༢༽ པཎྜི་ཏ་ཟླ་བ་མགོན་པོ།

པཎྜི་ཏ་ཟླ་བ་མགོན་པོ་ནི། ཡོངས་གྲགས་ཀྱི་མཚན་ལ་ཁ་ཆེ་ཟླ་བ་མགོན་པོ་སྟེ། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས1 ཁ་ཆེ་ཟླ་མགོན་ནི་ཁ་ཆེར་བྲམ་ཟེ་བཟང་པོའི་ཞབས་ཞེས་ཀྱང་བྱ། སཱུརྻ་ཀེ་ཏུ་ཞེས་ཀྱང་བྱ་བ་མཁས་པའི་ཕུལ་དུ་ཕྱིན་པ་དེས། རང་གི་འཁོར་པཎྜི་ཏ་སོ་ན་ས་ནི་དང་། ལཀྵྨི་ཀ་ར། དཱ་ན་ཤྲཱི། ཙནྟྲ་རཱ་ཧུ་ལ། སོ་མ་ནཱ་ཐ་ལ་སོགས་པ་ལ་ཆོས་གསུང་ཞིང་བཞུགས་པའི་ཚེ། པཎྜི་ཏ་འདུལ་བ་འབྱུང་གནས་བློ་གྲོས་ཀྱིས་དབང་མདོར་བསྟན། དབང་རབ་བྱེད་ཀྱི་དཔེ་བསྐུར་བས་གཟིགས་ཏེ་ངོ་མཚར། དེ་ལས་ཟླ་མགོན་མཆོག་ཏུ་དད་པ་སྐྱེས་ནས་དེར་ཆོས་ཉན་འཕྲོ་བཅད་དེ་དབུས་སུ་བྱོན། དུས་ཞབས་ཆུང་བ་དཔལ་ནཱ་ལེནྡྲ་པ་དང་མཇལ་ནས་དུས་ཀྱི་འཁོར་ལོ་མཁས་པར་བསླབས་སོ། །ཞེས་བྱུང་ངོ་།།

དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལས2། དུས་འཁོར་ཞབས་ཆུང་བའི་དུས་སུ། ཁ་ཆེར་བྲམ་ཟེ་ཞིག་གི་བུ་ཟླ་མགོན་ཞེས་བྱ་བ་བློ་ཤིན་ཏུ་རྣོ་བ་ཞིག་བྱུང་བས། ཡབ་མུ་སྟེགས་བྱེད་ཀྱི་ཆོས་རྣམས་ལོ་བཅུ་གཉིས་ལ་ཤེས། ཡུམ་སངས་རྒྱས་པ་ཡིན་པས། ངའི་ཆོས་སློབ་དགོས་ཟེར་ནས། ཁ་ཆེར་བྲམ་ཟེ་ཞབས་ཞེས་བྱ་བའི་པཎྜི་ཏ་ལ་ཉན་དུ་བཅུག་པས། ཟླ་མགོན་དེ་གཟུགས་མཛེས་པར་ཡོད་པས་པཎྜི་ཏའི་སྲས་མོ་ན་རེ། དེ་དང་ལྷན་ཅིག་འགྲོགས་ན་ཆོས་བཤད་ཟེར། དེ་ལྟར་ཁས་བླངས་ནས་ནང་པའི་ཆོས་མང་པོ་གསན། དེ་ནས་དབང་མདོར་བསྟན་གྱི་དཔེ་གཟིགས་པས། ཤིན་ཏུ་མོས་ཏེ་མ་ག་དྷར་ཕེབས་པ་དང༌། དུས་འཁོར་བ་ཡབ་སྲས་དང་མཇལ། བྱང་ཆུབ་སེམས་དཔའི་ཆོས་སྐོར་རྣམས་ཞུས་སོ། །མཁས་པ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པས་ཟླ་མགོན་མ་ཐུབ། རིན་ཆེན་རྡོ་རྗེ་ན་རེ། ང་ལ་སློབ་མ་མི་དད་པར་འོང་གཞན་དུ་བྱོན་གསུངས། དེ་ནས་ཆོས་འདི་བོད་དུ་སྤེལ་དགོངས་ཏེ་བོད་དུ་བྱོན། ཁ་རག་གཉོས་ལ་བབ། འགྲེལ་པ་དྲི་མེད་འོད་བསྒྱུར། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜི་ཏ་མ་མགུ་བར་འགྲེལ་བ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་རྣམས་བསྣམས་ཏེ་འཕན་ཡུལ་གྲབ་ཏུ་བྱོན། ཞང་པོ་ཆུང་བས་བླ་མར་བཟུང༌། འབྲོས་ལོ་ཙཱ་བ་བྱས་ནས་ཡོངས་སུ་རྫོགས་པ་བསྒྱུར། ཞེས་པཎྜི་ཏ་དེའི་དུས་རབས་ནི། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་ལོ་རྩིས་བགྱིས་པའི་དུས་དང་སྦྱར་ན། ཕྱི་ལོ་བརྒྱ་ཕྲག་བཅུ་པའི་སྨད་དང༌། བཅུ་གཅིག་པའི་ནང་དུ་བྱོན་པར་སྣང་ངོ༌།།

དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ ( 1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས3 ཁ་ཆེན་པཎ་ཆེན་ཟླ་བ་མགོན་པོ་ནི། རྒྱ་གར་གྱི་པཎ་ཆེན་ནཱ་རོ་པའི་སློབ་མ་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱིས་གསང་བ་འདུས་པའི་སྐོར་གསན་སའི་བླ་མ་དེ་ཡིན་ཞིང༌། བོད་དུ་བྱོན་ནས་གྲྭ་པ་མངོན་ཤེས་དང༌། ལྕེ་གྲལ་སྒང་པ་གཉིས་ལ་དུས་འཁོར་གྱི་སྐོར་གསུང་མཁན་དེ་ཡིན། ཚིགས་བཅད་ཚིག་རྐང་བཅུ་དྲུག་ལན་གཅིག་གཟིགས་པ་ཙམ་གྱིས་བློ་ལ་འཛིན་ནུས་པའི་མཁྱེན་རབ་ཀྱི་རྩལ་ཕུན་སུམ་ཚོགས་པ་མངའ་ཞིང༌། ཁམས་འཛག་མེད་དུ་འཆིང་ནུས་པའི་རྟོགས་པའི་ཡོན་ཏན་དང་ལྡན་ཞིང༌། བོད་དུ་དུས་འཁོར་ཙམ་མ་ཟད། དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་བཤད་པ་ཡང་མཛད། བོད་སྐད་བྱང་ཆུབ་པར་མཁྱེན་པས་དོན་དམ་བསྙེན་པ་དང་། དུས་ཀྱི་འཁོར་ལོའི་དབང་མདོར་བསྟན་གྱི་འགྲེལ་པ་གཉིས་ཀྱང་རང་འགྱུར་མཛད་པ་བསྟན་འགྱུར་སྡེ་དགེ་དཔར་མའི་རྒྱུད་ ༼ཐ༽ དང་ ༼ན༽ གཉིས་སུ་བཞུགས་ཡོད། ལོ་རྒྱུས་འདི་དེབ་སྔོན་ལྕགས་དཔར་མའི་དེབ་གཉིས་པའི་ཤོག་གྲངས་ ༨༩༩ པར་གསལ་བ་ནས་དྲངས། ཞེས་བྱུང་ངོ་།།

དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐཪ་ཁག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ལས་རབ་ཏུ་བྱུང་བར་གསལ་བས། ཁ་ཆེ་ཟླ་བ་མགོན་པོ་ལས་གཞན་པའི་པཎྜི་ཏ་ཟླ་བ་མགོན་པོའི་མཚན་ཅན་ཞིག་གི་རྣམ་ཐར་མ་རྙེད་ལ། ཁ་ཆེ་ཟླ་མགོན་པོས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་པའི་རྣམ་ཐར་དུ་གསལ་ཁ་ཡང་མི་བྱུང་ཞིང་། ལྷག་པར་བོད་དུ་དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་སོགས་ཀྱི་བཤད་པ་མཛད་ཚུལ་གསལ་ལ། ཁ་ཆེ་ཟླ་བ་མགོན་པོ་ནི་འགོས་ལྷས་བཙས་ཀྱི་བླ་མ་ཡིན་པ་དང་། རྒྱལ་སྲས་ནཱ་ལེནྡྲའི་སློབ་མ་ཡང་ཡིན་ཚུལ་གསལ་བས་དཔྱད་དགོས་པར་སྣང་ངོ་།།

1 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༢༢༩

2 རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས། བུ་སྟོན་གསུང་འབུམ། ༼ད༽ དཔེ་རིང་ཤོག་གྲངས་ ༣༠བ༥

3 དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༨༦

Leave a Reply

Your email address will not be published. Required fields are marked *