ཀ་ལ་བི་ན་ཀའི་ལྗོངས་དང་འཕགས་པ་ཤཱ་རའི་བུ་བལྟམས་པའི་གནས།

༣༡. ཀ་ལ་བི་ན་ཀའི་ལྗོངས་དང་འཕགས་པ་ཤཱ་རའི་བུ་བལྟམས་པའི་གནས།

 

དེའི་ཤར་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ལྷག་བགྲོད་པ་ན་ཀ་ལ་བི་ན་ཀའི་ལྗོངས་སོ། །དེར་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་ཤཱ་རིའི་བུ་བལྟམས་པའི་གནས་ཏེ་དེ་ཉིད་ཀྱི་ཁྱིམ་ཤུལ་ཡོད་དོ། །དེའི་ལོགས་སུ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་དེ་ཉིད་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ནོ། །འཕགས་པ་དེ་ནི་ཤིང་ས་ལ་ཆེན་པོ་ལྟ་བུའི་རིགས་སུ་འཁྲུངས་ཏེ། ཡུམ་གྱི་མིང་ཤྭ་རི་ཀ་ཟེར། ནུབ་ཅིག་ཡུམ་གྱི་རྨི་ལམ་ན། སྐྱེས་བུ་གསེར་གྱི་གོ་ཆ་གྱོན་པ་ཕྱག་ན་རྡོ་རྗེ་ཐོགས་པ་ཅིག་གིས་རྡོ་རྗེ་གསོར་ཞིང་རི་བྲག་ཐམས་ཅད་ཐལ་བར་བརླག །རི་བྲག་མཐོན་པོ་ཚིག་སྐྱ་གཅིག་ལུས་པའི་རྩ་བར་འགྱེལ་ཏེ་འདུག་པ་རྨིས་སོ། །སད་ནས་ཁྱོ་ཤུག་ལ་བཤད་པས་ཁྱོད་ཀྱི་རྨི་ལྟས་བཟང་པོ། རྒོལ་བ་ཐམས་ཅད་རྨེག་མེད་དུ་བཅོམས་པའི་སྐྱེས་བུ་འགྲན་གྱི་དོ་ཟླ་མེད་པ་གཅིག་ལ་བརྟེན་པར་ལུང་བསྟན་ནོ། །མི་རིང་བར་སྲོག་ཆགས་དང་ལྡན་པར་གྱུར་ནས་ཟླ་བ་བཅུ་རྫོགས་པ་ན་འཕགས་པ་ཤཱ་རིའི་བུ་འཁྲུངས་སོ། །རིམ་གྱིས་ལོ་བརྒྱད་ལོན་པ་ན་རིག་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཏོ།།

འཕགས་པ་མོའུ་འགལ་གྱི་བུ་དང་ཆུང་གྲོགས་བྱས་ཏེ་སྤྱོད་པར་འཕགས་པ་མོའུ་འགལ་གྱི་བུ་ནི་ཕྱི་རོལ་པའི་མཁས་པ་ཤན་ཙི་ཡེ་ལ་བསྟེན་ནོ། །ཤཱ་རིའི་བུས་དེའི་གྲུབ་མཐའ་དྲིས་པས་མཐར་ཐུག་པའི་ཡང་དག་པའི་ལམ་མ་ཡིན་པར་རྟོགས་སོ། །ལན་ཅིག་གྲོང་དུ་འཇུག་པའི་ལམ་བར་ན་འཕགས་པ་རྟ་ཐུལ་དང་མཇལ་ཏེ་དམ་པའི་ཆོས་ཐོས་པ་ཙམ་གྱིས་རྒྱུན་ཞུགས་ཐོབ་པ་སོགས་སྔར་བཤད་པ་བཞིན་ནོ། །དེ་ནས་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་སྟོན་པ་ཚོལ་བ་ན་སྟོན་པས་རྒྱང་རིང་པོ་ནས་གཟིགས་ཏེ་ལུང་བསྟན་པ་སོགས་འཕགས་པ་མོའུ་འགལ་གྱི་བུའི་སྐབས་དང་འདྲ་བ་ལ། དེའི་ཟླ་བ་ཕྱེད་ཙམ་ན་ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་མཉན་པའི་རྐྱེན་གྱིས་དགྲ་བཅོམ་ཐོབ་བོ། །ཕྱིས་སུ་འཕགས་པ་ཀུན་དགའ་བོ་ལས་སྟོན་པ་མྱ་ངན་ལས་འདའ་བར་བཞེད་པ་ཐོས་པས་མ་བཟོད་ནས་མྱ་ངན་ལས་འདས་སོ།།[1]

[1] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༣༣

Leave a Reply

Your email address will not be published. Required fields are marked *