༨༽ ལངྐ་རྒྱལ་བ་བཟང་པོ།

ལངྐ་རྒྱལ་བ་བཟང་པོ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1། རྒྱལ་པོ་མ་སུར་ཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་ཏེ། སློབ་དཔོན་དེ་ནི་ལངྐའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས། ཡུལ་དེ་ཉིད་དུ་ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལ་མཁས་པར་སྦྱངས་པའི་དགེ་སློང་པཎྜི་ཏ་ཡིན། སླར་མ་ག་དྷར་བྱོན་ཏེ་ཐེག་པ་ཆེན་པོ་ལ་ལེགས་པར་སྦྱངས། ཁྱད་པར་གསང་སྔགས་ལ་མཁས་པ་ཞིག་བྱུང༌། བི་ཀྲ་མ་ཤི་ལར་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། ལན་གཅིག་ལྷོ་ཕྱོགས་ཀོངྐ་ནར་བྱོན། དེ་ན་མ་ཧཱ་བིམྦ་ཞེས་བྱ་བ་རེག་པ་མེད་པའི་མཆོད་རྟེན་དུ་ཡང་གྲགས་ཏེ། ནམ་མཁའ་ལ་མཆོད་རྟེན་གྱི་གཟུགས་བརྙན་རང་བྱུང་དུ་ཡོད་པ། ཡུལ་དེར་བཞུགས་ཏེ་སློབ་མ་འགའ་རེ་ལ་གསང་སྔགས་ཀྱི་ཐེག་པ་མང་དུ་བཤད། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་བརྩམས། ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་སྡིགས་མཛུབ་བསྟན་པས་ཤི་བ་ལ་སོགས་པའི་ནུས་པ་བརྙེས། བི་ཀྲ་མ་ཤི་ལའི་སྔགས་ཀྱི་སློབ་དཔོན་མཛད་དོ། །ཞེས་བྱུང་ངོ་།།

ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྣམ་པར་བཤད་པ་མཁའ་འགྲོ་དགའ་བ་རྒྱུད་སྡེའི་སྙིང་པོ་ལས2། རྩ་བའི་རྒྱུད་ཕྱི་མ་འདི་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བསྟོད་འགྲེལ་དང༌། སློབ་དཔོན་བྷ་བ་བྷ་དྲ། གྲུབ་ཆེན་ལ་བ་པ། དཔའ་བོ་རྡོ་རྗེ། ལངྐ་རྒྱལ་བ་བཟང་པོ། སྐལ་ལྡན་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་གཉི་གའི་བཤད་སྦྱར། སུ་མ་ཏི་ཀཱིརྟིས་མཛད་པའི་ཉུང་ངུའི་མཚམས་སྦྱོར། ཞེས་འཁོར་ལོ་སྡོམ་པའི་བླ་བརྒྱུད་ཀྱི་ཁོངས་སུ་གསལ་ཞིང་། སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་ལས3། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ། སློབ་དཔོན་ལངྐ་རྒྱལ་བ་བཟང་པོས་མཛད་པ། གཞུང་ཚད་བདུན་བརྒྱ་ཡོད་པ་སོགས་བཞུགས་ལ། བྱོན་པའི་དུས་ནི། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ཙམ་མོ།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༠

2 ཀུན་མཁྱེན་གསུང་འབུམ། པོད། ༼༡༤༽ ཤིང་དཔར། དཔེ་རིང་ཤོག་གྲངས་ ༡༡ན༥

3 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༨

Leave a Reply

Your email address will not be published. Required fields are marked *