༸ གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་བ་ ༧ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དཀར་འཁྱིལ་རྗོང་ཁོངས་མུལ་བེག་སློབ་གྲྭའི་དགེ་སློབ་མི་མང་རྣམས་ལ་སྩལ་བའི་བཀའ་སློབ་ལས།

བོད་ཀྱི་ས་དགེ་བཀའ་རྙིང་ཚང་མ་རྩ་བ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཤ་སྟག་ཆགས་ཡོད་པས། ང་ཚོ་རྩ་བ་དེའི་ཐོག་ཏུ་འགྲོ་དགོས་པ་ལས། ཞྭ་མོ་ཚོན་གཞི་སོགས་ཅུང་ཟད་མི་འདྲ་བ་རེ་ཡོད་པ་དེ་དག་ལ་བརྩི་རྒྱུ་མེད། དེས་ན་གཞུང་ཆེན་བཅུ་གསུམ་དེ་དག་ཚང་མ་རྒྱ་གར་ནས་བྱུང་བ་ཤ་སྟག་ཆགས་ཡོད། དེ་མིན་ཆོ་ག་འདོན་པ་སོགས་ལ་ངོས་རང་ངོ་མཚར་གང་ཡང་སྐྱེ་གི་མི་འདུག གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་མདོར་ན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྐོར་ཤེར་ཕྱིན་མདོ་དང་།

རྒྱུད་སྡེ་སོགས་ནས་གསུངས་པ་རྣམས་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་ཁོག་ཕུབ་དགོས་པ་ལས། རང་གར་རང་ཉིད་ཀྱི་དགོན་པ་དང་ལྷ་ཁང་ཞིག་ཏུ་སྔར་སྲོལ་ཆོ་ག་ཞིག་འདོན་པ་དང་། རྔ་བརྡུང་ནས་འཆམ་འཁྲབ་པ་སོགས་ལ་ངོས་རང་གང་ཡང་ཧ་ལས་ཀྱི་མི་འདུག
མདོར་ན་ཚང་མས་ཆོས་ཡོད་མེད་ཇི་ལྟར་ཡང་མི་བཟང་པོ་ཞིག་བྱེད་དགོས་པ་ལས། གཅིག་གིས་གཅིག་ལ་དབང་ཡོད་དང་ཐུབ་ཚོད་ཤོད་པ་སོགས་བྱ་རྒྱུ་མེད། གཅིག་གིས་གཅིག་ལ་ཕན་འདོགས་དགོས་ལ། གལ་ཏེ་ཕན་ཐོགས་བྱེད་མ་ཐུབ་ཀྱང་གནོད་པ་མི་བྱེད་པ་ནི་ཆོས་ཀྱི་སྙིང་པོ་ཡིན་པར་མ་ཟད། འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཡང་ཡིན་པས་དེ་དག་སེམས་ལ་འཆང་དགོས། གཞན་ཡང་སློབ་གཉེར་ལ་དང་དོད་བྱེད་དགོས། སློབ་སྦྱོང་མེད་ན་ལྷག་བསམ་ཡོད་པ་གཅིག་པུས་ནུས་པ་དེ་ཙམ་ཐོན་མི་ཐུབ་ལ། ཡང་ལྷག་བསམ་མེད་ན་སློབ་སྦྱོང་ཡོད་ཀྱང་གཞན་ལ་རྙོག་དྲ་བཟོ་རྒྱུའི་ཆ་རྐྱེན་ལྟ་བུ་ཞིག་རེད། ཅེས་བཀའ་སློབ་སྩལ།

Leave a Reply

Your email address will not be published. Required fields are marked *