ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་བྱ་བ།

དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་བྱ་བ།

 

ཕྱག་འཚལ་ཆོས་ཉིད་བདེན་མཐོང་ཆགས་བྲལ་བ། །སྟོན་མཆོག་བསམ་གྱིས་མི་ཁྱབ་སྟོབས་མངའ་བས། །སྨྲ་བརྗོད་ཡུལ་ལས་འདས་པའི་ཆོས་རྣམས་ནི། །སྙིང་རྗེ་དབང་གིས་འགྲོ་ལ་སྟོན་པར་མཛད། །དོན་དམ་ངོ་བོར་ཆོས་རྣམས་སྐྱེས་པ་མེད། །བདེན་པའི་དོན་དུ་དེ་ཡང་འགག་པ་མེད། །སངས་རྒྱས་རྣམས་ནི་ནམ་མཁའ་སྟོང་པ་བཞིན། །སེམས་ཅན་དག་དང་སངས་རྒྱས་རང་བཞིན་གཅིག །འཁོར་འདས་ཆོས་རྣམས་ཐམས་ཅད་སྐྱེས་པ་མེད། །ཚོགས་པའི་རྟེན་འབྲེལ་ཙམ་ལས་སྐྱེས་པར་ཟད། །རང་གི་མཚན་ཉིད་སྟེང་དུ་རང་བཞིན་སྟོང་། །རྣམ་པ་ཐམས་ཅད་མཁྱེན་པའི་ཡུལ་དུ་གྲུབ། །མཁས་པས་འདུས་བྱས་ཆོས་ཀྱི་རང་བཞིན་ནི། །གཟུགས་བརྙན་དག་དང་མཚུངས་པར་རབ་རྟོགས་ཤིང་། །དྲི་བྲལ་རང་བཞིན་གྱིས་ནི་ཉེར་ཞིའི་དབྱིངས། །གཉིས་མེད་བདེ་གཤེགས་སྙིང་པོ་དག་དང་མཚུངས། །

བདེན་པའི་དོན་དུ་བདག་གི་རང་བཞིན་མེད། །ཐ་མལ་སེམས་ཀྱི་རྟོག་པས་བདག་ཏུ་བཟུང་། །བདེ་སྡུག་མྱོང་བ་དང་ནི་བྲལ་བ་དང་། །ཉོན་མོངས་དང་ནི་ཐར་པའང་དེ་བཞིན་ནོ། །རིགས་དྲུག་འཁོར་བའི་གནས་སུ་རྒྱུན་མར་འཁོར། །མཐོ་རིས་ལྷ་ཡི་བདེ་བ་མཆོག་རྣམས་དང་། །ངན་སོང་དམྱལ་བའི་སྡུག་བསྔལ་མི་བཟད་པ། །ཀུན་ཀྱང་བདེན་པའི་རང་བཞིན་ཡོད་མིན་ནོ། །མི་དགེ་སྡིག་པའི་ལས་ལ་ཉེར་སྤྱད་པས། །ན་རྒ་འཆི་བའི་སྡུག་བསྔལ་ཆེན་པོ་མྱོང་། །དེ་ཕྱིར་དགེ་བའི་ལས་ལ་འབད་པས་སྒྲུབས། །དེ་ཡི་འབྲས་བུ་བདེ་བ་ཐོབ་པར་ངེས། །སེམས་ཅན་རྨོངས་པའི་ཀུན་རྟོག་སྤྲོས་པ་ལས། །ནགས་ཚལ་མེ་ཡིས་འཚིག་པ་ཇི་བཞིན་དུ། །ཉོན་མོངས་མེ་ལྕེ་མཆེད་ཅིར་རབ་འབར་བས། །དམྱལ་བ་ལ་སོགས་ངན་སོང་གནས་སུ་ལྷུང་། །དེ་དག་ཐམས་ཅད་རྫུན་པའི་ངོ་བོ་ཉིད། །འཁོར་བའི་སེམས་ཅན་རྣམས་ཀྱང་རྫུན་པ་ཉིད། །འཇིག་རྟེན་མཚན་ཉིད་རྫུན་པའི་རང་བཞིན་ཏེ། །རྟེན་ནས་འབྱུང་བའི་ཚུལ་གྱིས་མངོན་པར་གྲུབ། །དཔེར་ན་འཇིག་རྟེན་ཡུལ་གྱི་རི་མོ་མཁན། །རང་ཉིད་གནོད་སྦྱིན་གཏུམ་པོའི་གཟུགས་བྲིས་ནས། །རང་གིས་རང་ལ་འཇིགས་སྣང་སྐུལ་བ་འདྲ། །དེ་ཕྱིར་དེ་ལ་བླུན་པོའི་ཐ་སྙད་ཐོབ། །གཞན་ཡང་རྨོངས་པའི་དབང་གིས་བྱིས་པ་རྣམས། །རང་དགར་འཁྱམ་ནས་གཡང་སར་ལྷུང་བ་བཞིན། །སེམས་ཅན་ཀུན་རྟོག་གཡང་དུ་རབ་ལྷུང་བས། །རང་ཉིད་བཏོན་པའི་ཤེད་བྲལ་འཁོར་བར་འཆིངས། །ཡོད་པ་མིན་པར་རྨོངས་པས་ཡོད་པ་མཐོང་། །སྡུག་བསྔལ་ཚོར་བ་ཤིན་ཏུ་དྲག་པོ་མྱོངས། །གནས་ལུགས་རྟོགས་པའི་བློ་དང་ཡུལ་གྱི་བར། །རྟོག་པའི་སྤྲོས་པ་དུག་གི་ཡོལ་བས་བསྒྲིབས། །མགོན་མེད་སྐྱབས་མེད་འགྲོ་ལ་རབ་དགོངས་ནས། །བདག་གི་སྟོན་པའི་ཐུགས་བརྩེ་རབ་གཡོས་པས། །རིས་མེད་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རླབས་ཆེན་བྱང་ཆུབ་སེམས་ཀྱི་སྤྱོད་མཆོག་བསྟེན། །དེར་བརྟེན་རྒྱ་ཆེན་ཚོགས་རྣམས་རབ་རྫོགས་ཤིང་། །བླ་མེད་བྱང་ཆུབ་ཆེན་པོའི་འབྲས་བུ་བརྙེས། །རྟོག་པའི་འཆིང་བ་ཀུན་ལས་རྣམ་གྲོལ་བས། །སངས་རྒྱས་འགྲོ་བ་ཀུན་གྱི་བཤེས་གཉེན་མཆོག །རྟེན་ནས་འབྱུང་བའི་དོན་ལ་ལེགས་བརྟེན་ནས། །དེ་ཡི་བདེན་པའི་ཆོས་ཉིད་མངོན་པར་གཟིགས། །ཐོག་མཐའ་བར་གསུམ་ཀུན་གྱི་དངོས་ཉིད་བྲལ། །འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པར་མཁྱེན། །འཁོར་བ་དང་ནི་མྱ་ངན་འདས་པའི་ཡུལ། །གཉིས་ཀ་དག་ཀྱང་བདེན་པའི་དོན་དུ་མེད། །སྒྲིབ་པའི་དྲི་མ་མེད་ཅིང་འགྱུར་བ་མེད། །གདོད་ནས་ཉེར་ཞི་རྟག་པར་འོད་གསལ་བའོ། །དཔེར་ན་མཚན་མོའི་གཉིད་ལས་སད་པའི་ཚེ། །གཉིད་ཀྱི་རྨི་ལམ་སྣང་བ་མི་མཐོང་བཞིན། །གཏི་མུག་མུན་པའི་གཉིད་ལས་སད་པའི་ཚེ། །སྐྱེ་འཆི་འཁོར་བ་ཡང་ནི་མི་མཐོང་ངོ་། །རྫུན་སྣང་དག་ལས་གྲུབ་པའི་རྟེན་འབྲེལ་ཆོས། །རྫུན་གྱི་རང་བཞིན་བདེན་པར་གྲུབ་པ་མེད། །ཆོས་ཀུན་གདོད་ནས་བདེན་པར་ཡོད་མིན་པ། །དེ་ནི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དོ། །སྐྱེས་པ་ཐམས་ཅད་བདག་ལས་སྐྱེས་པ་མིན། །སྐྱེས་པར་འཛིན་པ་རྟོག་པ་ཕྱིན་ཅི་ལོག །དེ་ལྟར་རྟོག་དང་སྐྱེས་པའི་སེམས་ཅན་གཉིས། །གཉི་ག་ཡང་ནི་རིགས་པས་གྲུབ་པ་མེད། །འདི་དག་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ། །རྫུན་པ་སྒྱུ་མ་ལྟ་བུར་གནས་པ་ཡིན། །དེ་ཕྱིར་དགེ་དང་སྡིག་པའི་ལས་ལས་ནི། །བདེ་དང་སྡུག་བསྔལ་འབྲས་བུ་བསྙོན་མེད་འབྱུང་། །ནམ་ཞིག་སེམས་ཀྱི་སྤྲོས་པ་ཉེར་ཞི་བས། །ད་གཟོད་ཆོས་རྣམས་ཉེ་བར་ཞི་བ་འབྱུང་། །དེ་ཕྱིར་ཆོས་རྣམས་ཐམས་ཅད་བདག་མེད་དེ། །ཆོས་རྣམས་རང་བཞིན་དག་ཅིང་དྲི་མ་མེད། །མཚན་ཉིད་རང་བཞིན་མེད་པའི་ཆོས་ལ་ནི། །རྟོག་པས་རྟག་བདག་བདེ་བར་ཡོངས་སུ་འཛིན། །རྨོངས་ཞེན་མུན་པས་ཀུན་ནས་བསྒྲིབས་པའི་མིར། །འདུས་བྱས་རྒྱ་མཚོ་ཆེན་པོའི་སྣང་བ་འབྱུང་། །སྐྱེ་འཆི་འཁོར་བའི་རྒྱ་མཚོ་ཆེན་པོ་རུ། །རྟོགས་བཏགས་ཉོན་མོངས་ཆུ་བོས་རབ་བཀང་བས། །ཐེག་ཆེན་གྲུ་གཟིངས་འདི་ལ་མ་བརྟེན་པར། །སུ་ཞིག་དེ་ཡི་ཕ་རོལ་ཕྱིན་པ་ཐོབ། །མངོན་སུམ་འཇིག་རྟེན་འདི་ཉིད་མ་རིག་པའི། །རྟེན་འབྲེལ་ལས་ནི་བྱུང་བ་ཤེས་རྣམས་ལ། །དེས་ན་རྫུན་པ་བསླུ་བའི་རྟོག་པ་འདི། །གང་ལས་བྱུང་བ་ཡིན་ཞེས་འདྲི་བར་བྱེད། །ཅེས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །

སློབ་དཔོན་ཀླུ་སྒྲུབ་གསུང་གི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་ཞེས་པ་འདི་ཉིད། སྤྱི་ལོ་དགུ་བརྒྱ་དང་བརྒྱད་ཅུ་ཐམ་པའི་ལོ་ལ་རྒྱའི་ལོ་ཙཱ་བ་ཧྲི་ཧོས་ཞེས་པས་སིང་ཀིར་ཏའི་སྐད་ལས་རྒྱ་ཡིག་ཏུ་ཐོག་མར་བསྒྱུར་ཅིང་། སྤྱི་ལོ་སྟོང་དང་དགུ་བརྒྱ་གོ་བདུན་ལོར་སིང་ཀིར་ཏའི་སྐད་ལ་མཁས་པའི་རྒྱ་རིགས་མཁས་པ་ཝུ་པེ་ཧོས་ཞེས་པས་སླར་ཡང་མ་དཔེ་དང་དག་གཏུགས་བྱས་ནས་འགྱུར་བཅོས་བྱས་ཏེ་རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་རྩོམ་དེབ་ཏུ་བཀོད་པ་དེ་ལ་གཞིར་བྱས་ནས། བོད་འགྱུར་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་ཀྱི་ཆད་བསབ་དང་། རང་གིས་ཀྱང་གཞུང་འདི་ལ་བག་ཆགས་འཇོག་ཕྱིར། གངས་ཅན་རིག་སྨྲའི་ཐ་ཤལ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དུ་འབོད་པས་སྤྱི་ལོ་ཉིས་སྟོང་དང་གསུམ་གྱི་ལོའི་རྒྱ་ནག་ལུགས་ཀྱི་སངས་རྒྱས་འཁྲུངས་སྐར་ཡོས་ཟླའི་ཚེས་བརྒྱད་ལ་བོད་ཡིག་ཏུ་བསྒྱུར་ཅིང་གཏན་ལ་ཕབ་བོ།།  །།

ཨ་ལགས་དོར་ཞི་རིན་པོ་ཆེ་ནས་རྒྱ་ནག ...

བསྟན་བཅོས་འདི་ཉིད་རྒྱ་ཡིག་ནས་སྒྲ་སྒྱུར་གནང་མཁན། ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་མཆོག

Leave a Reply

Your email address will not be published. Required fields are marked *