༥༽ སློབ་དཔོན་རྒྱལ་བའི་ལྷ།

བྷ་བི་དེ་ཝ་སྟེ་སློབ་དཔོན་རྒྱལ་བའི་ལྷ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས1རྒྱལ་བའི་ལྷ་ཡང་གསུང་རབ་དུ་མ་ལ་མཁས་པར་བྱས་པའི་སློབ་དཔོན་ཆེན་པོ་ན་ལེནྡྲར་ཡུན་རིང་དུ་བཞུགས་པ་ཞིག་སྟེ། རྣམ་ཐར་ཞིབ་མོ་མ་ཐོས་སོ། །དེའི་ཚེ་བྱང་ཕྱོགས་ཧ་སཱ་མར་སངས་རྒྱས་ཀྱི་ཚེམས་མཆེ་བ་ཞིག་བྱོན་ཏེ། སློབ་དཔོན་དགེ་འདུན་འབངས་ཀྱི་སློབ་མ་སྙན་དངགས་མཁན་གསང་བ་བྱིན་དང༌། ཆོས་འབངས་ཀྱི་སློབ་མ་རཏྣ་མ་ཏི་ལ་སོགས་པ་འཁོར་རྣམ་པ་བཞི་ཆོས་བཞིན་སྤྱོད་པ་བརྒྱ་སྟོང་མང་པོ་བྱུང་ནས་ཚེམས་མཆེ་བ་ལ་མཆོད་པར་བྱེད་པ་བྱུང༌། དེའི་རྒྱུན་ད་ལྟར་པུ་ཁང་ན་ཡོད་དོ། །ཞེས་བྱུང་ངོ་།།

དུས་ནམ་ཞིག་བྱོན་མིན་ནི། དེ་ཉིད་ལས2། འདི་སྐབས་ལེགས་ལྡན་དང༌། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང༌། སློབ་དཔོན་ཞི་བ་ལྷ་དང༌། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །འཕགས་པ་ས་ག་ལྷ་ཡང་འདི་དུས་བྱུང་བར་མངོན་ཏེ། མེ་ཏོག་ཕྲེང་བརྒྱུད་ལོ་ཙཱ་བ་སྙེལ་ཙོར་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ན། འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་འཕགས་པ་ས་ག་ལྷས་མཛད་པ་ཞེས་འབྱུང་བས་སོ། །ཞེས་གསལ་བ་ལྟར། དཔལ་ལྡན་ཆོས་སྐྱོང་གིས་ནཱ་ལེནྡྲའི་མཁན་པོ་ཅུང་ཟད་མཛད་པའི་འོག་ཏུ་སློབ་དཔོན་རྒྱལ་བའི་ལྷས་དཔལ་ལྡན་ནཱ་ལེནྡྲའི་མཁན་པོ་མཛད་དོ། །སློབ་མ་རྒྱལ་སྲས་ཞི་བ་ལྷ་དང་། དཔལ་ལྡན་ཆོས་སྐྱོང་། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་སོགས་མང་ཞིང་། དུས་རབས་ནི། རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་སྐབས་ཏེ་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་སྨད་དང་བདུན་པའི་ནང་ཙམ་མོ། །རྣམ་ཐར་ཞིབ་པ་ནི་མ་རྙེད་དོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས3། ༼རྒྱུད་ཟི་པ་ལ།༽ སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསུངས་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་སོགས་བཞུགས་ལ། སྒྱུར་གཞུང་ལ་མཚོན་ནའང་། ༼རྒྱུད་ཝི་པ་ལ།༽ དོ་ཧ་མཛོད་ཀྱི་དཀའ་འགྲེལ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཐར་པའི་འབྱུང་གནས་སྦས་པས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བའི་ལྷ་དང༌། རྒྱ་ལོ་ཙཱའི་འགྱུར་ཞེས་བྱུང་བས་དཔྱད་དགོས་སོ།།

1 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༩༨

2 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༨༡

3 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༠

Leave a Reply

Your email address will not be published. Required fields are marked *