༢༠༽ ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ།

གསུམ་པ། ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས1

རྒྱལ་རིགས་ཉི་མའི་ཟེར་ལ་གཤེགས། །རིལ་བུ་མིག་སྨན་ས་འོག་སྤྱོད། །

ངག་གི་དབང་ཕྱུག་ཅེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྲུབ་ཆེན་ངག་གི་དབང་ཕྱུག་གྲགས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས2། ཡུལ་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས། རིགས་ནི་རྒྱལ་རིགས་ཡིན། དགེ་འདུན་ཕལ་ཆེན་པའི་སྡེ་པ་ལས་རབ་ཏུ་བྱུང༌། ས་བཏགས་པའི་མཚན་ནི་ཤཱི་ལ་ཀཱིརྟི་ཞེས་བྱའོ། །སྒྲ་ཚད་དང་གཞུང་ལུགས་ཀྱང་མང་པོ་མཁྱེན་པའི་པཎྜི་ཏ་གཅིག་ཏུ་སོང་བའི་དུས། ཀོངྐ་ན་རྒྱལ་པོ་བཟང་པོའི་རྗེས་འབྲང་ཧ་ས་བཛྲ་ཞེས་བྱ་བ་ཞིག་ལས་འཁོར་ལོ་སྡོམ་པ་ཞུས་ཏེ། མ་ག་དྷའི་ཕྱོགས་ཤིག་ཏུ་སྒྲུབ་པ་མཛད་པས་མནལ་ལམ་དུ་ཞལ་གཟིགས། ངག་གི་དབང་ཕྱུག་གི་དངོས་གྲུབ་བསྒྲུབ་ན་གྲུབ་བམ་མི་འགྲུབ་བརྟགས་པས་ཀྱང་འགྲུབ་པར་མཁྱེན། གངྒཱའི་འགྲམ་དུ་བསྒྲུབས་པས། ཤིང་ཀ་ར་ཝི་རའི་མེ་ཏོག་དམར་པོ་སྒྲ་དང་འོད་འབྱིན་པ་དེ་གངྒཱ་ལ་འཕངས། དཔག་ཚད་མང་པོར་ཡུད་ཀྱིས་ཁྱེར་ནས་སླར་ཡང་གྱེན་དུ་ལྡོག་པས། དེ་ཉིད་དུ་ཆུ་དང་བཅས་པ་གསོལ་བས་ངག་གི་དབང་ཕྱུག་ཆེན་པོ་གྲུབ་སྟེ། ཉི་མ་རེ་རེར་ཚིགས་སུ་བཅད་པ་སྟོང་ཕྲག་རེ་རེའི་ཚད་ཀྱི་གཞུང་གི་ཚིག་དོན་མ་ལུས་པ་མཁྱེན་པར་ནུས་པའི་བློ་གྲོས་བྱུང་བས། ངག་གི་དབང་ཕྱུག་གྲགས་པ་ཅེས་མཚན་གསོལ་ཏོ།།

མདོ་སྔགས་རིག་པའི་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར་པ། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པ། ཁྱད་པར་འཕགས་མ་སྒྲོལ་མ་རྟག་པར་ཞལ་གཟིགས་ཤིང༌། ཐེ་ཚོམ་གཅོད་པ་བྱུང༌། དེར་ཡུལ་སྣ་ཚོགས་སུ་བྱོན་ཏེ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་གཅོད་པའི་བློ་གྲོས་ཅན་དུ་གྱུར་ནས། སྙན་གྲགས་ཆེ་བར་ཡོད་པ་ལ། རྒྱལ་པོས་སྤྱན་དྲངས་ཏེ་ནཱ་ལེནྡྲ་དང༌། བི་ཀྲ་མ་ཤཱི་ལའི་ནུབ་ཀྱི་སྒོ་བར་བསྐོས་ཤིང༌། ཚོགས་ཀྱི་བདག་པོ་ལས་ནོར་བླངས་ཏེ། དུས་རྟག་ཏུ་ལྷ་ཁང་དང་དགེ་འདུན་མང་པོ་ལ་མཆོད་པར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གཞི་བརྒྱད། གསང་བ་འདུས་པ་འཆད་པའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞི་མཱ་ཡཱ་འཆད་པའི་ཆོས་གཞི་རེ་རེ། དབུ་ཚད་ཀྱི་ཆོས་གཞི་ཐོར་བུ་དང་བཅས་པ་ཆོས་གྲྭ་མང་དུ་བཙུགས། བཅུད་ལེན་མང་པོ་བསྒྲུབས་པར་མཛད་དེ་གཞན་ལ་བྱིན་པས། ལོ་བརྒྱ་ལྔ་བཅུ་སོགས་སུ་ཐུབ་ཅིང་རྒན་པོ་ཡང་གཞོན་ནུར་བསྒྱུར་བ་ལ་སོགས་པས་རབ་ཏུ་བྱུང་བ་དང༌། ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། རིགས་ཚོགས་དང༌། ཕར་ཕྱིན་དང༌། མདོ་སྡེ་རྒྱན་དང༌། གསང་འདུས། དགྱེས་རྡོར། གཤིན་རྗེ་གཤེད། ལངྐར་གཤེགས་པ་ལ་སོགས་མདོ་སྡེ་འགའ་ཞིག་དང་བཅས་པ་དུས་རྟག་ཏུ་གསུངས། གཞན་ཆོས་མང་དུ་བཤད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་བློ་ཤིན་ཏུ་རྣོ་བས། ནུབ་ཕྱོགས་ནས་འོངས་པའི་རྒོལ་བ་སུམ་བརྒྱ་སུན་ཕྱུང༌། བུམ་ཆུ་ལ་དམིགས་པ་གཏད་ན་དེ་མ་ཐག་ཁོལ་བ་དང༌། སྐུ་གཟུགས་ལ་ཡེ་ཤེ་ཕབ་པ་ན་འཕར་གཡོ་འབྱུང་བ་དང༌། ལན་གཅིག་རྒྱལ་པོའི་དོན་དུ་དཀྱིལ་འཁོར་བཞེངས་པ་གཅིག་ལ། དཀྱིལ་འཁོར་གྱི་ཐད་རང་དུ་ཤྭ་བརྡོལ་བྱུང་བ། དམིགས་པས་སྲུང་འཁོར་མཛད་པའི་མཚམས་ནས་ལོག །དེ་ལྟ་བུ་ལ་སོགས་པ་ངོ་མཚར་གྱི་ལྟས་ཐོར་བུ་བ་ཤིན་ཏུ་མང་པོ་ཞིག་མངའ།

ལན་གཅིག་དགེ་སློང་ཨ་ཝ་དྷུ་ཏི་པ་ཞེས་བྱ་བ་ཞིག་དང་ཆོས་ཀྱི་བགྲོ་གླེང་མཛད་པས། དེས་དབྱིན་གཉེན་གྱི་ལུང་དྲངས། དེ་ལ་ཀྱལ་ཀའི་ཚུལ་གྱིས་དབྱིག་གཉེན་གཞུང་ལ་ཟུར་ཟ་བའི་ཚིག་གིས་བརྙས་མཛད་པས། དེ་ནུབ་ཁོ་ན་ལ་ལྗགས་སྐྲངས་པས་ཆོས་གསུང་མ་ཐུབ། ཚུལ་དེས་ཟླ་བ་འགའ་སྙུང་ནས་སྒྲོལ་མ་ལ་ཞུས་པས་སློབ་དཔོན་དབྱིག་གཉེན་ལ་ཚིག་གིས་བརྙས་པ་བྱས་པའི་ཉེས་པ་ཡིན། སློབ་དཔོན་དེ་ཉིད་ལ་བསྟོད་པ་གྱིས་གསུངས་པ་བཞིན་བསྟོད་པ་བརྩམས་མ་ཐག་ཏུ་སྙུང་བ་དྭངས། དེ་ལྟར་བི་ཀྲ་མ་ལ་ཤཱི་ལར་ལོ་མང་པོའི་བར་དུ་འགྲོ་དོན་མཛད།

སྐུ་ཚེའི་སྨད་ཙམ་ན་བལ་པོའི་ཡུལ་དུ་ཕེབས། གཙོ་བོར་སྒྲུབ་པ་ལ་གཞོལ་ཅིང་སྔགས་ཀྱི་ཐེག་པ་ཅུང་ཟད་གསུངས། གཞན་ཆོས་ཆེར་མི་སྟོན། བཙུན་མོ་མང་པོའང་མངའ་བས། སྐྱེ་བོ་ཕལ་ཆེར་གྱིས་བསླབ་པ་མ་ཐུབ་པ་ཡིན་ཏེ་འོང་བསམ་པ་ལས་མེད། ལན་གཅིག་རྒྱལ་པོས་ཤནྟ་པུ་རིར་3འཁོར་ལོ་སྡོམ་པའི་ལྷ་ཁང་ཞིག་བཞེངས། དེའི་རབ་གནས་ཀྱི་མཐར་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཞིག་བྱ་བར་འདོད་ནས། ལྷ་ཁང་གི་ཕྱི་རོལ་ཏུ་སྔགས་པ་མང་པོ་དག་བསགས། ཚོགས་དཔོན་ལ་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བཏང༌། སློབ་དཔོན་གྱི་སྤྱིལ་བུའི་འགག་ན། བུད་མེད་སྒེག་མོ་ཞིག་དང༌། བུ་མོ་མདོག་ནག་པོ་ཁྲོ་གཏུམ་ཆེ་བ་ཞིག་འདུག །སློབ་དཔོན་གང་ན་བཞུགས་བྱས་པས། ནང་ན་ཡོད་ཟེར། དེས་ནང་དུ་ཕྱིན། རྒྱལ་པོའི་ཚོགས་ཀྱི་འཁོར་ལོའི་དཔོན་དུ་འབྱོན་པར་ཞུ་བྱས་པས། ཁྱོད་ཉིད་མགྱོགས་པར་སོང༌། ང་ཡང་ད་ལྟ་འོང་གསུངས། དེས་མགྱོགས་པར་ཕྱིན་ཙ་ན། ཤནྟ་པུ་རི་དང་ཉེ་བའི་ལམ་གྱི་བཞི་མདོ་ཞིག་ན། སློབ་དཔོན་བཙུན་མོ་གཉིས་དང་བཅས་སྔར་བྱོན་ཏེ། ཁྱོད་མ་བྱུང་བས་ཡུན་རིང་དུ་བསྒུགས་པ་ཡིན་གསུངས། རབ་གནས་དངོས་ཀྱི་ཚོགས་ཀྱི་འཁོར་རྒྱས་པ་དེ་གྱེས་ཟིན་པའི་རྗེས་སུ། ལྷ་ཁང་གི་ནང་དུ་སློབ་དཔོན་ཡབ་ཡུམ་གསུམ་བཞུགས། ཚོགས་རྫས་མི་དྲུག་ཅུ་ལྷག་ཅིག་གི་སྐལ་བ་བླངས་ཏེ་སོང་བས། རྒྱལ་པོས་བསམ་པ། ནང་ན་མི་གསུམ་ལས་མེད། ཚོགས་རྫས་འདི་ཙམ་དགོས་པ་ཅི་ཡིན་སྙམ་སྟེ། སྒོ་གསེང་ནས་བལྟས་པས། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་ནས། ཚོགས་རྫས་ལ་ལོངས་སྤྱོད་པ་མཐོང་སྟེ། དེ་ཉིད་དུ་སློབ་དཔོན་འཇའ་ལུས་སུ་གྱུར་ནས་བཞུགས་པ་ཡིན་ལ། ད་ལྟ་ཡང་གནས་དེ་ན་བཞུགས་སོ་ཞེས་གྲགས། བོད་ཀྱི་ལོ་རྒྱུས་ཚོ་ན། ལྷོ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ་དང༌། ནུབ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་ཟེར་བ་གདའ་ན་ཡང༌། འདིར་རྒྱ་གར་གྱི་ཡིག་ཆ་གསུམ་གུང་མཐུན་པ་ལྟར་བཀོད་དོ། །ཞེས་བྱུང་ལ་དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ངོ༌།།

དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས4 ནུབ་སྒོ་སྲུང་བ་སློབ་དཔོན་ངག་དབང་གྲགས་པ་ནི། མདོ་སྔགས་རིག་གནས་མཐའ་དག་ལ་མཁས་ཤིང༌། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་ཞལ་གཟིགས། ཉི་མ་རེར་ཚིགས་བཅད་སྟོང་རེ་རེའི་ཚད་ཀྱི་གཞུང་གི་ཚིག་བློ་ལ་འཛིན་ནུས་ཤིང༌། དོན་ཀུན་མཁྱེན་པའི་ངག་གི་དབང་ཕྱུག་ཆེན་པོར་གྲུབ་པས། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད། སྒྲོལ་མ་རྟག་པར་ཞལ་གཟིགས་ཤིང༌། ཐེ་ཚོམ་གཅོད། ཡུལ་སྣ་ཚོགས་སུ་བྱོན་པ་ནས་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད་ཅིང༌། ནུབ་ཕྱོགས་ཁོ་ན་ནས་འོངས་པའི་རྒོལ་བ་སུམ་བརྒྱ་ཙམ་སུན་ཕྱུང༌། ཚོགས་བདག་ལས་ནོར་བླངས་ནས་དགེ་འདུན་མང་པོ་ལ་མཆོད། ཤེར་ཕྱིན་འཆད་པའི་ཆོས་གཞི་བརྒྱ། འདུལ་བའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞིའི་ཆོས་གཞི་རེ་རེ། དབུ་ཚད་ཀྱི་ཆོས་གཞི་ཐོར་བུ་མང་པོ་བཙུགས། བཅུད་ལེན་གྱི་དངོས་གྲུབ་གྲུབ་ནས་གཞན་ལ་གནང་། རྒན་པོའི་ལུས་གཞོན་ལུས་སུ་བསྒྱུར། རབ་བྱུང་དང་ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། མདོ་སྔགས་ཀྱི་ཆོས་མང་པོ་བཤད། མཐར་སྒྱུ་ལུས་གྲུབ་སྟེ་ད་ལྟ་ཡང་བཞུགས་སོ། །བོད་ཀྱི་ལོ་རྒྱུས་འགར་ལྷོ་སྒོ་སྲུང་བ་ཞེས་གྲགས་ནའང་། འདིར་ནུབ་སྒོ་སྲུང་བའི་ལུགས་ལྟར་རོ། །ཞེས་གསུངས་སོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས5། ༼རྒྱུད་ཤ་པ་ལ།༽ འཆི་བ་བསླུ་བའི་མན་ངག་ཅེས་བྱ་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཤློ་ཀ་སུམ་བརྒྱ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་ཕྱི་ནང་གི་རྒྱུད་དུ་མ་དང་འབྲེལ་ཡང༌། ཁྱད་པར་མ་རྒྱུད་རྡོ་རྗེ་མཁའ་འགྲོ་དང༌། གདན་བཞི་དང་འབྲེལ་བར་སྣང་བས་འདིར་བཀོད་དོ། །༼རྒྱུད་པི་པ་ལ།༽ འདུས་པའི་དབང་བསྐུར་བ་མདོར་བསྡུས་པ། པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས་མཛད་པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཡན་ལག་བདུན་པ་ཤློ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་ཀྱིས་བསྒྱུར་བ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་བྱས་པ། འདི་གསུམ་གསང་འདུས་ཀྱི་ཆོས་སྐོར་ཡིན་ཡང་ཡེ་ཤེས་ཞབས་ལུགས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མི་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཡེ་ཤེས་ཞབས་ལུགས་ཀྱི་སྐོར་དུ་བྲིས་འདུག་པས་བྲིས་སོ། །༼རྒྱུད་པུ་པ་ལ།༽ རབ་གནས་ཀྱི་ཆོ་ག །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིའི་འགྱུར། ༼རྒྱུད་མུ་པ་ལ༽ དཔལ་སྒྲོལ་མ་དཀར་མོ་འཆི་བ་བསླུ་བའི་སྒྲུབ་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར་སོགས་བཞུགས་སོ།།

1 གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༧ན༥

2 རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༨༣

3 བལ་ཡུལ་གྲོང་ཁྱེར་ལྔ་སྟེ། ༡. ཤནྟ་པུ་རི། (ཞི་བའི་གྲོང་) . བ་སུ་པུ་རི། (ནོར་གྱི་གྲོང་) . ཨ་གྞི་པུ་རི། (མེའི་གྲོང་) . ནཱ་ག་པུ་རི། (ཀླུའི་གྲོང་) . བཱ་ཡུ་པུ་རི། (རླུང་གི་གྲོང་) བཅས་ལྔའི་ནང་ཚན་ཞིག་དང་། ཤནྟ་པུ་རི་ནི་བལ་ཡུལ་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་གནས་ཤིག་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གནས་འདིའི་ལོ་རྒྱུས་ཟུར་ཙམ་གསུངས་འདུག་པ་དེར་གཟིགས།

4 ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༧

5 སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༣

Leave a Reply

Your email address will not be published. Required fields are marked *