློབ་ཏུ་བསྐྱོད་པའི་ཚ་རླབས་ལྟ་བུ་བྱུང་སྟེ་བསྡོམས་པས་ལོ་ཙཱ་བ་ ༡༥༦ ཙམ་བྱོན། (བསྟན་པ་སྔ་དར་གྱི་ལོ་ངོ་ ༢༠༠ ལྷག་གི་རིང་ལ་ལོ་ཙཱ་བ་ ༧༣ ཙམ་བྱུང་བ་དང་། བསྟན་པ་ཕྱི་དར་གྱི་ལོ་ངོ་ ༡༠༠༣ ཙམ་གྱི་རིང་ལ་སྤྱི་བསྡོམས་པས་ལོ་ཙཱ་བ་ ༡༨༥ ཙམ་བྱོན་པ་ལས། ཕྱི་དར་གྱི་དུས་འགོར་གཏོགས་པ་ ༡༥༦ ཙམ་ཡོད་དེ་གྲངས་མང་ཤོས་ཟིན།)

དེ་དག་གིས་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིས་མཚོན་པའི་བསྟན་བཅོས་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར་བར་མ་ཟད། གཙོ་བོ་གསང་སྔགས་དང་འབྲེལ་བའི་ཆོས་རྒྱུན་མི་འདྲ་བ་སྣ་ཚོགས་ཀྱང་སྤེལ་བས། སྐབས་དེའི་བོད་ཁམས་ནི་ཆབ་སྲིད་ཀྱི་ཐད་སིལ་བུར་གནས་ཀྱང་ཤེས་རིག་གི་ཐད་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་སྐབས་ལ་སླེབས། ཁྱད་པར་དུ་ཆོས་རྒྱུན་མི་འདྲ་བ་སྣ་ཚོགས་དར་བ་ལས་གྲུབ་མཐའ་མང་དུ་གྱེས་ཤིང་། དགེ་ལུགས་པ་མ་གཏོགས་པའི་གྲུབ་མཐའ་གཞན་ཐམས་ཅད་སྲོལ་ཕྱེ། དུས་སྐབས་དེར་གྲུབ་མཐའ་མང་པོ་བྱུང་བ་ཡང་ཆབ་སྲིད་ཀྱི་ཐད་ནས་སིལ་བུར་ཐོར་བའི་སྤྱི་ཚོགས་ཁོར་ཡུག་ལ་འབྲེལ་བ་ཡོད་མོད། གྲུབ་མཐའ་སོ་སོའི་ཆོས་རྒྱུན་གྱི་ངོས་ནས་བསམས་ན་དངོས་བརྒྱུད་གང་རུང་ནས་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། མདོར་ན། དེ་བས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་བྱུང་ཚུལ་ལ་ཡང་རྒྱུ་རྐྱེན་ནམ་རྣམ་པ་གཉིས་ཏེ། གྲུབ་མཐའ་སྔ་མ་ཐམས་ཅད་ནི་གཙོ་བོ་རྒྱ་གར་གྲུབ་ཆེན་གྱ་བཞིའི་ཆོས་རྒྱུན་བོད་དུ་དར་ཚུལ་གྱི་དབང་གིས་བྱུང་བ་ཡིན་ལ། དགེ་ལུགས་པའི་གྲུབ་མཐའ་ནི་བོད་རང་གིས་དེ་དག་ཐམས་ཅད་ཀྱི་བཅུད་བསྡུས་པ་ལས་བྱུང་བའོ།།

 

བཅུ་གཅིག་པ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྔ་མ་ཐམས་ཅད་ནི་

གྲུབ་ཆེན་གྱ་བཞིའི་ཆོས་རྒྱུན་མི་འདྲ་བ་ལས་བྱུང་།

 

ཕྱི་ལོའི་དུས་རབས་ ༡༡ པ་ནས་ ༡༢ པའི་སྐབས་ཏེ། རྒྱ་གར་དུ་ནང་བསྟན་ཉམས་པ་ནས་ནུབ་པར་གྱུར་པའི་དུས་རིམ་དེ་ནི། བོད་དུ་ཏག་ཏག་ནང་པའི་གནས་གཞི་མང་པོ་གསར་འདེབས་དང་། རྒྱ་གར་པཎ་ཆེན་མང་པོ་གདན་འདྲེན། ལོ་པཎ་མཁས་གྲུབ་མང་པོ་སྐྱེད་སྲིང་། མདོ་རྒྱུད་བསྟན་བཅོས་མང་པོ་བསྒྱུར་བ་སོགས་ལ་བརྟེན་ནས་ནང་བསྟན་གཞུང་ལུགས་གྲ་མ་ཉམས་གྲུ་མ་ཆག་པར་གདན་དྲངས་ཤིང་། ནང་བསྟན་གཞུང་ལུགས་སྤུས་ཇེ་དག་དང་འཐུས་ཇེ་ཚང་དུ་གྱུར་པའི་དུས་སྐབས་ཡིན།

དུས་རིམ་དེའི་ཤེས་རིག་སྤེལ་ཐབས་གཙོ་བོ་ནི་མདོ་རྒྱུད་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་དེ་ཡིན་ལ། ཁྱད་ཆོས་གཉིས་ཀྱི་སྒོ་ནས་ཕྱོགས་སྡོམ་བྱ་ཆོག་སྟེ། ནང་བསྟན་རིག་གནས་དང་ཐུན་མོང་རིག་གནས་གཉིས་ལས་གཙོ་བོར་ནང་བསྟན་རིག་གནས་སྤེལ་བའི་དུས་རིམ་ (ཕྱི་ལོའི་དུས་རབས་ ༡༣ པ་ནས་བཟུང་ནང་བསྟན་གཞུང་ལུགས་ཀྱི་ཡན་ལག་ཏུ་ཐུན་མོང་རིག་གནས་ཀྱང་རྒྱ་ཆེར་སྤེལ།) དང་། གཞན་ནས་བསྒྱུར་བ་དང་རང་གིས་འགྲེལ་བ་གཉིས་ལས་གཞན་ནས་བསྒྱུར་བ་གཙོ་བོར་བཟུང་བའི་དུས་རིམ་ཡིན། (ཕྱི་ལོའི་དུས་རབས་ ༡༣ པ་ནས་གཙོ་བོ་རང་གིས་འགྲེལ་བའི་དུས་རིམ་ཡིན་ལ་དེའི་ལག་རྗེས་སུ་དགེ་ལུགས་པའི་གྲུབ་མཐའ་བྱུང་) དུས་རིམ་དེར་འབད་པ་ཆེན་པོས་རྒྱ་གར་ནས་བསྒྱུར་བའི་ལག་རྗེས་ལ་བོད་ཀྱི་གྲུབ་མཐའ་སྔ་མ་རྣམས་བྱུང་ཞིང་། དེའི་ཕྱིས་སུ་ (དུས་རབས་ ༡༣ པའི་རྗེས) འབད་པ་ཆེན་པོས་བོད་རང་གིས་འགྲེལ་བའི་ལག་རྗེས་ལ་དགེ་ལུགས་པའི་གྲུབ་མཐའ་བྱུང་བ་ཡིན་སྙམ།

ཡང་ཟུར་ངོས་གཞན་ཞིག་ནས་བལྟས་ན། བསྟན་པ་ཕྱི་དར་གྱི་དུས་འགོར་ཆོས་ལོག་སུན་འབྱིན་དང་། སྐད་གསར་བཅད་བྱ་དགོས་པར་གྱུར་པ་ཡང་རྒྱུ་མཚན་དང་བཅས་པ་སྟེ། དུས་ཡུན་ཐུང་ངུའི་ནང་དུ་ཚ་ཚ་འུར་འུར་གྱིས་མདོ་སྔགས་གཉིས་ཀ་སྤེལ་བ་མགྱོགས་དྲགས་པས་གནད་དོན་ཅི་རིགས་བྱུང་བ་ཡིན་ལ། གནད་དོན་དེ་དག་སེལ་ཐབས་ལ་ཆོས་ལོག་སུན་འབྱིན་དང་། སྐད་གསར་བཅད་བྱ་དགོས་པར་གྱུར།

ཡང་ཟུར་ངོས་གཞན་ཞིག་ནས་དཔགས་ན། བོད་དུ་བསྟན་པ་ཕྱི་དར་གྱི་འགོར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྔགས་ལོག་སུན་འབྱིན་[1]དང༌། ལོ་ཙཱ་བ་རིན་བཟང་གི་ཆོས་དང་ཆོས་མིན་རྣམ་འབྱེད་[2] (ཆོས་འབྱུང་དཔག་བསམ་ལྗོན་བཟང་དུ་འདི་ཀླུ་མེས་ཀྱི་གསུང་ཡིན་ཀྱང་ཟེར་)[3] དང་། ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་[4]དང༌། རྩ་མི་ལོ་ཙཱ་བའི་སྤྲིངས་ཡིག་དང་པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་སྒྲོས་ཞུ་ལན།[5] འགོས་ཁུག་པ་ལྷས་བཙས་ཀྱི་འབྱམས་ཡིག་ཆེ་ཆུང་།[6] ཆག་ལོ་ཆོས་རྗེ་དཔལ་གྱིས་ཕྱི་ལོ་ ༡༣༣༣ ལོའམ་ ༡༣༢༥ ལོ་ཙམ་ལ་མཛད་པའི་སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི་ (འདི་ལ་ཆག་ལོའི་སྤྲིངས་ཡིག་ཀྱང་ཟེར། སྣ་རིང་དབུ་ཅན་ལག་བྲིས་མ་སྟེ་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བཞུགས། ཆག་ལོ་ཆོས་རྗེ་དཔལ་གྱི་རྣམ་ཐར་ནི་དགེ་བསྙེན་ཆོས་དཔལ་དར་དཔྱང་གིས་མཛད་) བྱུང་བ་དང༌། དེ་བཞིན་ཅུང་ཕྱིས་སུ་ཡང་རྔོག་གི་གཟེ་མ་ར་མགོ་དང༌། བླ་མ་འཕྱ་བའི་གྲུབ་མཐའ་རྣམ་འབྱེད། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ (ས་པཎ་གྱི་སྤྲིངས་ཡིག་ཅིག་ཀྱང་ཡོད་ཚུལ་ཆོས་འབྱུང་དཔག་བསམ་ལྗོན་བཟང་དུ་བྱུང་)[7] དང་། བཅོམ་ལྡན་རིག་རལ་གྱི་བསྟན་འགྱུར་དཀར་ཆག་མཇུག་གི་ཞལ་གདམས་ (བསླབ་གསུམ་རྒྱན་གྱི་མེ་ཏོག) དང་། གསང་སྙིང་སྒྲུབ་པ་རྒྱུན་གྱི་མེ་ཏོག །འབྲི་གུང་དཔལ་འཛིན་གྱི་དགག་ཡིག་ (ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་བྱེད་ཅེས་པ་སྟེ། སྣ་རིང་དབུ་ཅན་ལག་བྲིས་མ་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བཞུགས་) རྒྱང་རོ་བྱང་ཆུབ་འབུམ་གྱི་གསུང་རྒྱུན་ཤོག་འཕྱར། བུ་སྟོན་གྱི་ཆོས་ལོག་སུན་འབྱིན་སོགས་སྔགས་ལོག་སུན་འབྱིན་པའི་བསྟན་བཅོས་རིམ་པར་བྱུང་། (ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། གླེགས་བམ་གཉིས་པའི་ཤོག་ངོས་ ༥༦༢ ནས་ ༥༦༣ པར། སྔོན་གྱི་སྔགས་ལོག་སུན་འབྱིན་གྱི་ཡིག་ཆ་གལ་ཆེན་མང་པོ་བཞུགས་) བ་དང་། ཕྱི་དར་དུས་འགོར་སྒྲ་སྒྱུར་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། རྔོག་བློ་ལྡན་ཤེས་རབ་ལ་སོགས་ཀྱིས་ཡང་བསྐྱར་སྐད་གསར་བཅད་བྱ་དགོས་པར་གྱུར་པ་རྣམས་ཀྱང་ཤིན་ཏུ་རྒྱུ་མཚན་དང་བཅས་པ་སྟེ། དུས་ཡུན་ཐུང་ངུའི་ནང་དུ་ཚ་ཚ་འུར་འུར་གྱིས་མདོ་སྔགས་གཉིས་ཀ་སྤེལ་བ་མགྱོགས་དྲགས་པས་གནད་དོན་ཅི་རིགས་བྱུང་སྲིད་པ་ཡིན་ལ། གནད་དོན་སྣ་ཚོགས་སེལ་ཐབས་ལ་ཆོས་ལོག་སུན་འབྱིན་དང་སྐད་གསར་བཅད་ཀྱང་བྱ་དགོས་པར་གྱུར་པའོ།།

 

བཅུ་གཉིས་པ། གྲུབ་ཆེན་གྱ་བཞིའི་རྣམ་ཐར་མཛད་པ་དང་

བསྒྱུར་བའི་དོན་སྙིང་ངམ་དགོངས་གཞི།

དང་པོ། མཛད་པ་པོ་དང་སྒྱུར་པ་པོ།

 

མཛད་པ་པོ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་ (འཇིགས་མེད་འབྱུང་གནས་སྦས་པ། ཧ་ལམ་ཕྱི་ལོ་ ༡༠༠༤ ལོ་ནས་ ༡༡༢༥ ལོའི་བར་བཞུགས་) པཎྜི་ཏ་ཆེན་པོ། མཆོག་གི་དངོས་གྲུབ་བརྙེས་པ། གདན་ས་གསུམ་གྱི་མཁན་པོ། ཀུན་མཁྱེན་དབྱིག་གཉེན་དང་མཉམ། བསྟན་པ་ཡོངས་རྫོགས་འཛིན་པའི་སློབ་དཔོན་ཆེན་པོ་རྟིང་མ། བསྟན་པའི་ཞབས་སྡུད། ཆོས་ཚན་ ༤༠ ཙམ་མཛད། ༡༧༦ ཙམ་བསྒྱུར།

སྒྱུར་པ་པོ་ཙ་མི་པཎྜི་ཏ་སངས་རྒྱས་གྲགས་པ། (ཕྱི་ལོ་ (༌༌) ནས་ ༡༡༣༨ ལོའི་བར་ཙམ་) བོད་ཀྱི་ལོ་རྒྱུས་ལས་རྒྱ་གར་གདན་ས་གཙོ་བོ་གཉིས་ཀྱི་མཁན་པོར་བཞུགས་པ་གཅིག་པུ། ཡིག་ཚང་དུ་དངོས་སུ་བཀོད་པའི་བོད་ཀྱི་པཎྜི་ཏའི་ཐོག་མར་བགྲང་འོས། བསྟན་པ་ཕྱི་དར་གྱི་དུས་འགོར་སློབ་རྒྱུན་དག་ལས་ཙ་མིའི་ལུགས་ཀྱི་ཆོས་རྒྱུན་སྣ་ཚོགས་དར། མ་ག་དྷའི་ནང་བསྟན་སྲུང་ཕྱིར་འཁོར་ལོ་གསུམ་གྱི་མཛད་པས་དེར་གཏན་བཞུགས་གནང་། རྒྱ་བོད་ཀྱི་བསྟན་བཅོས་མང་པོ་མཛད་ཅིང་བསྒྱུར།

 

བཅུ་གཉིས་པ། གྲུབ་ཆེན་གྱ་བཞིའི་རྣམ་ཐར་མཛད་པ་དང་

བསྒྱུར་བའི་དོན་སྙིང་ངམ་དགོངས་གཞི།

གཉིས་པ། རྣམ་ཐར་མཛད་པའམ་བསྒྱུར་བའི་ཡུལ་དུས་གནས་བབ། ཁོང་ཡབ་སྲས་གཉིས་ཀས་ཡུལ་དུས་ཁོར་ཡུག་ཁྱད་པར་ཅན་དེར་འཁོར་ལོ་གསུམ་གྱི་མཛད་པ་ལ་བརྟེན་ནས་གཅིག་ན་རྒྱ་གར་གྱི་ནང་བསྟན་ནུབ་ལ་ཉེ་བ་སྐྱོབ་ཐབས་བྱས་པ་དང་། གཉིས་ན་བོད་དུ་བསྟན་པ་ཕྱི་དར་སྤེལ་བར་ཕྱག་རྗེས་ཆེན་པོ་བསྐྲུན།

གསུམ་པ། རྣམ་ཐར་མཛད་པ་དང་བསྒྱུར་བའི་དོན་སྙིང་ངམ་དགོངས་གཞི། ཁོང་གཉིས་ལ་བརྟེན་ནས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཞེས་པའི་བསྟན་བཅོས་འདི་ཉིད་རྒྱ་བོད་གཉིས་ཀར་གྲགས་ཆེ་བར་གྱུར་འདུག་སྟེ། རྣམ་ཐར་འདི་ཉིད་མཛད་པ་དང་བསྒྱུར་བ་ནི་ཡུལ་དུས་ཁོར་ཡུག་ཁྱད་པར་ཅན་ལ་ཁེལ་ཡོད་པས། འདི་ནི་རྒྱ་གར་ལ་མཚོན་ན་པཱ་ལའི་རྒྱལ་རབས་སྐབས་ཀྱི་གསང་སྔགས་ཀྱི་བསྟན་པའི་ལྟ་སྒོམ་སྤྱོད་འབྲས་རྣམ་དག་གི་སྡོམ་དུ་གྱུར་འདུག་ལ། བོད་ལ་མཚོན་ན་བསྟན་པ་ཕྱི་དར་སྤེལ་བར་ཆོས་རྒྱུན་རྣམ་དག་དང་གསང་སྔགས་ཉམས་ལེན་པ་ཚད་ལྡན་སྟོན་པའི་མིག་དཔེར་གྱུར་འདུག

 

བཅུ་གསུམ་པ། གྲུབ་ཆེན་གྱ་བཞི་ཡིས་རྒྱ་བོད་དུ་བསྟན་པ་སྤེལ་བའི་མདོ་དོན།

 

༡ ཆོས་འབྱུང་ལོ་རྒྱུས་མང་པོ། ༢ ཐོབ་ཡིག་སྣ་ཚོགས། ༣ བླ་བརྒྱུད་གསོལ་འདེབས་སྣ་ཚོགས། ༤ གྲུབ་མཐའ་སོ་སོའི་སྐྱབས་འགྲོའི་ཚོགས་ཞིང་གི་ཐང་ཀ་སོགས། མདོར་ན། རྒྱ་གར་གྲུབ་ཆེན་གྱ་བཞི་ནི་རྒྱ་གར་གྱི་པཱ་ལའི་རྒྱལ་རབས་སྐབས་སུ་ནང་པའི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་དར་བར་བྱེད་པ་ལ་མཛད་རྗེས་བླ་ན་མཐོ་བར་མ་ཟད། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོར་བོད་དུ་ནང་བསྟན་སྤེལ་བ་ལ་ཡང་དངོས་བརྒྱུད་གཉིས་ནས་སྐུ་དྲིན་ཆེ། (གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ་སོགས་ཀྱིས་བོད་ཀྱི་སློབ་མར་ཆོས་རྒྱུན་སྤེལ་ཚུལ་དང་གྲུབ་ཆེན་ནག་པོ་ཞབས་དང་ཤཱནྟི་པ་སོགས་ཀྱིས་མདོ་རྒྱུད་བསྟན་བཅོས་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར་བ་སོགས་ལས་བསམས་ན་ཤེས་) ཞིང་། ཐ་ན་དགེ་ལུགས་པ་དང་བཅས་པའི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་མཐའ་དག་ཀྱང་། དངོས་བརྒྱུད་གང་རུང་ནས་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལས་བརྒྱུད་པའི་མདོ་སྔགས་གཉིས་ཀྱི་ཆོས་རྒྱུན་མི་འདྲ་བ་ལ་བརྟེན་ནས་བྱུང་བའི་ཡུལ་དུས་དང་འཚམས་པའི་འཕྲིན་ལས་ཀྱི་འཇུག་པ་ཁོ་ན་ཡིན་ཞེས་པའོ། ། (མདོ་ཕྱོགས་སུ་དཔེ་མཚོན་དུ་གྱུར་པ་བཀའ་གདམས་པ་ལྟ་བུ་དང་སྔགས་ཕྱོགས་སུ་དཔེ་མཚོན་དུ་གྱུར་པ་བཀའ་བརྒྱུད་པ་ལྟ་བུ།)

 

བཅུ་བཞི་པ། ལེའུ་རེ་རེའི་བརྗོད་བྱ་དང་དཔྱད་རྩོམ་ཧྲིལ་པོའི་བསྡུས་དོན།

 

དཔྱད་རྩོམ་ཧྲིལ་པོ་ལེའུ་བཅུས་གྲུབ་པར་བྱས་ཡོད་དེ། དང་པོ་དང་བཞི་པར་ལེགས་སྦྱར་མ་རྩོམ་མཛད་པ་པོ་དང་བོད་སྐད་དུ་སྒྱུར་བ་པོ་གཉིས་ལ་དཔྱད་ཡོད། གཉིས་པ་དང་གསུམ་པར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་མཛད་པའི་སྤྱི་ཚོགས་ཁོར་ཡུག་དང་། ལོ་རྒྱུས་རྒྱབ་ལྗོངས་། ནང་བསྟན་གནས་བབ། རྣམ་ཐར་མཛད་པའི་རྒྱུ་རྐྱེན་དང་དགོངས་གཞི་བཅས་ལ་དཔྱད་ཡོད། ལྔ་པར་རྒྱ་བོད་བལ་གསུམ་དུ་གྲུབ་ཆེན་གྱ་བཞི་ངོས་འཛིན་ལུགས་མི་འདྲ་བ་ལྔ་བྱུང་ཚུལ་དང་དེ་དག་བྱུང་བའི་རྒྱུ་རྐྱེན་ལ་དཔྱད་ཡོད། དྲུག་པར་སྔོན་གྱི་ཡིག་ཚང་དུ་རྒྱ་གར་གྲུབ་ཆེན་ལ་ཕྱོགས་སྡོམ་བྱེད་སྐབས་གྲངས་འདྲེན་ཚུལ་མི་མཐུན་པ་དགུ་བྱུང་ཚུལ་དང་། དེ་དག་བྱུང་བའི་རྒྱུ་རྐྱེན། དེ་དག་ལས་གྲུབ་ཆེན་གྱི་བཞི་བགྲང་བའི་ལུགས་གྲགས་ཆེ་བར་གྱུར་པའི་རྒྱུ་རྐྱེན་བཅས་ལ་དཔྱད་ཡོད། བདུན་པར་རྣམ་ཐར་གྱི་བརྗོད་བྱ་ལ་དཔྱད་ཡོད། བརྒྱད་པར་གྲུབ་ཆེན་གྱ་བཞི་དང་བོད་ཀྱི་ཆོས་རྒྱུན་ཁག་བར་གྱི་འབྲེལ་བར་དཔྱད་ཡོད། དགུ་པར་རྣམ་ཐར་གྱི་ཡིག་ཆའི་རིན་ཐང་ (སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་དང་ཆོས་རྒྱུན། གྲུབ་མཐའ་དང་མཚན་ཉིད་རིག་པ། རྒྱལ་ཕྲན་ཁག་གི་ལོ་རྒྱུས། ཡུལ་ཁམས་སོ་སོའི་ཡུལ་སྲོལ་གོམ་གཤིས། ཟས་གོས་རྒྱན་དང་གླུ་གར་སོགས་གྱི་རིག་གནས། རྒྱལ་འབངས་ཀྱི་འཚོ་བ་རོལ་སྟངས། དུས་རྒྱུན་གྱི་སྤྱོད་ལམ་བཟང་ངན། གྲོང་དང་གྲོང་ཁྱེར་གྱི་བཟོ་བཀོད། མཛེས་དཔྱོད་སོགས་སེམས་ཁམས། རྣམ་ཐར་དང་དོ་ཧའི་རྩོམ་སྲོལ། བོད་ཀྱི་རྣམ་ཐར་མགུར་མར་ཤན་ཞུགས་ཚུལ་སོགས) ལ་དཔྱད་ཡོད། བཅུ་པར་སྣར་ཐང་བསྟན་འགྱུར་ཁྲོད་དུ་བཞུགས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་པར་གཞི་མཆེད་ཚུལ་དང་། པར་གཞི་གཙོ་བོ་ཁག་བཅུ་ཞིབ་བསྡུར་དང༌། ཞིབ་བསྡུར་ལས་བྱུང་བའི་དཔྱད་འབྲས་ཕྱོགས་སྡོམ་བྱས་ཡོད་པ་བཅས་སོ།།

སྤྱིར་ན་དཔྱད་བྱ་འདི་ལ་མི་སྣ་བརྒྱད་ཅུ་གྱ་བཞི་བཞུགས་པས་གྲངས་མང་བ་དང་། དཔྱད་ཡིག་དག་གི་ནང་དོན་ཡང་ཕལ་ཆེ་བ་ནི་རྒྱུད་སྡེའི་ལྟ་སྒོམ་སྤྱོད་འབྲས་དང་མ་འབྲེལ་བ་མེད་པའི་ཚོད་དུ་ཡོད་པ་སོགས་ཕྱོགས་གང་ནས་བསམས་ཀྱང་དཔྱད་བྱ་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་ཏེ། གོང་དུ་ཁོ་བོས་ལེའུ་དྲུག་གིས་རགས་ཙམ་དཔྱད་ཟིན་པ་དེ་དག་ལས་གཞན་ད་དུང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་བརྗོད་བྱ་དང་ཡིག་ཆའི་རིན་ཐང་གཉིས་ཀྱང་དཔྱད་གཞི་གལ་ཆེན་དུ་གྱུར་ཡོད། དེ་ཡང་དང་པོ་བརྗོད་བྱའི་ཆ་ནས་དཔྱད་ན་ཡང་། རྣམ་ཐར་བསྟན་བཅོས་འདིར་ལམ་ཐམས་ཅད་ཀྱི་ཡང་རྩེ་གསང་སྔགས་རྡོ་རྗེའི་ཐེག་པར་ཞུགས་པར་བསྐུལ་བ་དང་། མདོ་སྔགས་གཉིས་ཀྱི་བསྟན་པ་འགལ་མེད་རྒྱུ་འབྲས་སུ་གྱུར་ཡོད་ཚུལ་དང་། རང་བཞིན་གནས་རིགས་སམ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཡོད་པས་གསང་སྔགས་ཉམས་སུ་ལེན་པ་ལ་ལུས་རྟེན་བཟང་ངན་ (དགེ་སློང་ངམ་ཁྱིམ་པའི་ལུས་རྟེན་དང་། ཕོའམ་མོའི་ལུས་རྟེན་དང་། རྒན་པོའམ་གཞོན་ནུའི་ལུས་རྟེན་སོགས་) དང་རིགས་རུས་མཐོ་དམན་ (རྒྱ་གར་གྱི་མིའི་རིགས་བཞིའི་དབྱེ་བ་དང་རིགས་མཆོག་དམན་གྱི་ལྟ་ཚུལ་སོགས་) སོགས་ཀྱི་ཁྱད་པར་མེད་ཚུལ་ (རྒྱལ་པོ་དང་། བྲམ་ཟེ། ཚོང་པ། ཞིང་པ། བ་གླང་རྫི། ཉ་པ། བཤན་པ། བྱ་རྔོན། རི་དྭགས་པ། ལག་ཤེས་པ། པཎྜི་ཏ། དགེ་སློང༌། ཁྱིམ་པ་བ། རྒྱལ་སྲས། བློན་པོ། ཁྱིམ་བདག །ཚོང་དཔོན། གཡོག་པོ། ཐགས་མཁན། རྫ་མཁན། ལྷམ་བཟོ། ཡི་གེ་པ། ཆང་འཚོང་། ཤིང་འཚོང༌། འཁུར་འཚོང་། མགར་བ། ཁྲུས་མཁན། ལྷ་རིས་པ། སློང་མོ་བ། ཕྱགས་དར་བ། སྤྲང་པོ། རྐུན་མ། རྫུན་མཁན། ཤོ་མཁན། འདོད་ཆགས་ཅན། ཞེ་སྡང་ཅན། གཏི་མུག་ཅན། ང་རྒྱལ་ཅན། ལེ་ལོ་ཅན་སོགས་བྱུང་བ་ཐམས་ཅད་ཀྱིས་བླ་མའི་གདམས་ངག་ཟབ་མོ་ལ་བརྟེན་ནས་མཐར་དངོས་གྲུབ་རྣམ་གཉིས་མངོན་དུ་བྱས་) དང༌། ལམ་གྱི་རྩ་བའམ་ལེགས་ཚོགས་ཐམས་ཅད་ཀྱི་འཇུག་སྒོ་ནི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་ཡིན་ཚུལ་དང༌། གསང་སྔགས་ཀྱི་འཇུག་སྒོ་ལ་སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་བྱེད་དབང་བཞི་འཐོབ་རྒྱུ་ཤིན་ཏུ་གལ་ཆེ་ཚུལ་དང་། སྔགས་ཕྱོགས་ཀྱི་དགག་བྱ་གཙོ་བོ་ཐ་མལ་སྣང་ཞེན་ཡིན་པས་འདོད་ཡོན་ལམ་ཁྱེར་གྱི་མན་ངག་སོགས་འཚང་རྒྱ་བའི་ཐབས་སྒོ་དུ་མ་ནས་བསྟན་པ་[8]དང་། ཐོག་མ་ཉིད་ནས་འབྲས་བུ་ཡོངས་དག་བཞི་སྒོམ་པ་ནས་བཟུང་སྟེ་མཐར་ཐུག་བསྐྱེད་རྫོགས་རིམ་གཉིས་བར་གྱི་ཉམས་ལེན་གྱི་གནད་རྣམས་གསུངས་ཡོད་པ་དང་། ཡི་དམ་མང་པོའི་སྒྲུབ་ཐབས་དང་སྔགས་ཀྱི་ཆོས་སྐོར་སྣ་ཚོགས་རྒྱ་གར་གྱི་ཡུལ་གྲུ་མི་འདྲ་བར་དར་ཚུལ་དང༌། མདོ་སྔགས་གཉིས་ཀའི་ལམ་རིམ་གྱི་ཆོས་སྐོར་གཙོ་བོ་རྣམས་ཚང་བར་བསྟན་ཡོད་པ་སོགས་དཔྱད་བྱ་ཤིན་ཏུ་གལ་ཆེ་ཞིང་རྒྱ་ཆེ་བ་མང་པོ་བཞུགས་ཡོད་པ་དང༌། དེ་བཞིན་དུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་ཡིག་ཆའི་རིན་ཐང་གི་ངོས་ནས་བསམས་ན་ཡང༌། གནའ་བོའི་རྒྱ་གར་ཕྱོགས་ཀྱི་རྒྱལ་ཕྲན་ཁག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། གནའ་བོའི་རྒྱ་གར་གྱི་ཡུལ་ཁམས་སོ་སོའི་ཡུལ་སྲོལ་གོམས་གཤིས། (དཔེར་ན་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་པོད་ ༣༣ པའི ་ཤོག་ངོས་ ༢༩༡ ལས་བྱུང་བའི་བྲམ་ཟེ་ཉམས་བྱེད་ཀྱི་སྡིག་པར་གྲགས་པ་བཅུ་དྲུག་ལྟ་བུ) སེམས་ཁམས་འཁྱེར་སོ། མཛེས་དཔྱོད་ལྟ་བ། ཟས་གོས་རྒྱན་དང་གླུ་གར་གྱི་རིག་གནས། མཐོ་རྒྱལ་པོ་ནས་དམའ་འབངས་མིའི་བར་གྱི་འཚོ་བ་རོལ་སྟངས། དུས་རྒྱུན་གྱི་སྤྱོད་ལམ་བཟང་ངན་སྣ་ཚོགས། གྲོང་དང་གྲོང་ཁྱེར་གྱི་བཟོ་བཀོད་སོགས་ལ་ཞིབ་འཇུག་བྱེད་པ་ལྟ་བུ་ལོ་རྒྱུས་ཡིག་ཆའི་རིན་ཐང་ཤིན་ཏུ་ཆེ་བ། ནང་པའི་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ལ་ཞིབ་འཇུག་བྱེད་པའམ། གནའ་བོའི་རྒྱ་གར་དུ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ལམ། སྔགས་ཀྱི་ཆོས་རྒྱུན་སྣ་ཚོགས་བརྒྱུད་ཚུལ་[9]ལ་ཞིབ་འཇུག་བྱེད་པ་ལྟ་བུ་ཆོས་ལུགས་ཡིག་ཆའི་རིན་ཐང་ཤིན་ཏུ་ཆེ་བ་དང་། 《གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར》གྱིས་བོད་ཀྱི་རྣམ་ཐར་རྩོམ་རིག་ལ་ཤན་ཞུགས་ཚུལ་ཐད་ཞིབ་འཇུག་བྱེད་པའམ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དོ་ཧ་ཡིས་བོད་ཀྱི་མགུར་མའི་རྩོམ་རིག་ལ་ཤན་ཞུགས་ཚུལ་ཐད་ཞིབ་འཇུག་བྱེད་པ་ལྟ་བུ་རྩོམ་རིག་ཡིག་ཆའི་རིན་ཐང་ཆེན་པོ་ལྡན་པ་སོགས་ཡིག་ཚང་རིག་པའི་ངོས་ནས་ཀྱང་དཔྱད་བྱའི་ཁྱབ་ཁོངས་ཕུན་སུམ་ཚོགས་ལ་རིན་ཐང་ཆེ་བ་ཞིག་ཏུ་གྱུར་འདུག།

འོན་ཀྱང་ཁོ་བོ་ལྟ་བུར་མཚོན་ན། སྤྱིར་ན་སྐྱེས་སྦྱངས་གཉིས་ཆ་ནས་ཤིན་ཏུ་ཞན་པའི་དབང་གིས། གཞུང་ལུགས་ཟབ་མོ་འདི་ལྟ་བུ་ལ་ཚུལ་བཞིན་དཔྱོད་པར་དཔྱད་སྟོབས་ཀྱི་མཐུ་ཤིན་ཏུ་ཆུང་བའི་ཁར། སྐབས་བབ་ཀྱི་དཔྱད་གཞིའི་རྒྱུ་ཆ་འཚོལ་སྐབས་ཀྱང༌། མི་སྣ་བརྒྱད་ཅུ་རྩ་བཞིའི་འབྲེལ་ཡོད་ཡིག་ཚང་རྙེད་ཚད་བཀླག་དགོས་པས་དཔྱད་གཞིའི་གྲངས་མང་ཞིང་རྒྱ་ཆེ་བ་དང༌། དཔྱད་གཞིའི་ཡིག་ཆ་ལག་སོན་བྱུང་བ་ཡོད་ཚད་ཀྱི་བརྗོད་བྱ་ཡང་། ཧ་ལམ་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་དང་མ་འབྲེལ་བ་མེད་པའི་ཚོད་ཡིན་པས། དེ་དག་གི་དངོས་ཤུགས་ཀྱི་དོན་མཐའ་དག་ཇི་བཞིན་དུ་རྟོགས་དཀའ་བ་དང་། གཞན་ཡང༌། འབུམ་རམས་པའི་བསླབ་གནས་སློབ་གཉེར་གྱི་བར་གསེང་ནས་ཀྱང་སློབ་གྲྭའི་བཀོད་སྒྲིག་ལྟར་དཔེ་ཁྲིད་ཀྱི་འགན་ཁུར་ལྕི་བ་སོགས་བྱ་བ་ཙག་ཙིག་གིས་དུས་ཚོད་མང་པོ་ཤོར་བར་གྱུར་པ་ལ་བརྟེན་ནས། དཔྱད་རྩོམ་གྱི་ལེའུ་བདུན་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་བོད་ཀྱི་ཆོས་རྒྱུན་གྲུབ་མཐའ་ཁག་བར་གྱི་འབྲེལ་བ་ཞེས་པ་དང་། ལེའུ་བརྒྱད་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་བརྗོད་བྱ་ལ་དཔྱད་པ་ཞེས་པ་དང༌། ལེའུ་དགུ་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་ཡིག་ཆའི་རིན་ཐང་ལ་དཔྱད་པ་ཞེས་པ་དང་། ལེའུ་བཅུ་པ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་པར་གཞི་མཆེད་ཚུལ་དང་པར་གཞི་ཁག་གི་གཤིབ་སྡུར་ཞེས་པའི་ལེའུ་བཞི་ལ་རྩོམ་གདན་ཙམ་བྲིས་ཟིན་ཀྱང༌། བསྐྱར་བཅོས་ལེགས་འགྲུབ་མ་ནུས་པར་འབྲི་འཕྲོར་ལུས་པས། མཐར་ཕྱིན་ཆེད་རྩོམ།༌༌༌༌༌༌(མ་ཚང་།)

 

དགེ་རྒན་ཆེན་མོ་འགྱུར་མེད་རྡོ་རྗེ།༡༩༧༧ལོར་མཚོ་སྔོན་གཅན་ཚ་རྫོང་དུ་སྐྱེས།ཕོ། བོད་རིགས།ནང་བསྟན་རིག་པའི་འབུམ་རམས་པ། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་།“རྒྱལ་ཁབ་རིམ་པའི་ཉིང་བཅུད་བསླབ་ཚན་བོད་ཀྱི་གནའ་རབས་རྩོམ་རིག”གི་གཙོ་ཁྲིད་དགེ་རྒན། «མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ»(བོད་ཡིག)ཀྱི་རྩོམ་སྒྲིག་པ་བཅས་ཡིན། སྔ་ཕྱིར«བོད་ཀྱི་གནའ་རབས་རྩོམ་རིག»དང«བོད་ཀྱི་ཉེ་དེང་རྩོམ་རིག» «ནང་དོན་རིག་པའི་སྤྱི་བཤད» «བོད་ཀྱི་རིག་གནས་སྤྱི་བཤད» «ཉིང་བཅུད་རིག་གནས་སྡོམ་བཤད» «བོད་ཀྱི་ལོ་རྒྱུས» «སྙན་ངག་མེ་ལོང»བཅས་ཀྱི་བསླབ་ཚན་སློབ་ཁྲིད་བྱས། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་གནའ་རབས་རྩོམ་རིག་དང་ནང་བསྟན་ཡིག་ཚང་རིག་པ་ཡིན་ཞིང་། ད་ལྟའི་བར་དཔེ་དེབ༢དཔར་སྐྲུན་དང་། དུས་དེབ་ཁག་ཏུ་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ༣༦སྤེལ། རྒྱལ་ཁབ་རིམ་པའི་ལས་གཞི༥ལ་ཞུགས་ཤིང་། རྒྱལ་ཁབ་རིམ་པའི་ལས་གཞི༡དང་། ཞིང་ཆེན་རིམ་པའི་ལས་གཞི༡ སློབ་གྲྭ་རིམ་པའི་ལས་གཞི༡བཅས་སྒྲུབ་བཞིན་ཡོད། སྔ་ཕྱིར“མཚོ་སྔོན་ཞིང་ཆེན་མཐོ་རིམ་གསར་གཏོད་འཇོན་ཐང་མི་སྣ་སྟོང་གི་འཆར་གཞི”ལས“རྩེར་སོན་འཇོན་ཐང་མི་སྣ”དང་། “མཚོ་སྔོན་ཞིང་ཆེན་ཧོང་ཏཱ་ཉན་ཚུལ་གྱི་དགེ་རྒན་དཔུང་སྡེའི་ཁོངས་མི།” “མཚོ་སྔོན་མཐོ་རིམ་སློབ་གྲྭའི་ན་གཞོན་དགེ་རྒན་སློབ་ཁྲིད་འགྲན་བསྡུར་པའི་ཨང་གཉིས་པ”སོགས་ཞིང་ཆེན་རིམ་པའི་གཟེངས་བསྟོད༦དང་། “མཚོ་སྔོན་མི་རིགས་སློབ་ཆེན་སྤྱོད་ཡོན་ཡར་ཐོན་པའི་རྩེ་གྲ”དང་། “མཚོ་སྔོན་མི་རིགས་སློབ་ཆེན་ཆེས་མཛེས་པའི་དགེ་རྒན”སོགས་སློབ་གྲྭ་དང་སློབ་གླིང་རིམ་པའི་གཟེངས་བསྟོད༡༥ཐོབ།

 

བོད་ཀྱི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་ལྔ་རིག་མུ་འབྲེལ་འཆད་ཁྲིད།༼ ༡༣༽

《རྒྱ་གར་གྲུབ་ཆེན་གྱ་བཞིའི་རྣམ་ཐར》རགས་ཙམ་གླེང་བ།

འཆད་ཁྲིད་པ། དགེ་རྒན་ཆེན་མོ་འགྱུར་མེད་རྡོ་རྗེ།

དུས་ཚོད། ༢༠༢༠ལོའི་ཟླ༥པའི་ཚེས༨ཉིན་གྱི་ཆུ་ཚོད༡༤:༠༠སྟེང་།

ས་གནས། འཆད་ཉན་ཐོག་ཁང་གི་སྐས་རིམ་སློབ་ཁང་ལྔ་པ།
གཙོ་སྒྲུབ། བོད་ཀྱི་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ།

 

[1] གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས། འདར་ཚ་བྱུང་བདག་གིས་མཆན་བཏབ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ ལོའི་ཟླ་ ༩ པའི་དཔར་ཐེངས་དང་པོ། ཤོག་ངོས། ༢༠ ནས་ ༣༦༨ བར་དུ་གསལ།

[2] རྨེ་རུ་ཚེ་རིང་དོན་གྲུབ་ཀྱིས་བརྩམས། ལོ་ཆེན་རིན་ཆེན་བཟང་པོའི་མཛད་འཕྲིན་ཞིབ་མོ་རྣམ་འབྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོའི་ཟླ་ ༥ པའི་དཔར་ཐེངས་དང་པོ། ཤོག་ངོས། ༦༨ ནས་ ༧༡ བར་དུ་གསལ།

[3] 3 སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཆོས་འབྱུང་དཔག་བསམ་ལྗོན་བཟང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་ཟླ་ ༡༢ པའི་དཔར་ཐེངས་དང་པོ། ཤོག་ངོས། ༡༩༡

[4]  གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས། འདར་ཚ་བྱུང་བདག་གིས་མཆན་བཏབ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ ལོའི་ཟླ་ ༩ པའི་དཔར་ཐེངས་དང་པོ། ཤོག་ངོས། ༣༤༩ ནས་ ༡༧༣ བར་དུ་གསལ།

[5] སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཆོས་འབྱུང་དཔག་བསམ་ལྗོན་བཟང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་ཟླ་ ༡༢ པའི་དཔར་ཐེངས་དང་པོ། ཤོག་ངོས། ༡༩༠

[6] སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཆོས་འབྱུང་དཔག་བསམ་ལྗོན་བཟང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ༢༠༡༥ ལོའི་ཟླ་ ༡༢ པའི་དཔར་ཐེངས་དང་པོ། ཤོག་ངོས། ༡༩༧

[7] སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས། ཆོས་འབྱུང་དཔག་བསམ་ལྗོན་བཟང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་ཟླ་ ༡༢ པའི་དཔར་ཐེངས་དང་པོ། ཤོག་ངོས། ༡༩༠ ནས་ ༡༩༡ བར་དུ་གསལ།

[8] ཆོས་འབྱུང་དཔག་བསམ་ལྗོན་བཟང་། མཚོ་སྔོན་པར་གསར་མའི་དེབ་ ༣ པའི་ཤོག་ངོས་ ༢༠༢ པར། ཐབས་ལམ་གཅིག་ཏུ་ངེས་པ་མེད། །ལྟ་བ་རྟོགས་པས་ཀླུ་སྒྲུབ་གྲོལ། །པདྨ་འབྱུང་གནས་བསྐྱེད་རིམ་གྱིས། །དཀའ་ཐུབ་སྤྱད་པས་ལོ་ཧི་པ། །སྤྱོད་པའི་སྟོབས་ཀྱིས་ནག་པོ་པ། །རླུང་གི་སྟོབས་ཀྱིས་གོ་རཀྟ། །གཏུམ་མོའི་སྟོབས་ཀྱིས་ཤ་ཝ་རི། །ཕྱག་རྒྱ་ཆེན་པོས་ས་ར་ཧ། །བྱིན་རླབས་སྟོབས་ཀྱིས་ཏོག་ཙེ་པ། །ཟ་ཉལ་འཆག་གིས་ཞི་བ་ལྷ། །ཨིནྡྲ་བྷཱུ་ཏི་འདོད་ཡོན་གྱིས། །རྟེན་འབྲེལ་ཐམས་ཅད་འཚོགས་པ་ལས། །བིར་ཝ་པ་ལ་སྒྱུབ་ཐོབ་བྱུང་། །དེ་འདྲའི་ཐབས་ལམ་སྣ་ཚོགས་ལ། །ཞེས་པ་ལྟ་བུ།

[9] ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བཀའ་འབུམ། པོད་ཉེར་གཉིས་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོའི་ཟླ་ ༢ པའི་དཔར་ཐེངས་དང་པོ། ཤོག་ངོས། ༤༨ དང༌། ༥༩ ནས་ ༨༩ བར་དང་། ༡༩༡ ནས་ ༡༩༣ བར་དང་། ཡང་ས་སྐྱ་ཨ་མེས་ཀྱི་བཀའ་འབུམ་དེའི་ཁྲོད་ཀྱི་པོད་གསུམ་པའི་ཤོག་ངོས། ༡༥ ནས་ ༢༩ བར་དང་། ༤༡ ནས་ ༥ བར་བཅས་སུ། ཆོས་རྒྱུན་མང་པོ་རྒྱ་བོད་དུ་བརྒྱུད་ཚུལ་གསལ། ཁྱད་པར་དུ་ཕྱི་མ་དེར་པཎ་ཆེན་ཨ་བྷ་ཡ་ཀ་ར་ལས་བརྒྱུད་ཚུལ་འགའ་ཞིག་བྱུང་། དེ་བཞིན་དུ། ཇོ་ནང་ཏཱ་ར་ནཱ་ཐས་བརྩམས། ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། པོད་ ༼༣༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། ༢༠༠༨ ལོའི་ཟླ་ ༤ པའི་དཔར་ཐེངས་དང་པོ། འདིར་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་ཤིང་། དེའི་ཤོག་ངོས་ ༢༥༥ ནས་ ༣༡༢ བར་གལ་ཆེ་བ་དང་། ཡང་ཏཱ་ར་ནཱ་ཐའི་གསུང་འབུམ་དེའི་ཁྲོད་ཀྱི་པོད་ ༼༣༣༽ གྱི་ཤོག་ངོས་ ༢༧༡ ནས་ ༤༠༨ བར་དུ་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་བཞུགས་ཏེ། དེ་དག་ཏུ་གྲུབ་ཐོབ་གྲགས་ཆེན་མང་པོའི་ལོ་རྒྱུས་དང་། དེ་དག་ལས་རྒྱ་བོད་དུ་ཆོས་རྒྱུན་སྣ་ཚོགས་བརྒྱུད་ཚུལ་གསལ།

Leave a Reply

Your email address will not be published. Required fields are marked *