༣༤༽ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ།

ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས1ཁྲོ་ཕུ་བས་སྤྱན་དྲངས་པའི་པཎ་གྲུབ་གསུམ་ལས། མཆོག་གྱུར་པཎ་གྲུབ་གཉིས་ཀྱི་པཎ་ཆེན་ནི། ཁ་ཆེ་གྲིབ་བསྟན་དུ་འཁྲུངས། རིགས་རྗེ་རིགས། ཛ་ཤོ་དྷ་ར་སྟེ་གྲགས་འཛིན། ལོ་བཅུ་ནས་བྲམ་ཟེ་ལཀྵཱི་དྷ་ར་ལ་སྒྲ་སྙན་གསོ་དཔྱད། རཏྣ་ཤཱི་ལ་དང་ལ་ལི་ཏ་ཧྲི་ད་ཞི་འབྱུང༌། དབྱངས་སྙན་སོགས་བསྟེན་ནས་གཞུང་འབུམ་ཕྲག་དུ་མ་ཐུགས་སུ་ཆུད། མཁན་པོ་སུ་ཁ་ཤྲཱི་ལས་རབ་ཏུ་བྱུང༌། མཚན་ཤཱཀྱ་ཤྲཱི་བྷ་དྲར་བཏགས། གྲོགས་གཅིག་གིས་འཚོ་བ་ལ་བརྟེན་དགོངས་པ་ན་སྒྲོལ་མས་ཁྱོད་སངས་རྒྱས་ཀྱི་བསྟན་པ་མི་འཛིན་ནམ་གསུངས་པ་རྨིས་པ་དེ་ཕྱིན་ཆད་བསོད་སྙོམས་ཁོ་ན་མཛད། མཚན་བསོད་སྙོམས་པར་ཐོགས། ཏིལ་མར་གྱི་ནང་དུ་མནལ་སྤངས་ཏེ་ཁ་འདོན་མཛད། མཁན་པོ་ཨུ་དྷ་ཀ་ར་གུཔྟ་དང༌། ལས་སློབ་ད་ཤ་པཱ་ལ། གསང་སྟོན་དཱ་ནཱ་ཀ་ར། དད་པའི་དགེ་འདུན་བཅོ་བརྒྱད་ཀྱི་དབུས་སུ་བསྙེན་པར་རྫོགས། ཉི་མ་སྦས་པ། ཙནྡྲ་གུཔྟ། རྡོ་རྗེ་གདན་པ་ཆུང་བ། བི་ཁྱཱ་ཏ་དེ་ཝ། བི་ན་ཡ་ཤྲཱི། ཉི་མ་དཔལ་ཡེ་ཤེས། འཇིགས་མེད་གྲགས་པ་རྣམས་ལས་སྡེ་སྣོད་དང་ཁྱད་པར་རྒྱུད་སྡེ་རབ་འབྱམས་ལ་ཐོས་པ་མཛད། ཡི་དམ་མང་པོའི་ཞལ་གཟིགས། རི་བྱ་རྐང་གི་གྲུབ་ཐོབ་དང༌། སིངྒ་ལའི་དགྲ་བཅོམ་པས་མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་སྤྲུལ་པར་ལུང་བསྟན། མ་ག་དྷའི་རྒྱལ་པོས་བླ་མར་བཟུང༌། གཞུང་རྩོམ་པ་དང་དྲི་བ་དགུའི་ལན་དུས་གཅིག་ལ་ཐེབས། ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་གི་སྡེ་པ་བཞིའི་དགེ་འདུན་ཁྲི་ཉིས་སྟོང་གིས་བསུས་ཏེ་གཙོ་བོར་བཀུར། འདམ་བུའི་ཚལ་དུ་རི་མོའི་བུད་མེད་ཀྱིས་བསོད་སྙོམས་ཕུལ།

གནས་གསེར་གྱི་ཏོག་ཅན་དུ་བཞུགས་པའི་ཚེ་རྒྱ་ནག་གི་གདན་འདྲེན་བྱུང་ཡང༌། དཀར་ཞིང་མཛེས་པའི་དགེ་སློང་ཞིག་གིས་ད་རེས་དུས་ལ་མ་བབ། མ་འོངས་པའི་དུས་བྱང་ཕྱོགས་སུ་སོང་ཞིག་ལུང་བསྟན། མཚོན་ཆ་འཁོར་ལོ་ཞེས་བྱ་བའི་མཆོད་རྟེན་ཆེན་པོ་ཞིག་ལ་སུས་ཀྱང་གདུགས་མ་ཁེལ་བ་སྒྲོལ་མ་མཆེད་ལ་གསོལ་བ་བཏབ་པས་གདུགས་བྱ་རོག་ཆེན་པོས་ཁྱེར་ཏེ་བཀལ། ནམ་ཞིག་སྲོད་ཀྱི་དུས་སྒྲོལ་མས་ཁྱོད་ད་ལྟ་ཤར་ཕྱོགས་སུ་སོང་ཞིག་གསུངས། དེ་མ་ཐག་མི་རྣམས་ལ་མྱུར་དུ་འདེང་ཞེས་བསྐུལ་ནས་སྐྱེས་བུ་དཀར་པོ་ཞིག་གིས་འོངས་ནས་ལམ་སྣ་བྱས། མ་ཧཱ་ཀཱ་ལས་མར་མེ་བཏེག་སྟེ། གཟའ་པ་ཝ་སངས་ཀྱིས་ལམ་མཚོན་པར་བྱས་ཏེ་ཚེགས་མེད་པར་ཛ་གད་ངྷ་རར་ཕེབས། དེའི་ཐོ་རངས་ཏུ་རུཥྐའི་དམག་གིས་མ་ག་དྷར་སླེབས་ཏེ་བཅོམ་པར་འདུག །གནས་དེར་རིག་པ་འཛིན་པའི་ལྷ་མོ་བཞིས་བསོད་སྙོམས་ཕུལ། དེར་ཐོ་རངས་ལྷའི་རྔ་བོ་ཆེའི་སྒྲ་གསན་པའི་རྐྱེན་གྱིས་དགའ་ལྡན་གཟིགས། བྱམས་པ་ལ་ཆོས་བཞི་གསན། རང་ལོ་བདུན་ཅུ་རྩ་བརྒྱད་ལ་བོད་དུ་ཕེབས། ལོ་བཅུ་བཞུགས་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང༌། གསེར་བྱུང་བ་ཐམས་ཅད་ལོ་ཙཱ་བས་བྱམས་པ་བཞེངས་པའི་རྒྱུ་ལ་གནང༌། སླར་ཁ་ཆེར་བྱོན་ཏེ་ལོ་བཅུ་གཉིས་བཞུགས་ཏེ་བསྟན་པ་བསྐྱངས་སོ། །ཞེས་བྱུང་ངོ་།།

དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ ( 1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས2 ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཞེས་ཡོངས་སུ་གྲགས་པ་དེ་ཡིན། པཎ་ཆེན་འདིའི་འཁྲུངས་ལོ་དང་བོད་དུ་ཕེབས་པའི་ལོ་ལ་བོད་ཀྱི་མཁས་པ་འགའ་ཞིག་གིས་བཞེད་པ་མི་འདྲ་བ་ཡོད་ཀྱང༌། དེབ་ཐེར་སྔོན་པོ་ལས3། པཎ་ཆེན་གྱི་འཁྲུངས་ལོ་རབ་བྱུང་གཉིས་པའི་མེ་ལུག་ ༡༡༢༧ ལོ་ཡིན་པ་དང༌། དགུང་ལོ་བདུན་ཅུ་དོན་བརྒྱད་པ་རབ་བྱུང་གསུམ་པའི་ཤིང་བྱ་ ༡༢༠༤ བོད་དུ་ཕེབས། དེ་ནས་རབ་བྱུང་བཞི་པའི་ཆུ་བྱ་ ༡༢༡༣ ལོ་བར་བོད་དུ་བཞུགས། དེའི་ཕྱི་ལོ་ཁ་ཆེའི་ཡུལ་དུ་ཕེབས་ནས་གཞན་དོན་རྒྱ་ཆེན་པོ་མཛད། དགུང་ལོ་དགུ་བཅུ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ་ ༡༢༢༥ ལོར་དགོངས་པ་མྱ་ངན་ལས་འདས་པ་ཡིན་པའི་རྒྱུ་མཚན་གསལ་བཤད་དང་བཅས་པ་གསུངས་པ་འདི་རང་ཁུངས་བཙན་པ་ཡིན།

འཁྲུངས་ཡུལ་ནི་རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་པྲ་ཝ་སུ་ར་ཞེས་བྱ་བར་ཡབ་ཚོང་དཔོན་ཆེན་པོ་སམ་པ་ཀ་ཡ་དང༌། ཡུམ་ཀུམ་པ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག་ ༡༡༢༧ ལོར་འཁྲུངས། དགུང་ལོ་བཅུ་ནས་བཟུང་རིག་པའི་གནས་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དགུང་ལོ་ཉེར་གསུམ་པར་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་སུ་ཁ་ཤྲི་བྷ་དྲ་ལས་རབ་ཏུ་བྱུང༌། སློབ་དཔོན་ཤནྟཱ་ཀ་ར་གུཔྟ་དང་བློ་སྦས་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སུམ་ཅུ་པ་ལ་སློབ་དཔོན་ཞི་འབྱུང་སྦས་པའམ་རྒྱ་གར་སྐད་དུ་ཤནྟཱ་ཀ་ར་གུཔྟ་ཞེས་པས་མཁན་པོ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་བཟུང་སྐུ་ཚེ་མ་རྫོགས་ཀྱི་བར་དུ་སྦྱངས་པའི་ཡོན་ཏན་ལ་གནས་པར་མཛད་ཅིང༌། པཎ་ཆེན་དེ་བ་པུ་ཎེ་སོགས་པཎྜི་ཏའི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན་ཅིང་མཁྱེན་པའི་པཎྜི་ཏ་ཆེན་པོར་གྱུར།

རབ་བྱུང་གསུམ་པའི་ལྕགས་བྱ་ ༡༢༠༡ ལོ་ནས་བཟུང་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ནས་དུ་རུ་ཀའི་དམག་རྒྱ་གར་དུ་ཡོང་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་མ་གཏོགས། ནུབ་དང༌། བྱང༌། དབུས་བཅས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་ནང་པའི་གཙུག་ལག་ཁང་གྲགས་ཅན་ཨོ་ཏནྟ་པུ་རི་དང༌། བྲི་ཀཱ་མ་ལ་ཤཱི་ལ་སོགས་མང་དུ་བཅོམ་པར་བརྟེན། ནང་པའི་པཎྜི་ཏ་དང༌། མཁས་པ། རབ་བྱུང་བཅས་མང་ཆེ་བ་རྒྱ་གར་ཤར་ཕྱོགས་འབར་མ་དང༌། ཐའི་ལནྜ། ཀམ་པོ་ཙེ་སོགས་སུ་བྲོས་ཕེབས་དགོས་བྱུང་བར་བརྟེན། ཁ་ཆེ་པཎ་ཆེན་སོགས་ཉུང་ཤས་ཤིག་རྒྱ་གར་བྱང་ཕྱོགས་བོད་དང་ཐག་ཉེ་བའི་བཻཌཱུརྱའི་ཚོང་འདུས་སུ་བྲོས་ཕེབས་ཏེ་དེར་ལོ་ངོ་གཅིག་ཙམ་བཞུགས་སྐབས་རབ་བྱུང་གསུམ་པའི་ཤིང་བྱི་ ༡༢༠༤ ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་གྲོ་མོ་བརྒྱུད་ནས་བོད་དུ་གདན་དྲངས། སྐབས་དེར་ཁ་ཆེ་པཎ་ཆེན་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་ཕེབས་ཤིང༌། མཉམ་དུ་ཕེབས་པའི་སློབ་མ་པཎྜི་ཏ་ཆུང་བ་ཡང་དགུ་ཙམ་ཡོད་ཅིང༌། ཁྲོ་ཕུ་ལོ་ཙཱ་བ་ནི་དགུང་ལོ་སུམ་ཅུ་སོ་གཉིས་ལས་མ་ཕེབས་པའི་སྐུ་གཞོན་ནུ་ཞིག་ཡིན་སྟབས་བཙུན་ཆུང་འདི་འདྲས་པཎྜི་ཏ་ཆེན་པོའི་ཆོས་གསུངས་པའི་ལོ་ཙཱ་བ་གོ་ཆོད་ཅིག་མི་ཡོང་བས་དེ་ལས་ཁོང་ལ་ཆོས་འགའ་ཞིག་གསུངས་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་དགོས་དགོངས། སྐབས་དེར་ལོ་ཙཱ་བས་སློབ་མ་པཎྜི་ཏ་རྣམས་ལ་སོ་སོས་མཁས་པར་བཞེད་པའི་གཞུང་གི་ནང་ནས་དཀའ་གནད་མང་པོ་ཕན་ཚུན་བགྲོ་གླེང་མཛད་པ་དེ་པཎ་ཆེན་གྱིས་ཞོར་ལ་གསན་པས་ཐུགས་ཧ་ལས་ཏེ། བོད་ལ་ལོ་ཙཱ་བ་གཞོན་ནུ་མཁས་པ་ཆེན་པོ་འདི་འདྲ་ཡོད་པ་ངོ་མཚར་ཆེ་གསུངས་ནས་བོད་དུ་ཕེབས། མངའ་རིས། གཙང༌། དབུས། ལྷོ་ཁ་སོགས་ས་གནས་མང་པོར་ཆོས་གསུངས་ཏེ་འབུལ་བ་དཔག་ཏུ་མེད་པ་བྱུང་བ་ཐམས་ཅད་ལོ་ཙཱ་བས་བྱམས་ཆེན་གྱི་སྐུ་བརྟེན་བཞེངས་པའི་ཆ་རྐྱེན་དུ་གནང༌། བོད་དུ་ལོ་བཅུའི་རིང་བཞུགས་ཏེ་ནང་བསྟན་ཆོས་ལུགས་ཀྱི་ཁྲིད་དང༌། ལག་ལེན། སོ་ཐར་གྱི་སྡོམ་རྒྱུན་བཅས་དར་སྤེལ་གནང་ཞིང༌། རབ་བྱུང་བཞི་པའི་མེ་ཡོས་ ༡༢༠༧ ལོར་ལྷོ་ཁ་ཐང་པོ་ཆེའི་དགོན་པར་བཞུགས་སྐབས་བོད་ཀྱི་ཟླ་བ་གསུམ་པའི་ཚེས་ལྔ་ཉིན་སངས་རྒྱས་འདས་ལོའི་བསྟན་རྩིས་མཛད་སྐབས། སངས་རྒྱས་མྱ་ངན་ལས་འདས་པའི་མེ་སྦྲུལ་ (སྤྱི་ལོའི་གོང་གི་ ༥༤༤) ལོ་ནས་གོང་ལོའི་བར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༡༧༥༠ དང་ཟླ་བ་གཉིས་དང་ཟླ་ཕྱེད་སོང་ཞེས་གསུངས་པ་དེ་དེང་སང་འཛམ་གླིང་ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་བསྟན་རྩིས་ཞེས་བརྗོད་སྲོལ་ཡོད་པ་དེ་ཡིན། བསྟན་རྩིས་དེ་མཛད་པའི་དུས་ཚོད་ནི་མཁས་དབང་འགའ་ཞིག་གིས་པཎ་ཆེན་བོད་དུ་ཕེབས་པའི་ཤིང་བྱི་ལོ་དེ་རང་ཡིན་པར་གསུངས་ཀྱང་། དེ་ལྟར་མིན་པར་དེ་ནས་ལོ་གསུམ་འདས་པ་རབ་བྱུང་བཞི་པའི་མེ་ཡོས་ ༡༢༠༧ ལོ་དེ་རང་ཡིན་ནོ།།

དགུང་ལོ་གྱ་བརྒྱད་པ་རབ་བྱུང་བཞི་པའི་ཤིང་ཁྱི་ ༡༢༡༤ ལོར་བོད་ནས་ཁ་ཆེའི་ཡུལ་དུ་ཕྱིར་ཕེབས་གནང་སྟེ། ཡུལ་དེར་བར་སྐབས་ནང་བསྟན་ཆོས་ལུགས་ཉམས་གུད་སོང་བ་རྣམས་སླར་གསོ་དང༌། ཅུང་ཟད་ཡོད་པ་རྣམས་དར་སྤེལ་མཛད་དེ་དགུང་ལོ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ་ ༡༢༢༥ ལོར་ཡུལ་དེར་མྱ་ངན་ལས་འདས། པཎ་ཆེན་འདིའི་ལོ་རྒྱུས་རྒྱས་པ་ཁ་བྱང་དུ་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ཞེས་དང༌། མཛད་བྱང་དུ་མངྒ་ལ་ཏི་ཥྛ་མ་ཁ་ཨརྱ་ཞེས་ (ས་སྐྱའི་འཇམ་དབྱངས་རིན་ཆེན་གྱི་སློབ་མ།) འཁོད་པ་དབུ་མེད་བྲིས་མ་དཔེ་རིང་ཤོག་གྲངས་ ༡༥ ཡོད་པ་ཞིག་དང༌། དེབ་ཐེར་སྔོན་པོ་ལྕགས་དཔར་མ་དེབ་གཉིས་པའི་ཤོག་གྲངས་ ༡༢༣༧ ནས་ ༡༢༤༧ བར། ཆོས་འབྱུང་མཁས་པའི་དགའ་སྟོན་ལྕགས་དཔར་མ་དེབ་དང་པོའི་ཤོག་གྲངས་ ༤༨༨ ནས་ ༥༠༣ བར་བཅས་ལ་གསལ་བ་དེ་རྣམས་ཕན་ཚུན་བསྡུར་ནས་གཟིགས་པར་ཞུ། ཞེས་གསལ་བར་ལྟར་རོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས4། ༼རྒྱུད་པ་པ་ལ།༽ དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། ཉི་ཟླ་འཛིན་པའི་རྩིས། རྒྱ་གར་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག་ཅེས་བྱ་བ། པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། ༼རྒྱུད་ཤ་པ་ལ།༽ སྒྲོལ་མའི་འཆི་ཁ་མའི་ཉམས་ལེན། དཔལ་ཆོས་ཀྱི་རྗེ་ས་སྟེང་ན་འགྲན་ཟླ་དང་བྲལ་བའི་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་བྱུང་བ། དཔྱལ་པདྨོ་ཅན་གྱི་འགྱུར། ༼རྒྱུད་ཟི་པ་ལ།༽ ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ། ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་དཔལ་ཆོས་ཀྱི་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁྲོ་ཕུ་བཟང་ལུང་དུ་འགྱུར། ༼རྒྱུད་ཅུ་པ་ལ།༽ མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག །ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། ༼རྒྱུད་ནུ་པ་ལ།༽ འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག །ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རབ་མཆོག་དཔལ་བཟང་པོའི་འགྱུར། དོན་ཡོད་ཞགས་པའི་གཏོར་མའི་ཆོ་ག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རབ་མཆོག་དཔལ་བཟང་པོའི་འགྱུར། གསོ་སྦྱོང་བླང་བ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རབ་མཆོག་དཔལ་བཟང་པོའི་འགྱུར། འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རབ་མཆོག་དཔལ་བཟང་པོའི་འགྱུར། ༼རྒྱུད་མུ་པ་ལ།༽ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། བླ་མ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲའི་རང་འགྱུར། ༼རྒྱུད་ཚུ་པ་ལ།༽ མཎྜལ་གྱི་ཆོ་ག །ཁ་ཆེ་པཎ་ཆེན་གྱིས་མཛད་པ། གནུབས་བྱམས་པའི་དཔལ་གྱི་འགྱུར། ༼དབུ་མ་གི་པ་ལ།༽ བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ། ཁ་ཆེ་ཤཱཀྱ་ཤྲཱི་བཟང་པོས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་རྒྱང་རོས་ལུའི་གཙུག་ལག་ཁང་དུ་བསྒྱུར་བ། འདི་ལ་ཆག་ཆོས་རྗེ་དཔལ་གྱི་འགྱུར་བ་གཅིག་ཀྱང་ཡོད་མོད་ཀྱི་འདི་དང་གཅིག་ཏུ་འདུག་པས་མ་བྲིས། ཞེས་སོགས་དང་། སྒྱུར་གཞུང་ལ་མཚོན་ནའང་། ༼རྒྱུད་ག་པ་ལ།༽ རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་ཞེས་བྱ་བ། དཔལ་ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོས་མཛད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོས་བཀྲ་ཤིས་གསེར་སྡིངས་ཀྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད་དོ། །དེ་ལ་སླར་ཡང་དཔང་ལོ་ཙཱ་བ་ཆེན་པོ་བློ་གྲོས་བརྟན་པས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ་སོགས་མང་དུ་བཞུགས་སོ།། །།

1 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༢༣༠

2 དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༨༤

3 དེབ་ཐེར་སྔོན་པོ། གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༢༣༧

4 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༠

Leave a Reply

Your email address will not be published. Required fields are marked *