༥༽ ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས།

༥༽ ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས།

 

ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ནི། (མལ་གྱི་བློ་གྲོས་གྲགས་ཞེས་པའང་སྣང་།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་སྙན་གྲགས་ཅན་ཞིག་སྟེ། མཁས་པའི་དགའ་སྟོན་དུ། མལ་གྱི་བློ་གྲོས་གྲགས་འདིས་རྒྱ་གར་ནས་མགོན་པོའི་ཆོས་སྐོར་དུ་མ་སྤྱན་དྲངས་ཏེ་མགོན་པོའི་དངོས་སློབ་རྒྱ་གར་གྱི་སློབ་དཔོན་ཨརྞ་པ་ལ་གསན་པ་གྲི་གུག་ལྕགས་པར་མ་སྤྲུལ་པ་ཉི་མ་འབར་ལ་གནང་ནས་ཕྱིས་བེར་ནག་ཅན་དུ་གྲགས།

བྲམ་ཟེ་མཆོག་སྲེད་ནས་ཤྲཱདྡྷ་ཀ་ར། ལོ་ཆེན་རིན་བཟང་། བྲག་སྟེང་པ་ཡོན་ཚུལ་ལ་གསན་པ་གྲི་ཕུག་གཅེར་བུ་ནི་ས་ཆེན་ཀུན་སྙིང་ལ་གནང་སྟེ་ཕྱིས་གུར་མགོན་དུ་གྲགས་སོ། །འཁོན་དཀོན་མཆོག་རྒྱལ་པོ་ (1034ལོ-1102ལོ) སོགས་ལ་གསང་སྔགས་གསར་མའི་ཆོས་སྐོར་མང་དུ་གསུངས།
ཁོང་གི་འགྱུར་ལ། བསྟན་འགྱུར་ལས། རྒྱུད་ ༼ཝ༽ པོད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་དཔལ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྒྱུད་ ༼ཤ༽ པོད་དུ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ་དང་། དེ་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པ་རྣམས་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་བསྒྱུར་བ།[1] ལྷག་པར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ། དེ་ལ་སོགས་པའི་ཆོས་ཚན་བཅུ་གྲངས་ལྷག་བཞུགས་སོ།།

 

[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༡༥༠

Leave a Reply

Your email address will not be published. Required fields are marked *