༣༽ སློབ་དཔོན་འདུས་བཟང་།

སློབ་དཔོན་འདུས་བཟང་ངམ་ཁ་ཆེ་དགེ་འདུན་བཟང་པོ་ནི། སློབ་དཔོན་པདྨས་མཛད་པའི་བཀའ་ཐང་སྡེ་ལྔ་ལས1

ཁ་ཆེ་དགེ་འདུན་བཟང་པོ་ཡིས། །བཙུན་མ་གསལ་བའི་ཚུལ་ཁྲིམས་ལ། །

ལུས་བསྐྱེད་ཐོགས་མེད་དབྱིག་གཉེན་གྲགས། །དབང་ལ་དོན་ནི་བཅུ་གཅིག་སྟེ། །

ཞེས་གསུངས་པ་ལྟར། སློབ་དཔོན་འདུས་བཟང་གི་རྣམ་ཐར་ནི། མཁས་བཙུན་བཟང་པོ་ (1973-1990) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས2། སློབ་དཔོན་དབྱིན་གཉེན་གྱི་བླ་མ་སྟེ། ཁོང་ཁ་ཆེར་བཞུགས་པའི་དྲུང་དུ་སློབ་དཔོན་དབྱིག་གཉེན་བྱོན་ནས་མཁས་པའི་རྩེ་མོར་གྱུར། ཐེག་པ་ཆུང་ངུའི་གྲུབ་མཐའ་ལས་ཐེག་ཆེན་ཁས་མི་ལེན་ཡང༌། གཅེན་གྱི་ཐབས་མཁས་ཐུགས་རྗེར་བརྟེན། ཕྱིས་སུ་ཐེག་པ་ཆེན་པོར་ཞུགས་ནས་མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ། སྐྱེས་དང་བཅས་པ་འདུས་བཟང་ལ་སྤྲིངས་སོ། །དེའི་སློབ་མ་དག་གིས་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ་ཞེས་སྨྲས་པ་དང༌། ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་ཟེར་ཏེ། ཤིན་ཏུ་མཉེས་ནས་འགྲེལ་པ་མདོ་དང་མཐུན་པའང་སྦྱར་རོ། །དུས་ཕྱིས་འགྲེལ་པ་མཛད་དེ་བསྐུར་བ་དང༌། རྩ་བ་སུན་འབྱིན་འགྲེལ་པ་འདི་ལུང་དང༌། རིགས་པས་ཚར་བཅད་ཅིང་ཕམ་པར་བྱས་ལ། ཁོ་ཉིད་ཀྱི་ལག་པས་བསུབ་ཏུ་གཞུག་དགོས་གསུངས་ཏེ་བསྟན་བཅོས་ལན་གྱི་ཕུང་པོའང་བརྩམས་ཏེ། རྒྱ་གར་དུ་རྩོད་པ་ལ་བྱོན་པར་ཆས་པས། དབྱིག་གཉེན་གྱིས་གསན་ནས་སློབ་དཔོན་འདུས་བཟང་ནི་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་བྱང་བ་ཡིན་པས་བཟློག་པ་ཡང་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་རང་བྱུང་གི་མཆོད་རྟེན་ལྟར་འགྲོ་ཞེས་བསྒྲགས་ལ། བལ་ཡུལ་དུ་འགྲོའོ་སྙམ་ནས་བྱོན་ནོ།།

དེའི་རྗེས་ལ་སློབ་དཔོན་སཾ་གྷ་བྷ་དྲ་འདུས་བཟང་ངམ་དགེ་འདུན་བཟང་པོ། འཁོར་རབ་ཏུ་བྱུང་བ་མང་པོའི་གོས་ངུར་སྨྲིག་གི་འོད་ཀྱིས་ནམ་མཁའ་དམར་པོར་སོང་བ་ཙམ་བྱོན་ཏེ་ནཱ་ལེནྡྲར་གཤེགས་སོ། །དེའི་ཚེ་སློབ་དཔོན་དབྱིག་གཉེན་ནི་བལ་ཡུལ་ཧང་ངུ་ཞེས་པར་རབ་བྱུང་གི་ཆ་བྱད་འཛིན་པ། སྡོམ་ཁྲིམས་ལ་མི་གནས་པ་ཆང་གི་བུམ་པ་ཐོགས་པ་མཐོང་ནས་བསྟན་པ་ནུབ་པ་འདུག་གསུངས་ནས་སྐྱོ་བ་སྐྱེས་ཏེ། རྣམ་རྒྱལ་མའི་གཟུངས་གོ་བཟློག་ནས་བཏོན་པས་འདས་ཏེ་མཆོད་རྟེན་བརྩིགས་པ་དེང་སང་ཡང་འཕགས་པ་ཤིང་ཀུན་ན་མཇལ་རྒྱུ་ཡོད། འདུས་བཟང་ནཱ་ལེནྡྲར་ཕེབས་ནས་དེར་གཤེགས་པར་བཤད་པ་ལྟར་ན། འདས་ལོ་བརྒྱ་ཕྲག་བཞི་པའི་སྨད་3ནས་བརྒྱ་ཕྲག་ལྔ་པའི་ནང་ཙམ་མོ། །ཞེས་བྱུང་བ་ལྟར་ལགས་ཤིང་། འཕགས་པ་ཐོགས་མེད་ཀྱི་རྗེས་སུ་སློབ་དཔོན་དབྱིག་གཉེན་གྱིས་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་ཚུལ་གསལ་ཡང་། དབྱིག་གཉེན་བལ་ཡུལ་དུ་ཕེབས་རྗེས་མཁན་པོ་སུས་གནང་མིན་གསལ་ཁ་མི་སྣང་མོད། འོན་ཀྱང་དེ་རྗེས་སློབ་དཔོན་འདུས་བཟང་ནཱ་ལེནྡྲར་ཕེབས་བཞུགས་མཛད་དེ་མཐར་ནཱ་ལེནྡྲར་སྐུ་གཤེགས་ཚུལ་གསལ་བ་ལྟར་ན། དབྱིག་གཉེན་གྱི་མཇུག་ཐོག་ཏུ་སློབ་དཔོན་འདུས་བཟང་ངམ་ཁ་ཆེ་དགེ་འདུན་བཟང་པོས་མཁན་པོ་མཛད་མེད་དམ་སྙམ་པས་དཔྱད་གཞིར་ཕུལ་བ་ལགས་སོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས4། ༼མངོན་པ་ཁུ་སྨད་ལ།༽ ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ། སློབ་དཔོན་འདུས་བཟང་གིས་མཛད་པ་དང་། ༼འདུལ་བ་སུ་པ་ལ།༽ འཕགས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་འདུན་བཟང་པོས་མཛད་ཀྱང་ཟེར་བ། རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ།།

འདི་ཡན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཁོ་ནའི་མཁན་པོའི་མཛད་ཁུར་བཞེས་མཁན་རྣམས་ཡིན་འདུག་ལ། དེ་རྗེས་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གསུམ་ག་མཉམ་དུ་མཁན་པོ་གཅིག་གིས་འཛིན་སྐྱོང་གནང་སྲོལ་བྱུང་བ་ནི་ཕལ་ཆེར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྐུ་དུས་ཙམ་ནས་བྱུང་བ་མིན་ནམ་སྙམ། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས5། ཡེ་ཤེས་ཞབས་དང་མར་མེ་མཛད་བཟང་པོ། །ལང་ཀ་རྒྱལ་བཟང་དཔལ་འཛིན་བྷ་བ་ལྷ། ། སྐལ་ལྡན་གྲགས་པ་ལཱི་ལ་བཛྲ་དང༌། །མི་ཐུབ་ཟླ་བ་དམ་ཚིག་རྡོ་རྗེ་དང༌། །དེ་བཞིན་གཤེགས་སྲུང་བྱང་ཆུབ་བཟང་པོ་དང༌། །པདྨ་སྲུང་བ་ཞེས་བྱ་བཅུ་གཉིས་པོ། །རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་ཡིན། །དེ་ནས་མཁས་པ་སྒོ་དྲུག་ལ་སོགས་དང༌། །གསང་སྔགས་སློབ་དཔོན་རྣམ་པ་སྣ་ཚོགས་བྱོན། །ཞེས་གསུངས་པ་ལྟར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་སློབ་དཔོན་བཅུ་གཉིས་དང་། དེ་རྗེས་མཁས་པ་སྒོ་དྲུག་སོགས་ནས་མཐའ་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བར་གྱི་པཎ་གྲུབ་རིམ་བྱོན་རྣམས་ནས་དབུས་འགྱུར་འཆང་གི་གཙུག་ལག་ཁང་གསུམ་པོ་དེ་དག་མཁན་པོ་གཅིག་གིས་གཅིག་ལྕོགས་འཛིན་སྐྱོང་གནང་སྲོལ་བྱུང་བ་ཡིན་འདུག་སྙམ་པས་དཔྱད་པར་འཚལ་ལོ།།

1 བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༩༡

2 རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༣༧༡

3 ཕྱི་ལོ་ ༤༨༩ ལོར་སློབ་དཔོན་འདུས་བཟང་རྒྱ་ནག་ཏུ་ཕེབས་པའི་རྣམ་ཐར་ཡང་དེབ་ཐེར་ལ་ལར་གསལ་ལོ།།

4 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༤

5 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧

Leave a Reply

Your email address will not be published. Required fields are marked *